ཀྲུང་གོ་བོད་ཀྱི་དྲ་བ།

ཕྱག་གི་ཕན་ཡོན།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2016-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

29(2).jpg

    དེ་ལ་ཕྱག་འཚལ་ཞེས་པའི་ཚིག་གི་དོན་དང་མཐུན་ངེས་ཤིག་བྱ་བའི་དབང་དུ་བྱས་ན་ནི་གང་ལ་ཕྱག་བྱ་བའི་ཡུལ་དེ་ཉིད་སྐྱབས་གནས་དམ་པར་ཡིད་ཆེས་ཐོག་དེ་ལ་བདག་གི་སྒོ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཁྱེད་རང་ཕྱག་ཏུ་བཞག་རྒྱུ་ཡིན་ལགས་ན། འཕྲལ་ཕུགས་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཅིར་འགྱུར་ཡང་ཁྱེད་རང་མཁྱེན་སྙམ་པ་ཞིག་དགོས་པ་འདྲ།ཡང་ཕྱག་ཅེས་པ་སྡིག་སྒྲིབ་བྱང་བ་དང་། འཚལ་ཞེས་པ་ཡོན་ཏན་འདོད་པའི་དོན་དུ་གོ་བར་ལྟར་ན། སྒོ་གསུམ་གྱི་སྡིག་སྒྲིབ་བྱང་ཞིང་དག་པ་དང་། བསླབ་གསུམ་གྱི་ཡོན་ཏན་སྐྱེས་ཤིང་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བསམས་ཤིང་སྨོན་དགོས་པར་སེམས།
    སྤྱིར་ཕྱག་བྱ་བའི་ཡུལ་སོ་སོ་ལ་བརྟེན་པའི་བསྟོད་བསྔགས་གསོལ་འདེབས་དང་། ཕྱག་འཚལ་བའི་ཚིག་འདྲ་མིན་ཡོད་པ་དང་། དེ་བཞིན་གཟུངས་སྔགས༐ ན་མོ་མཉྫུ་ཤྲཱི་ཡེ། ན་མོ་ཨུ་ཏྟམ་ཤྲཱི་ཡེ་སྭཧྭ། ཞེས་པ་འདི་བཞིན་ཚར་འགའ་ཞིག་འདོན་དགོས། གནད་བསྡུས་ན། ཕྱག་འཚལ་ཡུལ་དེ་སྐྱབས་གནས་ཀུན་འདུས་སུ་མོས་ལ། ཡོངས་གྲགས་ལྟར་སངས་རྒྱས་ཆོས་ཚོགས་མའམ། སྐྱབས་འགྲོ་བཞི་བསྐོར་རང་འདོན་ན་འགྲིག་ངེས།རང་གཞན་སུ་ཡིན་རུང་བདེ་བ་འདོད་ ཅིང་སྡུག་བསྔལ་མི་འདོད་པ་ནི་མཚུངས། བདེ་སྐྱིད་ཡོང་བ་ལ་བསོད་ནམས་བསག་དགོས། སྡུག་བསྔལ་སེལ་བ་ལ་སྡིག་སྒྲིབ་སྦྱང་དགོས། དེས་ན་བསོད་ནམས་མང་པོ་བསག་པ་དང་སྡིག་སྒྲིབ་མང་པོ་སྦྱང་བའི་དོན་དུ་ཕྱག་མང་ པོ་འཚལ་དགོས་པར་གསུངས། དུས་རྒྱུན་གང་ལྕོགས་དང་། དམིགས་བསལ་ཚེས་བཟང་དུས་བཟང་དང་༐ བླ་མ་དང་དགེ་འདུན། སྐུ་གསུང་ཐུགས་རྟེན་མཇལ་ཞུ་སྐབས་དང་། ལྷག་པར་སྔ་ཐོག་མལ་ནས་ལངས་འཕྲལ་ཀུན་སློང་བཅོས་ཏེ་དེ་བཞིན་ཆོས་མཐུན་གྱི་བྱ་བ་ ལམ་འགྲོ་ཡོང་བའི་གསོལ་འདེབས་དང་འབྲེལ་བའི་ཕྱག་དང་། དགོང་མོ་ཉལ་ཁར་ལེགས་བྱས་རིགས་བསྔོ་སྨོན་དང་ཉེས་བྱས་རིགས་བཤགས་སྡོམ་དང་ འབྲེལ་བའི་ཕྱག་འཚལ་དགོས། གང་གིས་ན་སྐྱབས་ཡུལ་རྣམས་ལ་དོན་གལ་ཆེ་བ་སྐྱབས་འཇུག་ཞུ་བའི་དོན་དུ་ཕྱག་འཚལ་ དགོས་པར་སེམས།
    ཕྱག་འཚལ་བའི་ཕན་ཡོན་ནི་བསམ་གྱིས་མ་ཁྱབ་པར་གསུངས་འདུག གནད་བསྡུས་ཤིག་ནི་གོང་དུ་ཞུས་ཟིན། རྒྱས་པར་ཤེས་འདོད་ན་གསུང་རབ་རྣམས་སུ་གཟིགས་དགོས། མདོར་ན་སྐྱབས་ཡུལ་ལ་མ་དད་པ་དང་མ་གུས་པ་བྱས་པ་སོགས་ཀྱི་སྡིག་སྒྲིབ་དག་པ་དང་། དད་ཅིང་གུས་པས་བསོད་ནམས་རླབས་ཆེན་བསགས། དེ་ལྟར་བྱུང་ན། མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཇི་བཞིན་འགྲུབ།
    ཕྱག་གྲངས་གསོག་བྱེད་ན་ཚོགས་བསགས་སྒྲིབ་སྦྱང་རླབས་ཆེ་ཐོག་ཞོར་དུ་བད་ཀན་གྱི་ ནད་རིགས་སོགས་སེལ་ཏེ་ལུས་ཀྱང་བདེ་ཐང་ཡོང་བ་དང་༐ ལྷག་པར་ཕྱག་འཚལ་བ་དེ་ཉོན་མོངས་པ་དང་ང་རྒྱལ་གྱི་གཉེན་པོ་བྱེད། ང་རྒྱལ་ཟེར་བ་དེ་རང་དང་འབྲེལ་བའི་ཁྱད་ཆོས་ཤིག་ལ་རང་གི་བསམ་ངོར་ཁྱད་འཕགས་ ཤིག་ཏུ་སྣང་ཞིང་། དེས་སེམས་ཁེངས་ཏེ་ཡོན་ཏན་གཞན་སྐྱེ་ཞིང་འཕེལ་བ་ལ་གེགས་བྱེད་པའི་སེམས་ཀྱི་ ཁྱད་པར་ཞིག་ལ་ཟེར། དཔེར་ན་ཟས་ངན་གྱིས་ཁོག་པ་སྦོས་དུས་ཁ་ཟས་ལེགས་པ་གཞན་འགྲོ་ས་མེད་པ་ལྟར༐ ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྲུབ། ཅེས་གསུངས་པའང་དེ་ལྟར་དུ་གོ ། ང་རྒྱལ་ཇེ་ཆུང་དུ་བཏང་ཐུབ་ན། ཡོན་ཏན་ཇེ་འཕེལ་དུ་འགྲོ་བར་ཕན། ཡོན་ཏན་ལེགས་པར་ལྡན་ན་རང་གཞན་གྱི་འདོད་དོན་སྒྲུབ་ནུས་པས་ཕྱག་གི་ཕན་ཡོན་དེ་ ལྟར་དུ་སེམས།
    གཞན་ལུགས་ལྟར་ཐལ་མོ་ཅབ་ལེབ་ཏུ་སྦྱར་བ་སོགས་བྱས་ན་ཐལ་མོ་སྦྱར་ཚུལ་གྱི་མཚོན་ དོན་དང་མི་མཐུན་པའི་རྟེན་འབྲེལ་གྱིས་ཉེས་དམིགས་ཆེ་ཚུལ་སོགས་གསུངས་འདུག །དེས་ན་ལག་མཐིལ་གཉིས་མ་སྦྱར་ཞིང་མཛུབ་རྩེ་རྣམས་སྦྱར་ཏེ་ཁོང་སྟོང་པདྨ་ཁ་ཟུམ་ པ་ལྟ་བུ་བྱས་ཏེ་ནང་ཁོང་སྟོང་པ་དེས་ཆོས་སྐུ་དང་དེའི་རྒྱུ་ཡེ་ཤེས་ཀྱི་ཚོགས་ བཅས་མཚོན། ཕྱི་ནོར་བུའི་དབྱིབས་དེས་གཟུགས་སྐུ་དང་དེའི་རྒྱུ་བསོད་ནམས་ཀྱི་ཚོགས་བཅས་ མཚོན་ཚུལ་དང་། ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ནང་དུ་མཐེ་བོང་གཉིས་གྱེན་འགྲེང་ལ་བཅུག་སྟེ། བྱང་སེམས་ཀུན་ཏུ་བཟང་པོའི་ཕྱག་མཚན་ནོར་བུ་འཛིན་ཏེ་སྨོན་ལམ་བཏབ་པ་ལྟར་མོས་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་ཕྱག་ཐལ་སྦྱར་དུ་ནོར་བུ་འཛིན་པ་ལྟར་མོས་ལ། དེ་ལྟ་བུས་མཚོན་དོན་ཡང་ལམ་ཐབས་ཤེས་གཉིས་ལ་བརྟེན་ནས་འབྲས་བུ་ཆོས་གཟུགས་ཀྱི་ སྐུ་གཉིས་ཐོབ་དགོས་པའི་ཚུལ་དྲན་དགོས། གང་ལྟར་ཐལ་མོ་སྦྱར་དེ་དང་དེ་བཞིན་རང་གི་སྤྱི་བོ་དང་། མགྲིན་པ༐ སྙིང་ག་གསུམ་དུ་རིམ་བཞིན་སྦྱར་བ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གུས་པས་ འདུད་ཚུལ་དང་། དེ་ཡང་སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པ་དང་། རང་གཞན་ཀུན་གྱི་སྒོ་གསུམ་གྱི་སྡིག་སྒྲིབ་འདག་པའི་དོན་དུ་ཡིན་པར་བསམ་དགོས་ ཚུལ་གསུངས། ཐལ་སྦྱར་གྱི་མཚོན་དོན་འདི་ནི་མདོ་སྔགས་ཐུན་མོང་བའི་དབང་དུ་བྱས་པ་ཙམ་ཡིན་ལ། སྔགས་ཕྱོགས་ལ་ནི་དེའི་མཚོན་དོན་ཟབ་གནད་ཁྱད་པར་ཅན་མང་དུ་ཡོད་པར་གསུངས་པ་ རྣམས་སྐབས་སུ་བབ་ཚེ་དེ་ནས་ཤེས་པར་བྱའོ། ། །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།