ཀྲུང་གོ་བོད་ཀྱི་དྲ་བ།

ཁྲག་ཤེད་མཐོ་བའི་ནད་གསོ་བཅོས་སྐབས་ཀྱི་མཉམ་འཇོག་བྱ་དགོས་པ་ལྔ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲག་ཤེད་མཐོ་བའི་ནད་པ་ཡིས་དུས་ཡུན་རིང་བོ་ཞིག་ལ་སྨན་འཐུང་ནས་གསོ་བཅོས་བྱ་དགོས། ཡིན་ནའང་། སྨན་ཇི་ལྟར་འཐུང་བ་དང་སྨན་གང་དག་སྤྱོད་པ་དེ་ཆེད་ལས་སྨན་པའི་ངག་ལ་ཉན་དགོས། ཡང་དག་མིན་པའི་སྨན་སྤྱོད་ཐབས་ཀྱིས་ཁྲག་ཤེད་གསོ་བཅོས་ལ་འགོར་འགྱངས་བྱེད་པར་མ་ཟད། ད་དུང་ནད་པའི་ཚེ་སྲོག་ལའང་ཉེན་ཁ་བཟོ་བ་ཡིན། ཁྲག་ཤེད་མཐོ་བའི་ནད་གསོ་བཅོས་སྐབས། གཤམ་གྱི་རྩ་དོན་འདི་དག་ལ་ངེས་པར་དུ་བརྩི་སྲུང་བྱ་དགོས།

གཅིག སྨན་སྣ་གཅིག་པའི་རིགས་སྤྱོད་པ་ནས་གསོ་བཅོས་ཀྱི་འགོ་བརྩམ་དགོས།

 མི་མང་བོ་ཞིག་གིས་ཁྲག་ཤེད་མཐོ་བའི་ནད་གསོ་བཅོས་བྱེད་པ་ལ། ཐོག་མ་ཉིད་ནས་སྨན་བཟང་བོ་དང་རིན་གོང་མཐོ་བའི་སྨན་སྤྱད་ནས་གསོ་བཅོས་བྱ་བཞིན་ཡོད། ཡིན་ནའང་། གསོ་བཅོས་བྱེད་སྟངས་འདི་ནོར་བ་ཡིན། ཁྲག་ཤེད་མཐོ་བ་གཏན་ཁེལ་བྱུང་རྗེས། ནད་བབ་ཡང་མོ་ཡིན་ན། ནམ་རྒྱུན་གྱི་འཚོ་བའི་གོམས་གཤིས་ལ་བསྒྱུར་བཅོས་བྱས་ནས་ཁྲག་ཤེད་ལ་ཚོད་འཛིན་བྱེད་པར་ཚོད་ལྟ་བྱ་དགོས་ཤིང་། གལ་ཏེ། ཚོད་འཛིན་བྱས་འབྲས་མི་ལེགས་ན། སྨན་ལ་བརྟེན་ནས་ཁྲག་ཤེད་ཚོད་འཛིན་བྱ་དགོས། སྨན་སྤྱད་ནས་ཁྲག་ཤེད་མཐོ་བ་གསོ་བཅོས་བྱེད་ན་ཡང་། ཐོག་མར་སྨན་སྣ་གཅིག་པའི་རིགས་སྤྱོད་པ་དང་། སྨན་གྱི་སྤྱོད་ཚད་ཀྱང་ཉུང་ངུ་ནས་འགོ་བརྩམ་དགོས། དེ་མིན་གསོ་བཅོས་བྱེད་འགོ་ཚུགས་པ་ནས་བཟུང་། སྨན་གྱི་སྤྱོད་ཚད་མང་བ་དང་སྨན་སྣ་མང་བོ་མཉམ་དུ་སྤྱོད་པ་སོགས་བྱ་མི་རུང་།

གཉིས། ཁྲག་ཤེད་མཐོ་བ་གསོ་བཅོས་སྐབས་རྒྱུན་པར་སྨན་སྣ་བརྗེས་མི་རུང་།

ཁྲག་ཤེད་ཚོད་འཛིན་བྱེད་པ་ལ་གོ་རིམ་རིང་བོ་ཞིག་དགོས་པ་ཡིན། ཁྲག་ཤེད་ཚོད་འཛིན་བྱེད་མ་ཐུབ་པ་ཁ་ཤས་ནི་སྨན་གྱིས་གོ་མ་ཆོད་པ་མིན། དེ་ནི་ཕལ་ཆེར་རང་གིས་སྨན་སྤྱོད་པའི་དུས་ཚོད་མ་འགྲིག་པའམ་ཡང་ན་སྨན་གྱི་ཚད་ལ་མང་ཉུང་ཤོར་བ་སོགས་ཀྱི་གནད་དོན་ལས་བྱུང་བའང་ཡིན་སྲིད། དེར་བརྟེན། ཁྲག་ཤེད་ལ་ཚོད་འཛིན་བྱེད་མ་ཐུབ་ན། སྨན་བརྗེ་རྒྱུ་ལ་བྲེལ་བ་ལངས་མི་རུང་། ལྷག་པར་དུ། སྨན་པའི་བཤད་པ་ལྟར་སྨན་བརྗེ་རྒྱུ་ལས་རང་དགར་སྨན་བརྗེས་པ་སོགས་གཏན་ནས་བྱ་མི་རུང་།

གསུམ། ཁྲག་ཤེད་ཧ་ཅང་དམའ་རུ་འཇུག་མི་རུང་།

ཁྲག་ཤེད་ཚོད་འཛིན་བྱས་ནས་ཇི་ལྟར་དམའ་ན་དེ་ལྟར་བཟང་ཞེས་པ་ནི་བཤད་ཚུལ་ནོར་འཁྲུལ་ཞིག་ཡིན། ཁྲག་ཤེད་མཐོ་བའི་ནད་པ་ཡིས་ཁྲག་ཤེད་ཚོད་འཛིན་བྱེད་པ་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་ཡོད་ན་ཆོག་པ་ཡིན། ཁྲག་ཤེད་ཧ་ཅང་དམའ་ན། ཏོག་དབྱིབས་འཕར་རྩའི་ཁྲག་མཁོ་འདོན་ལ་ཤན་ཤུགས་ཐེབས་ནས་ཉེན་ཁ་འབྱུང་བ་ཡིན།

བཞི། ཁྲག་ཤེད་མཐོ་བ་གསོ་བཅོས་བྱེད་པའི་གོ་རིམ་ནི་དུས་ཡུན་རིང་བོ་ཞིག་ཡིན།

ཁྲག་ཤེད་ཚོད་འཛིན་བྱེད་ཐུབ་ཚེ། སྨན་སྤྱོད་པ་ཡང་མཚམས་བཞག་ན་ཆོག་པར་འདོད་མི་རུང་། དེ་ལྟར་བྱས་ན། ཁྲག་ཤེད་མཐོ་བའི་ནད་འདི་ཡང་ནས་བསྐྱར་དུ་བྱུང་སྟེ་ཁྲག་ཤེད་ཚོད་འཛིན་ལ་དཀའ་ལས་བཟོ་བ་ཡིན།

ལྔ། ཁྲག་ཤེད་མཐོ་བའི་ནད་པ་ཡིན་ན་དུས་བཅད་ལྟར་ཁྲག་ཤེད་ཚད་འཇལ་བྱ་དགོས།

དུས་བཅད་ལྟར་ཁྲག་ཤེད་ཚད་འཇལ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ཆ་རྐྱེན་འཛོམས་ན། ཁྲག་ཤེད་མཐོ་བའི་མི་ཡིས་ཉིན་རེ་ལ་ཁྲག་ཤེད་ཚད་འཇལ་ཐེངས་རེ་བྱེད་པ་དང་། ཆ་རྐྱེན་འཛོམས་པོ་མེད་ན། ཉིན 2ནས 3གྱི་ནང་ལ་ཁྲག་ཤེད་ཚད་འཇལ་ཐེངས་རེ་བྱས་ན་བཟང་བ་དང་། གནད་དོན་ཡོད་པ་ཤེས་ན། དུས་ཐོག་ཏུ་ཚོད་འཛིན་གསོ་བཅོས་བྱ་དགོས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།