ཀྲུང་གོ་བོད་ཀྱི་དྲ་བ།

ས་ཡོམ་ཉེན་བརྡ་འབྱོར་རྗེས་ཉེན་ཁ་ལས་ཅི་ལྟར་གཡོལ་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་ཡོམ་བྱུང་རྗེས། གྲོང་མི་མི་ཉུང་བ་ཞིག་གི་ཁ་པར་དུ་ས་ཡོམ་གྱི་འཕྲེད་རླབས་སླེབས་པའི་དུས་ཚོད་དང་། ཡོམ་ལྟེའི་བར་ཐག་གི་ཉེན་བརྡའི་དྲན་སྐུལ་འབྱོར་ཡོད། ཅིའི་ཕྱིར་ས་ཡོམ་གྱི་ཉེན་བརྡ་འབྱོར་བ་ཡིན་ནམ། ཉེན་བརྡ་འབྱོར་རྗེས་ཅི་ལྟར་བྱེད་དགོས་སམ།

ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ས་ཡོམ་ཉེན་བརྡ་ནི་ས་ཡོམ་སྔོན་བརྡ་མ་ཡིན་པར་ཉེན་བརྡ་ཡིན། ཉེན་བརྡའི་ཆ་འཕྲིན་འབྱོར་རྗེས། ས་ཡོམ་བརྒྱབ་ཟིན་པ་བསྟན་ཡོད། དེས་ས་ཡོམ་བྱུང་རྗེས་གཏོར་བརླག་རང་བཞིན་གྱི་ས་ཡོམ་རླབས་མ་སླེབས་པའི་ས་ཁུལ་ལ་མགྱོགས་མྱུར་ངང་ཉེན་གཡོལ་ཉེན་བརྡ་གཏོང་བ་ཡིན་ལ། སྤྱིར་བཏང་སྐར་ཆ་ཁ་ཤས་ནས་སྐར་ཆ་བཅུ་ལྷག་གི་དུས་ཚོད་ནང་། སྤྱི་དམངས་ལ་བྲེལ་མྱུར་ཐག་གཅོད་དང་། ཉེན་གཡོལ་དུས་ཚོད་བརྩོན་ལེན་བྱས་པ་ཞིག་རེད།

ཀྲུང་གོ་ས་ཡོམ་ཅུའུ་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་མུན་ཐན་གྱིས། འདི་ནི་རང་རྒྱལ་གྱི་ས་ཡོམ་ཉེན་བརྡའི་མ་ལག་འཛུགས་སྐྲུན་ལས་ཐོབ་པའི་ཕན་པ་ཞིག་ཡིན་ལ། ས་ཡོམ་ཉེན་བརྡ་མ་ལག་བེད་སྤྱོད་ཀྱི་གཞུང་ལུགས་ནི། ས་ཡོམ་འབྱུང་མང་བའི་ས་ཁུལ་གྱི་ཚགས་དམ་པའི་འཕྲིན་དྲ་བརྒྱུད། ས་ཡོམ་བྱུང་མ་ཐག་ཚགས་དམ་པའི་འཕྲིན་དྲ་འདི་དག་བེད་སྤྱད་དེ། དུས་ཡུན་ཅུང་ཐུང་བའི་ནང་ས་ཡོམ་གྱི་ཆེ་ཆུང་དང་ས་གནས་གཏན་འཁེལ་བྱེད་ཐུབ་པ་དང་། དེའི་ཤུགས་རྐྱེན་གྱི་དྲག་ཚད་རིགས་འདེད་བྱེད་ཐུབ་ལ། ས་ཁུལ་མི་འདྲ་བའི་དྲག་ཚད་ཀྱང་རིགས་འདེད་བྱེད་ཐུབ་པས། གློག་སྡུད་རླབས་ལ་བརྟེན་ནས་དུས་ཚོད་ཐུང་ཐུང་ནང་ས་ཁུལ་ཁག་ཏུ་ཉེན་བརྡ་གཏོང་ཐུབ་པ་རེད། འདི་ལྟ་བུའི་ཉེན་བརྡའི་དུས་ཚོད་ལ་སྤྱིར་སྐར་ཆ་ཁ་ཤས་དང་། སྐར་ཆ་བཅུ་ལྷག ཐ་ན་སྐར་ཆ20ཡི་ཡན་ཡང་ཡོད་ཅེས་བསྟན།

ས་ཁུལ་མི་འདྲ་བ་རུ་འབྱོར་བའི་ཉེན་བརྡའི་ནང་དོན་མི་འདྲ་བ་ཡིན་ནམ།

ཚེས6ཉིན་གྱི་ཐོ་རེངས་སུ་ས་ཡོམ་བྱུང་རྗེས། གྲོང་མི་མི་ཉུང་བ་ཞིག་ལ་ཉེན་བརྡའི་ཆ་འཕྲིན་འབྱོར་ཡོད་མོད། འོན་ཀྱང་ས་ཁུལ་མི་འདྲ་བའི་གྲོང་མིའི་ཉེན་བརྡའི་ནང་དོན་ཡང་མི་འདྲ་བ་དང་། ལྷག་པར་དུ་ས་ཡོམ་གྱི་འཕྲེད་རླབས་སླེབས་པའི་དུས་ཚོད་དང་། ཡོམ་ལྟེའི་བར་ཐག་མི་འདྲ།

ཀྲུང་གོ་ས་ཡོམ་ཅུའུ་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་མུན་ཐན་གྱིས། མིག་སྔའི་ཉེན་བརྡའི་མ་ལག་གི་གཞུང་ལུགས་དང་། ས་ཡོམ་རླབས་བརྒྱུད་སྤེལ་གྱི་འགྲོས་ཚད་དང་དེའི་ཤུགས་རྐྱེན་ཁྱབ་ཁོངས་ནས་བལྟས་ན། ཉེན་བརྡ་འདི་རིགས་ཀྱི་དུས་ཚོད་རིང་ཐུང་ལའང་ཚད་བཀག་ཡོད་ཅེས་བསྟན།

ས་ཡོམ་ཉེན་བརྡའི་ཆ་འཕྲིན་འབྱོར་རྗེས་ཅི་ལྟར་ཉེན་ཁ་ལས་གཡོལ་དགོས་སམ།

ས་ཡོམ་ཉེན་བརྡའི་ཆ་འཕྲིན་གྱིས་ས་ཡོམ་བྱུང་རྗེས་མི་རྣམས་ལ་སྐར་ཆ་ཁ་ཤས་སམ་སྐར་ཆ་བཅུ་ལྷག་གི་ཉེན་གཡོལ་དུས་ཚོད་བརྩོན་ལེན་བྱེད་ཐུབ། དུས་ཚོད་ཐུང་ཐུང་ནང་ཅི་ལྟར་བྱེད་དགོས་སམ། ཐོག་མར་ས་ཡོམ་བྱུང་རྗེས། ཉི་ཁྱམས་དང་གློག་སྐས་ཁང་། སྒེའུ་ཁུང་གི་ཉེ་འགྲམ་བཅས་ཚང་མ་ཧ་ཅང་ཉེན་ཁ་ཆེ་བས། ངེས་པར་དེ་དག་དང་རྒྱང་དུ་གྱེས་དགོས།

གལ་ཏེ་ཁྱེད་རང་ཁང་བའི་ཕྱི་རོལ་དུ་ཡོད་ན། མགྱོགས་མྱུར་ངང་འཛུགས་སྐྲུན་དང་ཁ་བྲལ་ནས། ཕྱི་རོལ་ཡུལ་གྱི་ཁོད་ཡངས་ས་རུ་འགྲོ་དགོས། གལ་ཏེ་ཐོག་ཁང་མཐོ་དྲགས་པའམ་དུས་ཚོད་ཧ་ཅང་ཐུང་བས་ཁང་བའི་ཕྱི་རོལ་དུ་འགྲོ་ཁོམ་མེད་སྐབས། ངེས་པར་དུ་དུས་ཐོག་ཏུ་སྔས་གདན་དང་སྔས་མགོ་བཟུང་ནས་མགོ་ལ་སྲུང་སྐྱོབ་བྱེད་པ་དང་། ལུས་པོ་སྒུར་ནས་ལྗིད་ལྟེ་དམའ་རུ་གཏོང་བ། བར་སྟོང་ཆུང་ཞིང་ལྗིད་འདེགས་གྱང་ཡོད་པའི་ཁང་མིག་ཏུ་སོང་ནས་སྲ་བརྟན་གྱི་དངོས་པོ་དམ་པོར་བཟུང་ནས་འགུལ་སྐྱོམ་སྔོན་འགོག་བྱེད་དགོས། ཡོམ་ཚོར་མཇུག་སྒྲིལ་རྗེས་ད་གཟོད་ཕྱི་རོལ་དུ་འབྲོ་དགོས།

གལ་ཏེ་ཁྱེད་རང་ཕྱི་རོལ་དུ་ཡོད་ནའང་ཉེན་ཁ་ཅི་ཡང་མེད་པ་མ་ཡིན་ཏེ། སྐབས་དེར་ཕྱོགས་བཞིའི་ཁོར་ཡུག་ལ་རྟོག་ཞིབ་བྱེད་དགོས་པ་དང་། ཐོག་ཁང་དང་ལངས་གཟུགས་ཟམ་པ། བརྡ་ཁྱབ་བྱང་བུ་སོགས་འཛུགས་སྐྲུན་ཆེན་པོ་སོགས་དང་རྒྱང་དུ་གྱེས་དགོས་པ་དང་ཆབས་ཅིག མཐོ་གནོན་གློག་སྐུད་དང་གློག་སྐུད་ཀ་བ་སོགས་ལ་སེམས་ཆུང་བྱས་ནས། ཐག་ཉེ་ས་ནས་ཁོངས་ཡངས་ས་ཁུལ་ཞིག་གདམས་ནས་ཉེན་ཁར་གཡོལ་དགོས།   །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།