ཀྲུང་གོ་བོད་ཀྱི་དྲ་བ།

ས་ནད་ཀྱི་འགོག་བཅོས་ཤེས་བྱ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཅི་ཞིག་ལ་ས་ནད་ཟེར་རམ།

ས་ནད་ནི་ས་ནད་སྦྲུམ་སྒོང་དབྱུག་སྲིན་གྱི་འབུ་ཕྲས་བསྐྱེད་པའི་མི་ཕྱུགས་གཉིས་ཀར་འབྱུང་བའི་འགོས་ནད་ཅིག་ཡིན་ལ། མི་རྣམས་ལ་རྒྱུན་པར་ནད་འབྱུང་བའི་ས་ནད་ནི་སྲོག་ཆགས་སམ་སྲོག་ཆགས་ཀྱི་དངོས་རྫས་ལ་ཐུག་རེག་བྱུང་བ་ལས་འགོ་བ་ཡིན། རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དུ་ས་ནད་འབྱུང་ཚད་མཐོ་ཞིང་། ཞིང་པ་དང་འབྲོག་པར་མང་དུ་འབྱུང་བ་རེད།

མི་ལ་ས་ནད་ཇི་ལྟར་འགོས་པ་ཡིན་ནམ།

སྐབས་མང་ཆེ་བར་རྟ་ནོར་ལུག་གསུམ་སོགས་རྩྭ་གཟན་སྲོག་ཆགས་ཀྱིས་རྩྭ་ཟ་དུས་སྲིན་འབུའི་སྦྲུམ་སྒོང་ཟོས་པ་ལས་འགོས་ནད་འབྱུང་བ་དང་། མི་རྣམས་ཀྱིས་ནད་བྱུང་བའི་སྲོག་ཆགས་བཤའ་བ་དང་ཟས་སུ་སྤྱོད་པའི་སྐབས་སམ། ཡང་ན་ནད་བྱུང་ཡོད་པའི་སྲོག་ཆགས་ཀྱི་ཁྲག་དང་བྲུན་སོགས་ཀྱིས་བསླད་པའི་དངོས་རྫས་ལ་ཐུག་རེག་བྱེད་སྐབས། འབུ་ཕྲ་དེ་སྐྱི་པགས་སྟེང་གི་རྨ་ཁ་ཕྲན་བུ་སོགས་བརྒྱུད་ནས་ལུས་སྟེང་དུ་འགོས་པ་ལས་འགོས་མཆེད་བྱུང་བ་རེད། འདི་ནི་རྒྱུན་མཐོང་གི་སྐྱི་པགས་ས་ནད་ཀྱི་རིགས་ཀྱང་ཡིན་ལ། ནད་དཔེ་ཡོངས་ཀྱི95%ཡན་ཟིན་ཡོད།

ས་ནད་དེ་ཁ་ལག་བརྒྱུད་ནས་ཀྱང་འགོ་ཐུབ་པ་དང་། གཙོ་བོར་འབུ་ཕྲ་འདི་འདུས་པའི་བསླད་མའི་ཟས་རིགས་བསྟེན་པ་ལས་རྒྱུ་མའི་ས་ནད་འབྱུང་བ་ཡིན་ལ། མང་ཆེ་བར་བཟའ་བཏུང་གི་གོམས་གཤིས་དང་ཟས་རིགས་ལས་སྣོན་ལ་འབྲེལ་བ་ཆེ་སྟེ། དཔེར་ན་ལས་སྣོན་ཅི་ཡང་མ་བྱས་པའི་ཤ་སྐམ་སོགས་ཡིན། ས་ནད་དེ་ད་དུང་ས་ནད་སྦྲུམ་སྒོང་གིས་སྦགས་བཙོག་ཐེབས་པའི་ས་རྡུལ་དང་དབུགས་ཞུ་སྤྱིན་ཕྱེ་རྔུབ་པས་ཀྱང་གློ་བའི་ས་ནད་བསྐྱེད་པ་ཡིན་ལ། རིགས་འདིའི་འགོས་མཆེད་བྱེད་ཚད་ཤིན་ཏུ་ཉུང་བ་དང་། རྒྱུན་པར་བལ་སྤུ་ལས་སྣོན་བཟོ་གྲྭའི་ལས་བཟོ་པར་འབྱུང་སླ་བ་ཡིན།

ས་ནད་ལ་ནད་རྟགས་ཅི་ཞིག་ཡོད་དམ།

སྐྱི་པགས་ས་ནད་ནི་གདོང་དང་སྐེ། དཔུང་བ། ལག་པ་དང་རྐང་པ་སོགས་རྗེན་པར་བུད་པའི་སྐྱི་པགས་སྟེང་འགོ་ཞིང་། གཙོ་བོ་ལུས་ཀྱི་ཆ་ཤས་གང་རུང་གི་སྐྱི་པགས་སྐྲངས་པ་དང་། ཐོར་འབྲུམ་མམ་འབྲུམ་བུ། ཆུ་བུར། རལ་རྨ། ཚིག་སྐོགས་བཅས་ལ་འབུད་པ་ཡིན་ལ། ན་ཚ་ཆེན་པོ་མེད་པར་ཟ་འཕྲུག་ལངས་པ་དང་། རྣག་མི་ཆགས་པ་ཡིན།

རྒྱུ་མའི་ས་ནད་ནི་རྒྱུ་ཚད་གློ་བུར་མའི་རིགས་སམ་གསུས་ནད་གློ་བུར་མའི་རིགས་སུ་གཏོགས་ལ། རྒྱུ་ཚད་གློ་བུར་མའི་རིགས་འབྱུང་སྐབས་སྐྱུག་མེར་ལངས་པ་དང་ཕོ་བ་ན་བ་དང་ཕོ་བ་བཤལ་བ་ཡིན། གསུས་ནད་གློ་བུར་མའི་རིགས་བྱུང་བའི་ནད་པར་ལུས་ཡོངས་ལ་ནད་དུག་ཕོག་པའི་ནད་རྟགས་ཚབས་ཆེ་ཞིང་། རྒྱུན་མཐུད་སྒོས་སྐྱུག་འབྲུམ་བྱེད་ཅིང་། ཁྲག་དང་ཆུ་འདྲེས་མར་གཏོང་བ་དང་། ཕོ་བ་སྦས་ཤིང་ཕོ་བ་ན་བ། ཞོར་འབྲེལ་ཁྲག་འཇིག་ནད་དང་འགོས་ནད་རང་བཞིན་གྱི་དྲན་པ་བརྒྱལ་བའི་ནད་རྟགས་ཀྱང་འབྱུང་བ་ཡིན།

གློ་བའི་ས་ནད་ཀྱི་དུས་མགོར“ཆམ་རིམས”ཀྱི་ནད་རྟགས་ལྟ་བུར་མངོན་པ་དང་། རྒྱུན་པར་དུས་ཚོད48ཡས་མས་ཀྱི་རིང་ལ་ཚ་ཅུང་ཙམ་རྒྱག་ཅིང་ཐང་ཆད་པ་དང་། ལུས་ཡོངས་མི་བདེ་བ་དང་ཤ་གནད་ན་བ། གློ་ལུ་བ་སོགས་ཀྱི་ནད་རྟགས་འབྱུང་ཞིང་། དེའི་འཕྲོར་གློ་བུར་དུ་ན་ཚ་གློ་བུར་མའི་རིགས་སུ་གྱུར་ནས། དབུགས་ལེན་དཀའ་བ་དང་དབུགས་ཧལ་ལེན་བྱེད་པ། གློ་ལུ་བ། ཤ་མདོག་སྨུག་ནག་ཏུ་འགྱུར་བ། ཁྲག་སྐྱུག་པ་སོགས་བྱེད།

ས་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་སམ།

1.ཆེས་གལ་ཆེ་བ་ནི་སྦགས་བཙོག་གི་ཁུངས་ལ་ཐུག་རེག་མི་བྱེད་པ་དེ་རེད། ས་ནད་ཀྱི་སྦགས་བཙོག་གི་ཁུངས་གཙོ་བོ་ནི་ནད་ཀྱིས་ཤི་བའི་སྲོག་ཆགས་ཡིན་ལ། ནོར་ལུག་སོགས་སྲོག་ཆགས་ལ་ནད་བྱུང་བའམ་གློ་བུར་དུ་ཤི་ན། ཐུག་རེག་བྱེད་པ་དང་བཤའ་བ། ཟ་བ། ཉོ་ཚོང་བཅས་མི་བྱེད་པར། མགྱོགས་པོར་ས་གནས་ཀྱི་ཞིང་ལས་དང་ཕྱུགས་ཟོག་སྡེ་ཁག་ལ་སྙན་ཞུ་བྱེད་ཅིང་། སྡེ་ཁག་གང་དེར་ཐག་གཅོད་བྱེད་དུ་འཇུག་དགོས།

2.རང་ཉིད་དམ་ཉེ་འཁོར་གྱི་མི་ལ་ས་ནད་ཀྱི་ནད་རྟགས་བྱུང་མ་ཐག མགྱོགས་མྱུར་སྒོས་ས་གནས་ཀྱི་འཕྲོད་བསྟེན་ཁང་ངམ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ལ་སྙན་ཞུ་བྱེད་པ་དང་དུས་ལྟར་སྨན་པར་བསྟེན་དགོས།

3.ཡོང་ཁུངས་དག་པའི་སྐམས་ལུག་ཤའི་ཐོན་རྫས་ཉོ་བར་མཉམ་འཇོག་བྱེད་དགོས་ཤིང་། ནོར་ལུག་ཤི་བའི་ཤ་དང་ཡོང་ཁུངས་མི་གསལ་བའི་ཤའི་ཐོན་རྫས་བཟའ་མི་རུང་བ་དང་། གཡོས་སྦྱོར་བྱེད་སྐབས་ཚོས་སུ་འཇུག་ཅིང་ཚོས་ཐག་ཆོད་དུ་བཅུག་རྗེས་ད་གཟོད་སེམས་བདེ་མོས་བསྟེན་ཆོག

ས་ནད་སངས་དྲག་འབྱུང་ཐུབ་བམ།

ས་ནད་ནི་གསོ་བཅོས་བྱེད་ཐུབ་ལ། འབུ་ཕྲའི་རང་བཞིན་གྱི་འགོས་ནད་རིགས་ཤིག་ཡིན་པའི་ཆ་ནས། ཆིང་མེ་སུའུ་ནི་སྔར་བཞིན་གསོ་བཅོས་བྱེད་པར་སྤྱོད་པའི་སྨན་བཟང་ཤོས་དེ་ཡིན་ལ། ད་དུང་ཁྱབ་ཆེའི་དུག་སྲིན་འགོག་སྨན་མང་ཤོས་ཤིག་ས་ནད་གསོ་བཅོས་ལ་ཕན་ཐོགས་ཆེ།

ས་ནད་བྱུང་བའི་ནད་པར་གསོ་བཅོས་བྱེད་པའི་གནད་འགག་ནི་ཐོག་མ་ཉིད་ནས་ཤེས་རྟོགས་བྱེད་པ་དང་། ཐོག་མ་ཉིད་ནས་ནད་ངོས་འཛིན་པ། ཐོག་མ་ཉིད་ནས་གསོ་བཅོས་བྱེད་པ་དེ་ཡིན་ལ། འགོར་འགྱངས་ཅུང་ཟད་བྱས་པས་ཀྱང་མཇུག་འབྲས་ཚབས་ཆེན་བསྐྱེད་སྲིད་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།