ཀྲུང་གོ་བོད་ཀྱི་དྲ་བ།

མཚན་བརྒལ་ན་གཅིན་སྙི་ཟ་ཁུའི་ནད་དང་ཤ་རྒྱགས་པའི་ཉེན་ཁ་ཇེ་ཆེར་འགྲོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། མཚན་བརྒལ་དང་མཚན་ལས་བྱས་ན་མིའི་ལུས་སྟེང་གི་ཁྲག་མངར་སྙོམས་སྒྲིག་དང་རྙིང་ཚབ་གསར་བརྗེ། གཉན་ཚད་སོགས་དང་འབྲེལ་བའི་སྤྲི་དཀར་རྫས་ཀྱི་ཚིགས་འགྲོས་འཁྲུགས་ནས་དལ་གཤིས་བརྗེ་ཚབ་ནད་འབྱུང་བར་སྐུལ་འདེད་གཏོང་ལ། ཤེས་རྟོགས་འདིས་མཚན་བརྒལ་ན་གཅིན་སྙི་ཟ་ཁུའི་ནད་དང་ཤ་རྒྱགས་པ། རྙིང་ཚབ་གསར་བརྗེ་གཞན་པ་འཁྲུགས་པའི་ནད་འབྱུང་སླ་བར་ཁུངས་སྣེ་གསར་པ་འདོན་སྤྲོད་བྱས་ཡོད།

ཞིབ་འཇུག་གསར་ཤོས་ནང་དུ། མི་རྣམས་ཚོ་ཆུང་གཉིས་སུ་བགར་ནས་ཚོ་ཆུང་གཅིག་ལ་ཉིན་ལས་དང་ཚོ་ཆུང་གཅིག་ལ་མཚན་ལས་བྱེད་དུ་བཅུག་པ་དང་། དེ་ནས་ཕྱི་རོལ་གྱི་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་ཞིབ་འཇུག་མི་སྣས་ཁོ་ཚོའི་ནང་ཁུལ་གྱི་སྐྱེ་དངོས་ཚིགས་འགྲོས་ལ་ཚད་འཇལ་བྱས་པ་དང་། དུས་བཅད་ལྟར་ཁྲག་གི་མ་དཔེ་བླངས་ནས་དབྱེ་ཞིབ་བྱས་པ་བརྒྱུད། ཞིབ་འཇུག་མི་སྣས་ཁྲག་གི་རིམས་ཐར་ཕྲ་ཕུང་ཁྲོད་བྱུང་བའི་སྤྲི་དཀར་རྫས་གསལ་འབྱེད་བྱས་པ་ན། ཉིན་ལས་ནང་ཞུགས་མཁན་དང་བསྡུར་ན་མཚན་ལས་ནང་ཞུགས་མཁན་གྱི་ལུས་སྟེང་གི་སྤྲི་དཀར་རྫས་ཀྱི་ཚིགས་འགྲོས་མང་ཆེ་བར་འགྱུར་ལྡོག་མངོན་གསལ་བྱུང་ཡོད།

ཞིབ་འཇུག་མི་སྣས་ད་དུང་མཚན་ལས་ནང་ཞུགས་མཁན་གྱི་རྒུན་འབྲུམ་མངར་ཆའི་ཚིགས་འགྲོས་ཕལ་ཆེར་ཡོངས་སུ་ཇེ་སྡུག་ཏུ་གྱུར་ནས་གཤེར་མའི་ཕུང་རྩིའི་ཐོན་སྐྱེད་དང་ཚོར་སྐྱེན་རང་བཞིན་དུས་མཉམ་མིན་པར་གྱུར་ཡོད་པ་ཤེས། གཤེར་མའི་ཕུང་རྩི་ནི་ཁྲག་མངར་གྱི་ཆུ་ཚད་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་རྒྱུན་འཁྱོངས་བྱེད་པའི་སྐུལ་རྩི་གལ་ཆེན་ཞིག་རེད། ཚིགས་འགྲོས་འཁྲུགས་པས་ཁྲག་མངར་གྱི་ཆུ་ཚད་རྒྱུན་ལྡན་མིན་པ་དང་། དེ་ནས་ཕྲ་ཕུང་དང་དབང་བོར་གནོད་པ་ཐེབས་པས་ཡུན་རིང་ན་བདེ་ཐང་གི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

ཞིབ་འཇུག་གསར་ཤོས་ཀྱི་བདེན་དཔང་ལས་མིའི་ལུས་ཀྱི་ཚིགས་འགྲོས་འཁྲུགས་པ་དེ་ཉིན་གསུམ་གྱི་ནང་གསལ་པོར་མངོན་ཡོད། དེས་གཅིན་སྙི་ཟ་ཁུའི་ནད་དང་ཤ་རྒྱགས་པ་ཐོག་མའི་དུས་སུ་སྔོན་འགོག་ཐེ་གཏོགས་བྱས་ཆོག་པ་མཚོན་ལ། ཐེ་གཏོགས་དེའི་རིགས་ཀྱིས་མཚན་བརྒལ་བ་ལས་སྙིང་ནད་དང་གྲིབ་ནད་བསྐྱེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་ཡང་བསྟན་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།