ཀྲུང་གོ་བོད་ཀྱི་དྲ་བ།

མཆོད་མེ་འབུལ་སྲོལ།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2016-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

30384_2011122210214914w4y.jpg

ང་ཚོས་ནམ་རྒྱུན་སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་མཆོད་མེ་སྦར་གྱིན་ཡོད་པ་ ནི་ཆོས་སྤྱོད་བཅུའི་ནང་ཚན་མཆོད་པའི་བྱེ་བྲག་ཅིག་སྟེ། ཆེས་དར་ཁྱབ་ཆེ་བའི་ལག་ལེན་གྱི་གྲས་ཤིག་ཀྱང་ཡིན་པས་མཆོད་མེའི་སྐོར་གྱི་ངོ་ སྤྲོད་མདོ་ཙམ་ཞིག་ཞུ་ན།
     ༡ མཆོད་མེ།
      མཆོད་མེ་ནི། རྐོང་བུ་དང༌། འབྲུ་མར། སྲིང་བལ། སྲོག་ཤིང༌། མེ་བཅས་ཀྱིས་གྲུབ་པ་ཞིག་ཡིན་ཡང༌། མཆོད་པའི་གཙོ་བོ་ནི་འོད་ཕུལ་བ་ཡིན་པར་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱི་ གསུང་ལས་གསལ་ཞིང༌། མདོ་མཛངས་བླུན་དུ་དེའི་སྒྲུབ་བྱེད་ཁ་གསལ་ཤོས་ཤིག་བྱུང་བ་ནི། སངས་རྒྱས་མཉན་ཡོད་དུ་བཞུགས་པའི་ཚེ་རྒྱལ་པོ་དང༌། བློན་པོ། ཚོང་དཔོན། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་དང༌། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་མཆོད་དོ།། དེའི་ཚེ་ཡུལ་དེ་ན་དབུལ་མོ་བསྙེན་དགའ་མོ་ཞེས་བྱ་བའི་བུད་མེད་ཅི་ཡང་མི་བདོག་པ་ཞིག་མཆིས་པ་ལས། རྒྱལ་པོ་དང༌། བློན་པོ་སོགས་ཀྱིས་བཅོམ་ལྡན་འདས་དང༌། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་མཐོང་ནས་ འདི་སྙམ་དུ། ཀྱེ་མ་ངས་སྔོན་མི་དགེ་བའི་ལས་ཅི་ཞིག་བྱས་པས་འདི་ལྟར་དབུལ་ཞིང་རིགས་ངན་དུ་ སྐྱེས་པར་གྱུར། ད་བསོད་ནམས་ཀྱི་ཞིང་ཕུན་སུམ་ཚོགས་པ་དང་འཕྲད་ཀྱང་བདག་ལ་ནི་བསོད་ནམས་གསོག་ པའི་དངོས་པོ་ཅི་ཡང་མེད་དོ་སྙམ་ནས། ཤིན་ཏུ་ཡི་མུག་ཅིང༌། ཉི་མ་གཅིག་གི་རིང་སློང་མོ་བྱས་ཀྱང་དོང་ཙེ་གཅིག་ལས་མ་རྙེད་དོ།། དེ་ནས་བསྙེན་དགའ་མོ་མར་འཚོང་མཁན་ཞིག་གི་ཁྱིམ་དུ་སོང་སྟེ་དོང་ཙེ་གཅིག་པོ་ དེས་མར་ཉོས་པས། མར་འཚོང་བའི་ཁྱིམ་བདག་གིས་སྨྲས་པ། དོང་ཙེ་གཅིག་གིས་མར་ཉོ་བ་ནི་ཧ་ཅང་ཉུང་ཆེས་ན། ཁྱོད་ལ་འདི་ལྟ་བུའི་མར་ཉུང་ངུ་ཞིག་གིས་ཅི་ཞིག་བྱ། བསྙེན་དགའ་མོས་སྨྲས་པ། རྒྱལ་པོ་དང་བློན་པོ། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཅིང་ཚོགས་རྒྱ་ཆེན་པོ་གསོག་པར་བྱེད་དོ།། ཁོ་མོ་ནི་འདི་ལྟར་དབུལ་ཞིང་ཕོངས་ཆེ་བས་བསོད་ནམས་བྱ་བའི་དངོས་པོ་གཞན་ཅི་ཡང་ མེད་པས་ཉི་མ་གཅིག་ལ་སློང་མོ་བྱས་པ་ལས་ཐོབ་པའི་དོང་ཙེ་གཅིག་པོ་འདིས་སངས་ རྒྱས་དང་དགེ་འདུན་ལ་མཆོད་པའི་ཕྱིར་མར་ཉོ་བ་ཡིན་ནོ།། ཞེས་སྨྲས་པ་དང༌། ཁྱིམ་བདག་གིས་ཀྱང་སྙིང་རྗེ་ནས་མར་ལྷག་པར་བྱིན་ནོ།། དེ་ནས་བསྙེན་དགའ་མོས་མར་དེ་ཐོབ་པས་རབ་ཏུ་དགའ་ནས་གཙུག་ལག་ཁང་དུ་སོང་སྟེ་ བཅོམ་ལྡན་འདས་ཀྱི་སྤྱན་སྔར་མར་མེ་ཆུང་ངུ་ཞིག་བཙུགས་ནས། བདག་ད་ལྟ་དབུལ་ཞིང་ཕོངས་པས་མར་མེ་ཆུང་ངུ་འདིས་སངས་རྒྱས་ལ་མཆོད་དོ།། བསོད་ནམས་འདིས་མ་འོངས་པའི་དུས་ན་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་དེ། སེམས་ཅན་ཐམས་ཅད་ཀྱི་མུན་པའི་དྲི་མ་བསལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་ཕྱིར་ རང་གི་གནས་སུ་སོང་ངོ༌།། དེའི་ཚེ་འཕགས་པ་མཽའུ་འགལ་གྱི་བུ་ཆེན་པོ་དུས་འཛིན་པའི་རེས་ལ་བབ་པས་ནངས་སྔ་ བོར་གཟིམས་ལས་ལྡང་བ་ན་མར་མེ་གཞན་རྣམས་ནི་ཤི་ཟིན་ཀྱང་བསྙེན་དགའ་མོའི་མར་མེ་ གཅིག་པུ་ནི་ལྷག་པར་གསལ་ཞིང༌། མར་དང་སྙིང་པོ་ཡང་མ་ཉམས་པར་གསར་དུ་བཙུགས་མ་ཐག་པ་ཞིག་དང་འདྲ་བས། ད་ནི་ནམ་ལངས་ཟིན་པས་ཉིན་པར་མར་མེ་བཙུགས་ཀྱང་ཕན་པ་མེད་དོ་སྙམ་ནས་གསད་པར་གཟས་ པས་མ་སོད་དོ།། དེ་ནས་ལག་པས་གསད་པར་གཟས་ན་ཡང་མ་སོད་དོ།། དེ་ནས་གོས་ཀྱིས་གསད་པར་གཟས་ན་ཡང་མ་སོད་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་བཀའ་བསྩལ་བ། ཁྱོད་ཀྱིས་མར་མེ་འདི་གསོད་པར་གཟས་ཀྱང་མར་མེ་འདི་ནི་ཁྱོད་ཀྱིས་མི་སོད་དོ།། ཁྱོད་ཉན་ཐོས་རྣམས་ཀྱིས་བསྒུལ་ཞིང་བསྐྱོད་པར་ནུས་པ་ཡང་མ་ཡིན་ནོ།། གལ་ཏེ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་ཕབ་བམ་རྫི་རླུང་གཡུག་པས་ཀྱང་སོད་ པར་མི་འགྱུར་རོ།། མར་མེ་འདི་ནི་ལྷག་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས་ཕུལ་བ་ཡིན་པས་མར་མེ་འདི་ ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ།། ཞེས་གསུངས་སོ།། དེ་ལྟར་མཽའུ་འགལ་གྱི་བུས་ནམ་ལངས་ཟིན་པས་ཉིན་པར་མར་མེ་སྦར་ཡང་དོན་མེད་དོ་ ཞེས་དགོངས་ནས་གསོད་པར་གཟས་པ་དེས་མར་མེའི་མཆོད་པའི་གཙོ་བོ་འོད་ཕུལ་བ་ཡིན་པ་གསལ་བོར་རྟོགས་ནུས།


༢ སྣུམ་གྱི་རྒྱུ་ཆ།
        སྣུམ་གྱི་རྒྱུ་ཆ་ནི། མཛོ་མོ་དང༌། ལུག་དང༌། འབྲི་དང༌། བ་མེན་སོགས་ཀྱི་འོ་མ་ལས་བྱུང་བའི་མར་དང༌། ཟར་མ་དང༌། ཏིལ་དང་ལོག་དཀར་སོགས་ལས་བྱུང་བའི་འབྲུ་མར་དང༌། ཤིང་གི་རིགས་སྣ་ཚོགས་ལས་བྱུང་བའི་ཤིང་མར་དང༌། རྡོ་སྣུམ་གྱི་རིགས་ཤིག་སྟེ་དེང་སང་ཡང་ལ་རུ་གྲགས་པ་སོགས་རྒྱུ་ཆ་གཙང་ཤོས་ རྣམས་ལ་ཁྱད་པར་མེད་ཅིང༌། ས་སྣུམ་མམ་དེང་སང་མེ་གཡིས་སུ་གྲགས་པས་ནི་སྣུམ་གྱི་རྒྱུ་ཆ་མི་རུང་སྟེ། སྐུ་གསུང་ཐུགས་རྟེན་དང༌། ལྷ་ཁང་སོགས་ཀྱི་ནང་དུ་དུ་དྲེག་མི་གཙང་བ་མང་པོ་ཆགས་པ་དང༌། དྲི་ངན་ཡིད་དུ་མི་འོང་བ་བྲོ་བའི་ཕྱིར་རོ།། དེ་བཞིན་དུ་ཚིལ་གྱིས་ཀྱང་སྣུམ་གྱི་རྒྱུ་ཆ་བྱེད་མི་རུང་སྟེ་སེམས་ཅན་གྱི་ཤ་ ཁྲག་གི་ངོ་བོ་ཡིན་པས་དམར་མཆོད་ལྟ་བུར་འགྲོ་བ་ཡིན། གཞན་ཡང་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། མར་སོགས་ཀྱིས་མཆོད་མེ་ཕུལ་སྐབས་དད་པའི་སེམས་ཀྱིས་རང་ལ་གང་ཡོད་པ་དེ་ནས་ཡག་ ཤོས་དང༌། གཙང་ཤོས་ཀྱིས་མཆོད་མེ་ཕུལ་བ་མ་གཏོགས། སེར་སྣའི་སེམས་ཀྱིས་ཡག་ཤོས་དང་གཙང་ཤོས་རྣམས་རང་གིས་བཟས་སྙིགས་རོ་རྙིང་དྲི་ ཁ་བ་རྣམས་ཀྱིས་མཆོད་མར་བྱས་ན་ཕན་ཡོན་ཐོབ་རྒྱུ་ཕར་བཞག་ད་དུང་གནས་ངན་ལེན་གྱི་ རྒྱུ་བྱེད་པར་གསུངས་པ་སོགས་སྣུམ་གྱི་རྒྱུ་ཆའི་ཐད་ལ་དཔྱད་པ་ཟབ་མོ་བྱེད་རྒྱུ་གལ་ཆེ།
     ༣ རྐོང་བུ།
       རྐོང་བུ་ནི། གསེར་དང་དངུལ་སོགས་ཇི་ལྟར་རིན་གོང་མཐོ་བ་རྣམས་ཀྱིས་བྱས་པ་དེ་ལྟར་བསོད་ནམས་ ཆེ་བས། བོད་ལ་གསེར་རྐོང་དང།དངུལ་རྐོང་བརྡུང་བའི་སྲོལ་སྔ་མོ་ནས་དར་ཞིང༌། གསེར་རྐོང་ལ་ཡང་གསེར་གྱིས་ལྗང་བརྡུང་དང༌། ཟངས་ལ་གསེར་རྩི་བྱུགས་པ། དངུལ་རྐོང་ལ་ཡང་དངུལ་གྱིས་ལྗང་བརྡུང་བྱེད་པ་དང༌། སྟོང་དང་གཤའ་དཀར་སོགས་ལ་དངུལ་རྩི་བྱུགས་པ་གཉིས་ཡོད་ཅིང༌། དེ་བཞིན་དངུལ་གྱིས་བརྡུང་བའི་སྟེང་དུ་གསེར་གྱི་པ་ཏྲ་དང་རྟགས་བརྒྱད་འབྲི་ བརྡུང་བྱེད་པ་སོགས་ནས་ས་དང་རྡོའི་རྐོང་བུ་བྱེད་པ་སོགས་འདྲ་མིན་སྣ་ཚོགས་ཡོད། འོན་ཀྱང་མཆོད་པའི་རྫས་ལ་སེམས་ཅན་གྱི་རུས་པ་དང༌། རྨིག་པ་སོགས་ཀྱི་རྐོང་བུ་བྱེད་པ་ནི་མི་རུང་ངོ༌།།


ext-20090103120000-105038.jpg

༤ མཆོད་མེའི་སྡོང་རས།
མཆོད་མེའི་སྡོང་རས་ཡག་ཤོས་སྲིན་བལ་དུ་ཡོངས་སུ་གྲགས་ཀྱང༌། རས་ཀྱི་རིགས་དང༌། ཤིང་གི་ལོ་མའི་རིགས་སོགས་ཀྱིས་རུང་མོད། དངོས་པོ་རང་གི་ངོ་བོ་མི་གཙང་བ་དང༌། ཚིག་རྗེས་ཤ་བསྲེག་པའི་དྲི་ལྟ་བུ་འབྱུང་བ་རྣམས་ནི་མི་རུང་བར་གསུངས།
      ༥ སྡོང་བུའི་ཁྱད་པར།
སྡོང་བུ་ནི་སྡོང་རས་ཀྱི་སྲོག་ཤིང་ཡིན་ལ། འདིའི་རྒྱུ་ཆ་གསེར་དངུལ་ཟངས་ལྕགས་སོགས་དང༌། ཁ་ཅིག་གིས་ཤེས་རབ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ཁབ་ཀྱིས་བྱེད་པ་དང༌། ཡང་དྲི་བཟང་ཅན་གྱི་ཤིང་གི་རིགས་ཙནྡན་དང༌། ཤུག་པ་སོགས་ཀྱིས་བྱེད་པ་དང༌། འབྲོག་ཕྱོགས་འགའ་ཞིག་ཏུ་རྩྭ་ཀུ་ཤ་ཕྲ་སྦོམ་རན་པས་བྱེད་སྲོལ་ཡོད་པ་རྣམས་ཀྱི་ གང་ཡིན་ཡང་རུང་ཞིང༌། ལག་ལེན་བྱེད་བདེ་བའི་དབང་དུ་བྱས་ན་མཆོད་མེ་ཆུང་ངུ་རྣམས་ལ་ཤིང་དང་རྩྭའི་ སྡོང་བུ་བྱས་ན་བདེ་བ་དང༌། ཚེ་འབར་སོགས་ཆེན་པོའི་རིགས་ལ་གསེར་དངུལ་ཟངས་ལྕགས་སོགས་མི་ཚིག་པའི་སྡོང་བུ་ བྱས་ན་བདེ་བར་ཡོད། མི་རུང་བ་ནི་ས་ཆ་མི་གཙང་སར་སྐྱེས་པའི་རྩྭ་དང༌། གད་སྙིགས་སོགས་ལས་བསྒྲུགས་པའི་ཤིང༌། སེམས་ཅན་གྱི་རུས་པ་རྣམས་ཀྱིས་མི་རུང་བ་ཡིན།
      ༦ མཆོད་མེ་འབུལ་སྐབས་ཀྱི་ཀུན་སློང༌།
མཆོད་མེ་འབུལ་སྐབས་ཀྱི་ཀུན་སློང་ནི། རང་རེ་རྣམས་ཐེག་པ་ཆེན་པོའི་རིགས་ཅན་ཤ་སྟག་ཡིན་སྟབས་དགེ་རྩ་ཇི་འདྲ་ཞིག་ བསྒྲུབ་ཀྱང་བསམ་པ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་དགོས་པར་གསུངས་པ་དེ་ལས་གཞན་མ་ མཆིས།
       ༧ མཆོད་མེ་འབུལ་སྐབས་ཀྱི་བསླབ་བྱ།
       མཆོད་མེ་འབུལ་སྐབས་ཀྱི་བསླབ་བྱ་ནི། བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེར་དབྱར་དགུན་གྱི་ཁྱད་པར་ཆེན་པོ་ཡོད་པས་དགུན་ཐོག་ འབུ་འཁོར་མི་ཐུབ་ཅིང༌། དབྱར་ཐོག་འབུ་འཁོར་བ་དང༌། ཚ་དྲོད་ཆེ་བའི་ས་ཁུལ་ཁ་ཤས་ལ་དབྱར་དགུན་གཉིས་ཀར་འབུ་འཁོར་གྱིན་ཡོད་པས་མཆོད་ མེའི་འོད་ལ་བརྟེན་ནས་སེམས་ཅན་མང་པོ་ཤི་གིན་ཡོད་སྟབས་འོད་ཁང་བྱ་བའམ། སྒོ་དང་སྒེའུ་ཁུང་ལྕགས་དྲ་ཞིབ་མོ་ཅན་གྱིས་གཡོགས་པའི་ཁང་པའི་ནང་དུ་སྦར་དགོས། དེ་ལྟར་མ་བྱས་པར་མཆོད་མེའི་འོད་ལ་འབུ་སྲིན་སྣ་ཚོགས་ཤི་ཡང་སྣང་མེད་དུ་བཞག་ན་ དགེ་བ་ལས་སྡིག་པ་ཚབས་ཆེ་ཞེས་སྐྱེས་ཆེན་དམ་པ་མང་པོས་གསུངས།
༨ མཆོད་མེ་སྦར་སྐབས་ཅི་ཞིག་འདོན་དགོས་སམ།
མཆོད་མེ་སྦར་སྐབས་མཆོད་པའི་འགྱུར་སྔགས་དང༌། གཞན་ཡང་མར་མེ་འདི་ཡི་བསོད་ནམས་ཀྱིས།། མ་རིག་མུན་པ་སེལ་བར་ཤོག། ཡེ་ཤེས་སྤྱན་དང་ལྡན་པར་ཤོག། ཤེས་རབ་རྩ་ཁ་དབྱེ་བར་ཤོག། ཅེས་སོགས་སྐབས་བབ་མར་མེ་རང་དང་འབྲེལ་བ་ཡོད་པའི་སྨོན་ལམ་སྣ་ཚོགས་བཏོན་ན་ཕན་ཡོན་ཆེ།


༩ མར་མེའི་ཕན་ཡོན།
        མར་མེའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། མདོ་མཛངས་བླུན་ལས་མར་མེའི་ཕན་ཡོན་གསུངས་པ། གོང་གསལ་ལྟར་འཕགས་པ་མཽའུ་འགལ་གྱི་བུས་བསྙེན་དགའ་མོའི་མར་མེ་གསོད་པར་གཟས་ ཀྱང་མ་སོད་པར་བཅོམ་ལྡན་འདས་ཀྱིས་མར་མེ་ཆུང་ངུ་དེའི་བསྔགས་པ་བརྗོད་པ་བསྙེན་ དགའ་མོས་ཐོས་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ཏེ་ཞབས་སྤྱི་བོས་ཕྱག་འཚལ་བ་ དང༌། བཅོམ་ལྡན་འདས་ཀྱིས་ཁྱོད་མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་གཉིས་འདས་ནས་ མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་ཡང་མར་མེའི་འོད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།། དེ་ལྟར་དབུལ་མོ་བསྙེན་དགའ་མོས་མར་མེ་གཅིག་ཕུལ་བས་སངས་རྒྱས་སུ་ལུང་བསྟན་ཏོ་ཞེས་ཀུན་ཏུ་གྲགས་པར་གྱུར་པས་ཡུལ་མི་ཐམས་ཅད་ཀྱིས་མཆོད་མེ་རབ་ཏུ་མང་པོ་ཕུལ་ བས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཡོངས་སུ་གང་བར་གྱུར་ཏེ་མཚན་མོ་ཡང་ཉིན་མོ་ལྟ་ བུར་གྱུར་པ་དེ་ལྟ་བུ་ཞག་བདུན་གྱི་བར་དུ་ཕུལ་ལོ།། དེ་ནས་ཀུན་དགའ་བོས་བཅོལ་ལྡན་འདས་ཀྱིས་སྔོན་ལས་ཅི་ཞིག་བགྱིས་ནས་འདི་ལྟ་བུའི་ མར་མེ་ཕུལ་བ་དང་ལྡན་པར་འགྱུར་ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། སྔོན་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཅན་ཞེས་བྱ་བ་འཇིག་རྟེན་དུ་འཚོ་ཞིང་ གཞེས་པའི་ཚེ། དགེ་སོླང་འཕགས་པའི་གཉེན་ཞེས་བྱ་བ་ཞིག་གིས་ཟླ་བ་གསུམ་ལ་མར་མེ་ཕུལ་བའི་ཡོན་ བདག་ཏུ་ཁས་བླངས་ནས་ཚོང་དཔོན་དང༌། ཁྱིམ་བདག་དང༌། མི་མང་པོ་ལས་མར་དང༌། འབྲུ་མར་དང༌། མར་མེའི་སྙིང་པོ་བསླངས་སོ།། དེའི་ཚེ་རྒྱལ་པོའི་བུ་མོ་ཐུབ་པ་ཞེས་བྱ་བས། དགེ་སློང་དེ་ཉི་མ་རེ་རེ་བཞིན་གྲོང་དུ་རྒྱུ་ཞིང་དཀའ་ལས་མང་པོ་བྱེད་པ་མཐོང་ ནས། བཙུན་པ་ཁྱེད་ཀྱིས་ཅི་ཞིག་སྒྲུབ་ན། རྟག་པར་འདི་ལྟ་བུའི་བྲེལ་བ་ཆེ་བར་འགྱུར་ཞེས་དྲིས་པ་དང༌། འཕགས་པའི་གཉེན་གྱིས་ཇི་ལྟར་གྱུར་པའི་གཏམ་རྒྱས་པར་བྱས་སོ།། དེ་ནས་བུ་མོས་སྨྲས་པ། དེང་ཕྱིན་ཆད་ཁྱེད་ཀྱིས་དེ་ལྟར་འབད་པས་འཚོལ་མི་དགོས་ཀྱི། ཅི་འདོད་པའི་ཡོ་བྱད་ཁོ་མོས་སྦྱོར་རོ་ཞེས་ཞུས་སོ།། དེ་ནས་ཟླ་བ་དྲུག་ཚང་བར་གྱུར་པའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་འཕགས་པའི་ གཉེན་བསྐལ་བ་གྲངས་མེད་པ་གཅིག་འདས་ནས་མར་མེ་མཛད་ཅེས་བྱ་བར་སངས་རྒྱས་པར་ལུང་ བསྟན་པས། རྒྱལ་པོའི་བུ་མོས་བསམ་པར་དགེ་སློང་འདི་ནི་མ་འོངས་སངས་རྒྱས་མར་མེ་མཛད་ཅེས་ བྱ་བར་ལུང་བསྟན་ན། ཡོ་བྱད་ཐམས་ཅད་ཁོ་མོས་སྦྱར་ཀྱང་ང་ནི་ལུང་མ་བསྟན་ཏོ་སྙམ་མོ།། བཅོམ་ལྡན་འདས་ཀྱིས་བུ་མོ་དེའི་བསམ་པ་མཁྱེན་ནས་བུ་མོ་ཁྱོད་མ་འོངས་པའི་དུས་ བསྐལ་བ་གྲངས་མེད་པ་དགུ་བཅུ་རྩ་གཅིག་འདས་པ་ན་མངོན་པར་རྫོགས་པར་འཚང་རྒྱ་སྟེ། མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།། ཞེས་བཀའ་བསྩལ་བ་སོགས་ཕན་ཡོན་གྱི་རྣམ་གྲངས་མཐའ་ཡས་པར་གསུངས་ཀྱང་རེ་ཞིག་མདོར་ བསྡུས་སུ་བྱས་པའོ།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།