ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་ལུགས་སྨན་རྫས་བསྟེན་ན་ཟས་རིགས་ལ་ཇི་ལྟར་འཛེམ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ལུགས་སྨན་རྫས་ཡང་དག་པའི་སྒོ་ནས་བསྟེན་པ་ནི་སྨན་བཅོས་ཀྱི་ནུས་པ་ལེགས་པོ་ཐོན་པའི་སྔོན་འགྲོ་ཡིན། ཆིང་རྒྱལ་རབས་སྐབས་ཀྱི་སྨན་པ་གྲགས་ཅན་ཞུས་ཏ་ཡུན་གྱིས“ཀྲུང་ལུགས་སྨན་རྫས་བསྟེན་སྐབས་འཛེམ་བྱ་དག་ལ་མ་འཛེམ་ན་ནུས་པ་མི་ཐོན་པར་མ་ཟད། ལྡོག་སྟེ་གནོད་པ་ཐེབས་ངེས་ཡིན”ཞེས་གསུངས་པ་ནང་བཞིན། སྨན་བསྟེན་སྐབས་ཀྱི་འཛེམ་བྱ་ནི་ནང་དོན་གལ་ཆེན་ཞིག་ཡིན་ལ། འཛེམ་བྱ་ཞེས་པ་ནི་ཀྲུང་ལུགས་སྨན་རྫས་བསྟེན་སྐབས་ཀྱི་ཟ་འཐུང་སྐོར་གྱི་འཛེམ་བྱར་གོ་བ་རེད།

《རྩྭ་སྨན་སྤྱི་བཤད》ཀྱི་ནང་དུ་སྨན་བསྟེན་སྐབས་ཀྱི་འཛེམ་བྱ་མང་པོ་ཞིག་བརྗོད་ཡོད་དེ། དཔེར་ན། ཤིང་མངར་བསྟེན་དུས་ཕག་ཤ་དང་སྔོ་ཚལ་གྱི་ལྗང་པ་དང་མཚོ་སྐྱེས་སྔོ་རིགས་སྤང་དགོས། ཧོང་ལེན་དང་ཧུའུ་ཧོང་ལེན(黄连、胡黄连)བསྟེན་དུས་ཕག་ཤ་དང་ཆུ་འཁྱགས་ལ་འཛེམ་པ། བྱི་ཚེར་བསྟེན་སྐབས་ཕག་ཤ་དང་རྟ་ཤ་སོགས་སྤང་དགོས་པ་ལྟ་བུ་རེད།

2015ལོར་པར་དུ་བསྐྲུན་པའི《ཀྲུང་གོའི་སྨན་རྫས་ཚིག་མཛོད》ཀྱི་ཀྲུང་ལུགས་སྨན་རྫས་ལེའུ་ཡི་ནང་དུ་འཛེམ་བྱ112ལྷག་ཡོད་པར་བསྟན་ཡོད། སྨན་འཐུང་སྐབས་ཀྱི་འཛེམ་བྱ་ནི་མི་རྣམས་ཀྱིས་དུས་ཡུན་རིང་པོར་ནད་ཐོག་ལག་ལེན་ལས་སྤྱི་སྡོམ་བྱས་པ་ཞིག་ཡིན་ཏེ། དེར་གཤམ་གྱི་ཕྱོགས་འགའ་ཡོད།

སྨན་ནུས་ལ་གནོད་པའི་ཟས་རིགས།

སྣུམ་མང་བ་དང་ཚོན་པོ། རྗེན་པ་དང་སྲ་མོ་བཅས་འཇུ་དཀའ་བའི་ཟས་རིགས་ཀྱིས་སྨན་ནུས་ཐོན་པར་གནོད་པས། ཀྲུང་ལུགས་སྨན་རྫས་གང་ཞིག་བསྟེན་རུང་དེ་དག་སྤང་དགོས་པ་དང་། དེ་ནི་སྨན་བསྟེན་སྐབས་ཀྱི་འཛེམ་བྱ་ཞེས་པ་དེ་ཡིན།དཔེར་ན། ཀྲུང་ལུགས་ཀྱི་རྩྭ་སྨན་བསྟེན་ཚུལ་གྱི་གཞུང་ལྟར་ན། སྨན་བསྟེན་སྐབས་ཕག་ཤ་ཚོན་པོ་དང་ཁྱི་ཤ། ཉ་ཤ་སོགས་མང་དུ་བསྟེན་མི་རུང་བར་བཤད་ཡོད་པ་ལྟ་བུ།

སྨན་གཤིས་བསྒྱུར་བའི་ཟས་རིགས།

ཟས་རིགས་ཁ་ཤས་ཀྱིས་སྨན་རྫས་ཁ་ཤས་ཀྱི་གཤིས་ནུས་ལ་འགྱུར་བ་བཏང་ནས། སྨན་རྫས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ་རེད། ལུས་ཟུངས་གསོ་བའི་སྨན་རྫས་བསྟེན་པའི་སྐབས་སུ་རྗེན་འཁྱགས་དང་། སྣུམ་ཅན་གྱི་ཟས་རིགས་སྤང་དགོས། ཁྲག་རྒྱུན་གསོ་སྨན་བསྟེན་སྐབས་རྒྱ་སྲན་དང་ཉ། སྐྱུར་འཁྱགས་སོགས་ཀྱི་ཟས་རིགས་སྤང་དགོས། དྲོད་བསྐྱེད་པའི་སྨན་བསྟེན་པའི་སྐབས་སུ་རྗེན་འཁྱགས་ཀྱི་ཤིང་ཏོག་རིགས་སྤང་དགོས། ཚ་སེལ་སྨན་རྫས་བསྟེན་པའི་སྐབས་སུ་དུ་བ་དང་ཆང་། བཅའ་སྒ། གཡེར་མ། ཕོ་བ་རིལ་སོགས་ཚ་སྐྱུར་རིགས་ཀྱི་ཟས་རིགས་སྤང་དགོས། གཤེར་འགྱུར་སྨན་རྫས་བསྟེན་པའི་སྐབས་སུ་རྗེན་འཁྱགས་རིགས་ཀྱི་ཤིང་ཏོག་དང་། གྲོ་མྱུག་མངར་ཆ། ཆང་འབྲས། ཕག་ཤ་སོགས་སྤང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།