ཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་བ་ནི་སློབ་གསོའི་འབྱུང་རྩ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀོ་མེན་ཡོན་གྱིས་བརྩམས། སྒོམ་པ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2025-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚང་མས"བརྩེ་བ་མེད་ན་སློབ་གསོ་མེད"ཟེར། ཡིན་ནའང་ཇི་ལྟར་བྱས་ན་བརྩེ་བ་ངོ་མ་ངོམ་པ་ཡིན་ནམ། ཕ་མ་ལ་ལས་ཉིན་ལྟར་བྱིས་པར་བཙན་ཤེད་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་པ་དེ་ནི་བྱིས་པར་བཅངས་པའི་བརྩེ་སེམས་ཤིག་ཡིན་པས། སླད་ཕྱིན་ཁོ་རང་སློབ་ཆེན་ཡག་པོ་ཞིག་ཏུ་རྒྱུགས་འཕྲོད་ནས་སྐྱིད་སྣང་དོད་པའི་ལས་ཀ་ཞིག་འཚོལ་ཐུབ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་པར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་བྱིས་པས་དེ་ལྟར་མི་འདོད་ཅིང་ཁོ་རང་ལ་མཁོ་བ་ནི་ད་ལྟའི་འཚོ་བའི་བདེ་སྐྱིད་དེ་རེད། དགེ་རྒན་ལ་ལས་སློབ་མར་ལས་བྱ་མང་པོ་བཀོད་སྒྲིག་བྱས་ཏེ"ཁྱོད་རང་ལ་ཕན་པའི་ཆེད་དང་རྗེས་སོར་ཁྱོད་རང་སློབ་ཆེན་ཡག་པོ་ཞིག་ཏུ་རྒྱུགས་འཕྲོད་པའི་ཆེད་དུ་ཡིན"ཞེས་བཤད། དགེ་རྒན་ལ་ལས་སློབ་མས་ལས་བྱ་བྲིས་མ་ཚར་བའི་རྐྱེན་གྱིས་སློབ་མར་གཅར་རྡུང་དང་སྐྱོན་བརྗོད་བྱས་ཀྱང"དེ་ནི་སློབ་མའི་ཆེད་ཡིན"སྙམ་བཞིན་ཡོད། འོན་ཀྱང་སློབ་མས་བརྩེ་བ་དེ་དང་ལེན་མི་བྱེད་པར་ལྡོག་སྟེ་སློབ་སྦྱོང་ལ་སྤྲོ་སྣང་མེད་པར་སུན་སྣང་གིས་ཁེངས་འགྲོ། ཕ་མ་དང་དགེ་རྒན་གྱི་བཙན་ཤེད་འོག་ནས་སློབ་མ་རྣམས་སློབ་སྦྱོང་ལ་ཡར་ཐོན་བྱུང་བ་དང་། སྦྱངས་འབྲས་ཇེ་ལེགས་སུ་ཕྱིན་པའི་དབང་དུ་བཏང་ནའང་གཟུགས་པོ་ཇེ་སྡུག་ཏུ་ཕྱིན་པ་དང་གཤིས་རྒྱུད་དང་སྤྱོད་པ་ཇེ་བཙོག་ཏུ་སོང་བས་འབྱུང་འགྱུར་བདེ་སྐྱིད་ཡོང་ཐུབ་པའི་ངེས་པ་མེད།

དེས་ན་ཅི་ཞིག་ལ་བརྩེ་བ་ངོ་མ་ཟེར་རམ། བརྩེ་བ་ངོ་མ་ནི་རང་ཉིད་ཀྱི་བྱིས་པ་དང་། རང་ཉིད་ཀྱི་སློབ་མའི་ཀུན་སྤྱོད། ཤེས་བྱ། ལུས་རྩལ། མཛེས་རིས་བཅས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་དེ་རེད། ཁོ་ཚོའི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། འཐུས་སྒོ་ཚང་བའི་མི་གཤིས་དང་བློ་བག་ཡངས་པའི་གཤིས་ཀ་གསོ་སྐྱོང་བྱས་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་རོལ་ཐུབ་པ་ཡིན།

ཇི་ལྟར་བྱས་ན་ད་གཟོད་བརྩེ་བ་ངོ་མ་དེ་འཐོབ་ཐུབ་བམ། དེ་ལ་ཐོག་མར་སློབ་མར་ཡིད་ཆེས་བྱེད་དགོས་པ་དང་། སློབ་མ་རེ་རེ་འཇོན་ཐང་ཅན་དུ་འགྱུར་བར་ཡིད་ཆེས་ཡོད་དགོས་པ་དེ་ཡིན། དེ་ཡང་དགེ་རྒན་ཧོ་མོ་ཀྲིན་གྱིས་འདི་ལྟར་གསུངས་མྱོང་སྟེ། "སློབ་ཁྲིད་བྱེད་མི་ཤེས་པའི་དགེ་རྒན་ཡོད་པ་ལས་འཁྲིད་ན་ཁྲིད་ས་མི་འགྲོ་བའི་སློབ་མ་མེད"ཅེས་པ་དེ་ནི་བརྩེ་བའི་ཡིད་ཆེས་ཤིག་རེད། མི་ལ་ལས་སྐད་ཆ་འདི་ཆ་མི་ཚང་བར་འདོད་ཅིང་། ང་ཚོས་ཁྲིད་པའི་སློབ་མ་ཡང་འཇོན་ཐང་ཅན་དུ་མི་འགྱུར་བ་དེ་འདྲ་ཡོད་ཅེས་བཤད་ཀྱིན་འདུག མི་ཞིག་འཇོན་ཐང་ཅན་དུ་འགྱུར་བར་ད་དུང་ཆ་རྐྱེན་དང་གོ་སྐབས་མང་པོ་དགོས་པ་སྨོས་མེད་རེད། ཡིན་ནའང་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མ་ཚང་མ་འཇོན་ཐང་ཅན་དུ་འགྱུར་ཐུབ་པར་ཡིད་ཆེས་བྱེད་དགོས་པར་མ་ཟད། ཧུར་བརྩོན་གྱིས་ཁོ་ཚོ་འཇོན་ཐང་ནུས་ལྡན་ཅན་དུ་འགྱུར་བར་རོགས་འདེགས་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་སྔ་མོ་ནས་ཁོ་རང་ཚོ་འཇོན་ཐང་ཅན་དུ་འགྱུར་མི་ཐུབ་པར་འདོད་ན་ཅིའི་ཕྱིར་ཁོ་ཚོར་ད་དུང་སློབ་གསོ་གཏོང་བ་ཡིན། དེར་བརྟེན། སློབ་མ་རེ་རེར་སློབ་ཁྲིད་ཡག་པོ་བྱེད་རྒྱུ་ནི་དགེ་རྒན་གྱི་ཡིད་ཆེས་ཤིག་ཡིན། དུས་མཚུངས་སུ་སློབ་མར་ཡིད་ཆེས་བྱས་ན་ད་གཟོད་སློབ་མས་ཀྱང་ཁྱོད་ལ་ཡིད་ཆེས་བྱེད་པ་དང་། དགེ་སློབ་བར་གྱི་འབྲེལ་ལམ་དེའང་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་བཙུགས་ན་སློབ་གསོ་ནི་དཀའ་གནད་ཅིག་མིན།

ཇི་ལྟར་བྱས་ན་ད་གཟོད་ཕན་ཚུན་ལ་ཡིད་ཆེས་བྱེད་ཐུབ་བམ། དགེ་རྒན་གྱིས་སློབ་མ་དང་འབྲེལ་འདྲིས་བྱེད་མཁས་པོ་བྱས་ཏེ་སློབ་མའི་བསམ་བློ་དང་སློབ་སྦྱོང་། འཚོ་བ། དགོས་མཁོ་བཅས་ལ་རྒྱུས་ལོན་ཤེས་རྟོགས་བྱ་དགོས་པའི་བླང་བྱ་བཏོན་ཡོད། མི་ཞིག་ལ་མཚོན་ན་དགོས་མཁོ་སྣ་མང་ཡོད་དེ། སྤྱི་ཚོགས་རིག་པ་བ་མ་སི་ལོ་ཡིས་དགོས་མཁོར་དབྱེ་ཞིབ་དང་ཉམས་ཞིབ་བྱས་ནས་མི་ཚང་མར་དགོས་མཁོ་རིམ་པ་མི་འདྲ་བ་ལྔ་ཡོད་པར་འདོད། ཆེས་གཞི་རྩར་གྱུར་པ་ནི་ལུས་ཁམས་ཀྱི་དགོས་མཁོ་སྟེ་ཟ་འཐུང་དང་། དེ་ནས་བདེ་འཇགས་ཀྱི་དགོས་མཁོ་སྟེ་གནོད་འཚེ་མི་ཕོག་པར་བྱེད་དགོས། གསུམ་པ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་སྟེ། མི་དང་འགྲོ་འོང་བྱས་ནས་གྲོགས་པོ་བསྒྲིགས་པའི་དགོས་མཁོ་ཡིན། རིམ་པ་བཞི་པ་ནི་བརྩི་བཀུར་གྱི་དགོས་མཁོ་ཡིན་ཏེ། མི་གཞི་ལ་མི་གཞན་གྱི་བརྩི་བཀུར་འཐོབ་དགོས་རྒྱུ་དེ་རེད། རིམ་པ་ཆེས་མཐོ་ཤོས་ནི་རང་ཉིད་མངོན་འགྱུར་བྱེད་པའི་དགོས་མཁོ་ཡིན་པས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་དགོས་སོ། །སློབ་མར་ཡང་དགོས་མཁོ་རིགས་ལྔ་ཡོད་དེ། ཁྱིམ་བདག་དང་དགེ་རྒན་གྱིས་སློབ་མའི་དགོས་མཁོ་ལ་རྒྱུས་ལོན་བྱེད་དགོས། ཁྱིམ་བདག་དང་དགེ་རྒན་གྱིས་རྒྱུན་དུ་བྱིས་པའི་ལུས་ཁམས་ཀྱི་དགོས་མཁོ་དང་སློབ་སྦྱོང་གི་དགོས་མཁོ་ཁོ་ནར་དོ་སྣང་བྱེད་པ་ལས་དགོས་མཁོ་གཞན་པར་སེམས་ཁུར་མི་བྱེད་པ་དེ་རེད། དགེ་རྒན་ལ་ལས་ལུས་ཆད་གཅོད་པའམ་ཡང་ན་སྐད་ཆའི་ཐོག་ནས་བྱིས་པར་གནོད་འཚེ་བཏང་བ་ནི་བྱིས་པར་བརྩི་འཇོག་བྱེད་པའི་དགོས་མཁོར་མཐོང་ཆེན་མ་བྱས་པ་ཡིན་པས། དེ་ནི་སློབ་མར་གནོད་འཚེ་བཏང་བ་ཚབས་ཆེ་ཤོས་ཀྱང་ཡིན། ངས་སྔོན་ཆད་སློབ་མར"ཁྱོད་ཚོ་ཆེས་མི་དགའ་བའི་དགེ་རྒན་ནི་ཅི་འདྲ་ཞིག་ཡིན་ནམ"ཞེས་དྲིས་མྱོང་། ཁོ་ཚོས"སྐད་ཆ་བཤད་ན་གཞན་ལ་མི་གནོད་པའི་དགེ་རྒན་ལ་ཧ་ཅང་དགའ"ཞེས་ལན་འདེབས་ཤིང་། མི་ལ་གནོད་ཅེས་པ་ནི་མི་ལ་བརྩི་བཀུར་མི་བྱེད་པ་དེར་གོ་དགོས། མི་ལོ་བཅུ་ལྷག་གི་སྔོན་དུ་ཀྲེ་ཅང་ཅིན་ཧྭའི་སློབ་མ་ཞིག་གིས་རང་ཉིད་ཀྱི་ཨ་མ་བསད་པས་སྤྱི་ཚོགས་ཡོངས་སུ་དངངས་སྐྲག་བསླངས་པ་རེད། ཕྱིས་སུ་མི་ཞིག་བཙོན་ཁང་དུ་ཁོ་ལ་བཅར་འདྲིར་སོང་བ་དང་། ཁོས་རང་ཉིད་ཀྱི་ཨ་མ་བསད་པའི་བྱེད་སྟངས་དེ་སྣང་མེད་དུ་བཞག་ནས་རང་ཉིད་ཀྱི་དགོས་མཁོ་གང་ཡང་བསྐང་མི་ཐུབ་པར་འདོད་པ་དང་། ཨ་མས་ཁོ་ལ་བཙན་ཤེད་ཀྱིས་དཔེ་ཆ་འདོན་དུ་བཅུག་པ་ལས་འཚོ་བར་སྤྲོ་སྣང་མེད་པ་རེད། བཅར་འདྲི་བྱེད་མཁན་གྱིས་དབུགས་རིང་ཞིག་འབྱིན་ཞོར་དུ་དོན་དངོས་སུ་ཁོའི་ཨ་མས་བསམ་བློའི་སྟེང་ནས་རང་གི་བྱིས་པ་བསད་ཟིན་པར་འདོད་པ་དང་། དེའི་ཐོག་ནས་ང་ཚོ་བྱིས་པར་དགའ་དགོས་ཤིང་བྱིས་པའི་དགོས་མཁོ་ལ་རྒྱུས་ལོན་ཡོད་དགོས་རྒྱུ་གལ་ཆེ་ཟེར། ལུགས་མཐུན་གྱི་དགོས་མཁོ་སྐོང་བ་དང་། ལུགས་མཐུན་མིན་པའི་དགོས་མཁོར་ཁྲིད་སྟོན་བྱ་དགོས། ལྷག་པར་བྱིས་པའི་རང་བཀུར་གྱི་བསམ་བློར་གནོད་འཚེ་གཏན་ནས་གཏོང་མི་རུང་།

ཇི་ལྟར་བྱས་ན་ད་གཟོད་བྱིས་པར་རྒྱུས་ལོན་བྱེད་ཐུབ་བམ། དེ་ནི་བྱིས་པ་དང་འབྲེལ་འདྲིས་བྱེད་མཁས་པོ་བྱ་དགོས་ཤིང་། བྱིས་པ་དང་འབྲེལ་འདྲིས་བྱེད་དགོས་ན་འདྲ་མཉམ་གྱིས་བྱིས་པར་ལྟ་སྟངས་ཡག་པོ་འཛིན་དགོས་པ་དེ་རེད། དུས་རྒྱུན་ཁྱིམ་བདག་གིས་བྱིས་པ་ལོ་རིམ་ལྔ་པ་དང་དྲུག་པར་སླེབས་སྐབས་ཕ་མ་དང་སྐད་ཆ་ཤོད་འདོད་དེ་ཙམ་མེད་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་འདྲི་མཁན་འདུག ངས་ནི་ཁྱིམ་བདག་དེ་དག་ལ་འདི་ལྟར་འདྲི་འདོད་དེ། ཁྱོད་ཀྱིས་རང་གི་བྱིས་པའི་སྐད་ཆར་ཉན་ཐུབ་བམ། བྱིས་པའི་སྐད་ཆར་མཉན་ཚར་རྗེས་བྱིས་པ་དང་འདྲིས་པར་བྱས་ན་ཆོག་གམ། ཡིན་ནའང་ཕ་མ་མང་པོ་ཞིག་ནི་ཏག་ཏག་བྱིས་པས་སྐད་ཆ་བཤད་ཚར་བར་སྒུག་མི་སྲིད་དེ། བྱིས་པར་འདི་ཡང་མི་འགྲིག གན་ཡང་མ་རེད་ཅེས་བཤད་དེ་ཡུན་རིང་འགོར་རྗེས་བྱིས་པ་ཁྱོད་དང་འབྲེལ་འདྲིས་བྱེད་མི་འདོད་པར་ཆགས་པ་རེད། དགེ་རྒན་གྱིས་སློབ་མར་ལྟ་སྟངས་འཛིན་ལུགས་ཀྱང་དེ་འདྲ་ཡིན་པས་སློབ་མའི་སྐད་ཆར་ཉན་མཁས་པོ་བྱས་ཏེ་འདྲ་མཉམ་གྱི་སྒོ་ནས་སློབ་མ་དང་འབྲེལ་འདྲིས་བྱེད་དགོས། ཅིའི་ཕྱིར་སློབ་མ་རང་གི་རོགས་པ་དང་གྲོགས་པོར་འབྲེལ་འདྲིས་བྱེད་པར་དགའ་བ་རེད། དེ་ནི་རང་གི་རོགས་པ་དང་གྲོགས་པོར་འབྲེལ་འདྲིས་བྱེད་སྐབས་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་ཐུབ་པའི་རྐྱེན་གྱིས་རེད། ཕ་མ་དང་དགེ་རྒན་ཚོ་ནི་མི་ཆེན་དང་དབང་གྲགས་ཅན་ཡིན་པར་འདོད་ཅིང་། ཁོ་ཚོ་ནམ་ཡིན་ཡང་འགྲིག་ཅིང་དག་པར་མཐོང་སྟེ་ཁོ་ཚོས་རྟག་ཏུ་མི་ལ་བསླབ་བྱ་བཏང་ཆོག་པར་བསམ་བཞིན་ཡོད་པ་རེད། དེའི་ཕྱིར། ཕ་མ་ཡིན་ནའང་འདྲ། དགེ་རྒན་ཡིན་ནའང་ཆོག བྱིས་པ་དང་འབྲེལ་འདྲིས་བྱེད་འདོད་ཚེ་སྒྲོབ་ཉམས་དང་ཆེ་ཚུགས་དེ་ངེས་པར་དོར་ནས། བྱིས་པར་འདྲ་མཉམ་གྱི་ལྟ་སྟངས་ཤིག་འཛིན་དགོས་པ་ལས་མི་ཆེན་དབང་གྲགས་མི་སྟོན་ཞིང་།བྱིས་པ་གྲོགས་པོར་མཐོང་ནས་ཁོ་ཚོའི་སེམས་ཀྱི་སྐད་ཆར་ཉན་དགོས། གལ་ཏེ་བྱིས་པས་སེམས་ཀྱི་སྐད་ཆ་ཁྱོད་ལ་བཤད་ཐུབ་ན། སློབ་གསོའི་ཕྱེད་ཀ་ལེགས་འགྲུབ་བྱུང་བ་རེད།

བརྩེ་བ་ནི་སློབ་གསོའི་འབྱུང་ཁུངས་ཡིན་པ་དང་། བརྩེ་བ་མེད་ན་སློབ་གསོ་མེད་པའང་ཚང་མའི་སེམས་ལ་ངེས་དགོས་སོ། །

(རྩོམ་པ་པོ་ནི་ཀྲུང་གོའི་སློབ་གསོ་རིག་གཞུང་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱི་དང་ཞིབ་བསྡུར་སློབ་གསོ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན།)

2013ལོའི《དེ་རིང་གི་སློབ་གསོ》ཞེས་པ་ལས་བདམས་ཤིང་བསྒྱུར།

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།