ཀྲུང་གོ་བོད་ཀྱི་དྲ་བ།

མཚན་མོར་རྐང་པར་རྩ་འཁུམ་འབྱུང་བའི་རྒྱུ་རྐྱེན་དང་སེལ་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྐང་པའི་རྩ་འཁུམ་པ་ལ་མི་ཚང་མར་ཆ་རྒྱུས་ཡོད་དེ། གསོ་རིག་གི་ཐོག་ནས་ནད་དེའི་མིང་ལ་གཟེར་གཤིས་རྩ་འཁུམ་ཟེར། དེ་ཡིས་རྒྱུན་དུ་ནམ་གུང་རང་དབང་མེད་པར་ཤ་གནད་འཁུམས་ཏེ་རྐང་པའི་ཉྭ་རིལ་དང་རྐང་མཐིལ། བརླ་སོགས་སུ་ན་ཟུག་དྲག་པོ་འབྱུང་བར་བྱེད།

གཅིག རྒྱུན་མཐོང་གི་རྩ་འཁུམ་པའི་རྒྱུ་རྐྱེན་ལ་གཤམ་གྱི་རིགས་འགའ་ཡོད་དེ།

1.ཤ་གནད་ཐང་ཆད་པ། ཉིན་མོར་རྐང་པ་འགུལ་སྐྱོད་བྱས་པ་མང་དྲགས་ན་ཤ་གནད་ཐང་ཆད་པར་གྱུར་ཏེ། དབྱང་མེད་བརྗེ་ཚབ་དང་འོ་སྐྱུར་ཕུང་གསོག་བྱས་པ་བརྒྱུད། དབང་རྩར་ཕོག་ཐུག་བཏང་སྟེ་མཚན་མོར་རྐང་པར་རྩ་འཁུམ་འབྱུང་བ་ཡིན།

2.ཀལ་རྒྱུ་ཆད་པ་ཚབས་ཆེ་བ། ནར་སོན་པའི་དུས་སྐབས་ཀྱི་གཞོན་ནུ་དང་སྦྲུམ་མ། རྒན་པ་རྣམས་ལ་ཀལ་རྒྱུ་མི་འདང་བ་དང་། དེས་མཚན་མོར་རྐང་པར་རྩ་འཁུམ་འབྱུང་བ་དང་རྐང་ལག་གི་རྩ་འདར་བར་བྱེད།

3.གྲང་བས་ཕོག་ཐུག་ཐེབས་པ། མཚན་མོར་ཉལ་བའི་སྐབས་སུ་རྐང་པ་འཁྱགས་ཚེ། ཤ་གནད་ལ་གློ་བུར་དུ་སྐུམ་འཐེན་རྩ་འཁུམ་འབྱུང་བ་སྟེ། དཔེར་ན་ཆུ་རྐྱལ་བྱེད་སྐབས་ཆུ་འཁྱགས་ཁྲོད་འཛུལ་མ་ཐག རྐང་པར་རྩ་འཁུམ་འབྱུང་བ་དང་གཅིག་མཚུངས་ཡིན།

4.ལུས་པོའི་གཟུགས་གཞི་རྒྱུན་ལྡན་མིན་པ། རྐང་ལེབ་དང་པུས་མོ་ཕྱིར་འཁྱོག་པ། འགུལ་སྐྱོད་ཐལ་དྲགས་པའི་སྤྱིའི་ནད་རྟགས་སོགས་ལུས་པོའི་གཟུགས་གཞི་རྒྱུན་ལྡན་མིན་ཚེ། རྐང་པར་རྩ་འཁུམ་འབྱུང་སླ།དེའི་རིགས་ཁྱིམ་རྒྱུད་འདེད་པ་རེད།

5.ལུས་གཤེར་དོ་མཉམ་མིན་པ།  རྔུལ་ཆུ་མང་པོ་བཞུར་རྗེས་ཚྭ་ཁ་གསབ་བྱས་པ་མ་འདང་བ་དང་།  ཁྲག་གཤེར་དབྱེ་བཙག་གསོ་བཅོས་བྱེད་སྐབས་གཤེར་གཟུགས་ཤོར་བ་སོགས་ཀྱིས་རྐང་པ་ལ་རྩ་འཁུམ་འབྱུང་བར་བྱེད།

6.མཱེ་དམའི་ཁྲག་ནད། སྦྲུམ་མར་རྐང་པར་རྩ་འཁུམ་འབྱུང་བ་ནི་ཀལ་རྒྱུ་ཆད་པ་ལས་གཞན། ད་དུང་ཁྲག་ནང་གི་མཱེ་རྒྱུ་དམའ་བ་ལའང་འབྲེལ་བ་ཡོད།

7.ནད་ཀྱི་རྒྱུ་རྐྱེན། དབང་རྩའི་མ་ལག་གི་ནད་ལ་རྒྱུན་པར་གཟེར་གཤིས་རང་བཞིན་གྱི་རྩ་འཁུམ་ཡོད་ལ། རྙིང་ཚབ་གསར་བྱེད་འཁྲུགས་པའི་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་མངར་དམའ་བ། ཆང་བཅུད་ཀྱི་དུག་ཕོག་པ། སྐེ་རྨེན་གྱི་བྱེད་ནུས་ཉམས་པའི་རྙིང་ཚབ་གསར་བྱེད་རང་བཞིན་གྱི་ཤ་གནད་སོགས་ཀྱིས་ཀྱང་རྐང་པར་རྩ་འཁུམ་འབྱུང་བར་བྱེད་སྲིད།

8.སྨན་གྱི་རྒྱུ་རྐྱེན། གཅིན་འབབ་བདེ་བའི་སྨན་དང་གཉིད་ལ་ཕན་པའི་སྨན་སོགས་འཐུངས་ནའང་རྩ་འཁུམ་འབྱུང་སྲིད།

གཉིས། རྐང་པའི་རྩ་འཁུམ་མྱུར་དུ་སེལ་ཐབས།

1.རྐྱོང་འཐེན་བྱེད་པ། ཙོག་པུར་བསྡད་ནས་རྩ་འཁུམ་བྱུང་བའི་རྐང་པ་དྲང་མོར་སྲིང་བ་དང་ལུས་པོ་མདུན་དུ་ཕྱོགས་ནས་ལག་པས་རྐང་པའི་མཐེ་བོང་འཛིན་པ་དང་། གལ་ཏེ་ཙོག་པུར་འདུག་པ་སྟབས་བདེ་མིན་ན། རྐང་པའི་མཐེ་བོང་ཡར་བསྒྲེངས་པ་དང་རྐང་པའི་ཉྭ་རིལ་དྲང་མོར་འཐེན་པའི་ཚོར་བ་ཡོད་པར་བྱས་ཚེ། རྩ་འཁུམ་པ་མགྱོགས་མྱུར་ངང་ཞི་ལྷོད་དུ་གཏོང་ཐུབ།

2.འཕུར་མཉེད་བྱེད་པ། རྩ་འཁུམ་པའི་གནས་ཀྱི་ཤ་གནད་ལ་འཕུར་མཉེད་ཡང་ཡང་བྱས་ན་རྩ་འཁུམ་པ་ཞི་ལྷོད་དུ་གཏོང་ཐུབ།

3.ཚ་ལུམས་འཇོག་པ། ཆུ་ཚ་མོ་དང་ལག་ཕྱི་ཚ་བོ། གློག་གདན་སོགས་རྩ་འཁུམ་འབྱུང་སའི་ཤ་གནད་སྟེང་གླན་ཞོར་དུ་འཕུར་མཉེད་བྱས་ན། རྩ་འཁུམ་པ་ཞི་ལྷོད་དུ་གཏོང་བར་ཕན།

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།