ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་གློག་ལས་མྱུར་བའི་དུས་རབས་ཉེར་གཅིག་པའི་སྐབས་འདིར། སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་མི་སྒེར་སོ་སོ་འཕེལ་རྒྱས་གཏོང་བའི་རྨང་རྡོ་ཡིན་པར་མ་ཟད། སློབ་གསོའི་སྤུས་ཚད་ཀྱིས་ཐད་ཀར་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་དར་རྒུད་ལ་ཤུགས་རྐྱེན་ཐེབས་ཐུབ། སློབ་གསོའི་འདུ་ཤེས་གསར་བསྒྱུར་དང་སློབ་གསོའི་ཐབས་ལམ་འཕེལ་རྒྱས་སོང་བ་དང་བསྟུན་ནས། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ནི་སློབ་གསོའི་ཁྱབ་ཁོངས་ཀྱི་ཐག་གཅོད་བྱ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེན་དུ་གྱུར་ཡོད། དེ་བཞིན་དམའ་འབྲིང་གི་དགེ་རྒན་དག་གིས་ཀྱང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་ནི་བཤད་ཀྱང་ཅི་ལ་དགོས། འོ་ན་དམའ་འབྲིང་གི་དགེ་རྒན་དག་གིས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་ཇི་ལྟར་འབད་པ་བྱེད་དགོས་ཤེ་ན།
གཅིག སློབ་ཁྲིད་གྲ་སྒྲིག་ལ་ཤུགས་སྣོན་བྱེད་དགོས།
སློབ་ཁྲིད་གྲ་སྒྲིག་ནི་དམའ་འབྲིང་དགེ་རྒན་ཞིག་གིས་སློབ་མ་སྐྱོང་བའི་གོ་རིམ་ཆེས་ཐོག་མ་དེ་རེད། དགེ་རྒན་གྱིས་ངེས་པར་བསླབ་ཚན་ཚད་གཞི་གསར་པར་ཞིབ་འཇུག་དང་། འཁྲིད་བྱའི་བསླབ་གཞི་ལ་ཞིབ་འཇུག་གཏིང་ཟབ་བགྱིས་ཏེ། བསླབ་ཚན་ཚད་གཞི་གསར་པས་བསླབ་ཚན་གྱི་ལྟ་བ་དང་བསླབ་ཚན་གྱི་དམིགས་ཚད། ལོ་རིམ་སོ་སོའི་ཞིབ་ཕྲའི་རེ་བ་གཏན་འབེབས་བྱེད་དགོས་པ་དང་། འཁྲིད་བྱ་སྤྱིའི་ནང་དོན་རྒྱུས་མངའ་ལོན་པར་བྱས་ཏེ། སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད་ཁོང་དུ་ཆུད་དགོས་པར་མ་ཟད། འཁྲིད་ཡུལ་གྱི་སློབ་མའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་འབྱུང་ངེས་པའི་གནད་དོན་སྔོན་དཔོག་དང་། སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་པོ་ཞིབ་ཚགས་དང་གཟབ་ནན་སྒོས་ཇུས་འགོད། ཟུར་ལྟའི་རྒྱུ་ཆ་མང་པོ་འཚོལ་བསྡུ་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བཏང་སྟེ་སློབ་ཐུན་སོ་སོའི་ནང་དོན་ཕུན་སུམ་ཚོགས་པ་དང་། གནད་དུ་འཁེལ་བ། སློབ་མའི་ཆུ་ཚད་དང་མཐུན་པ། འཁྲིད་ཡུལ་གྱི་སློབ་མར་ཕན་ཐོགས་པ་སོགས་ཀྱི་སྔོན་འགྲོ་ཚང་བའམ། སློབ་ཁྲིད་གྲ་སྒྲིག་ཕུན་སུམ་ཚོགས་པ་ཡིས་དགེ་རྒན་གྱིས་སློབ་མར་ཤེས་རྟོགས་ཀྱི་ནུས་པ་ཁྲིད་སྟོན་དང་སློབ་སྦྱོང་གི་སྤྲོ་སེམས་མཐོར་འདེགས་གཏོང་ཐུབ་པ་དང་། ཆེད་ལས་ཤེས་བྱ་མུ་མཐུད་དུ་གསར་བསྒྱུར་བྱས་ཏེ་རིག་ཚན་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་དགོས།
གཉིས། སློབ་ཁང་སློབ་ཁྲིད་ཀྱི་ལས་ཆོད་མཐོར་འདེགས་གཏོང་དགོས།
སློབ་ཁང་ནི་སློབ་གསོའི་གནས་གཞི་གཙོ་བོ་དེ་རེད། དམའ་འབྲིང་གི་སློབ་མ་དག་ལ་མཚོན་ན་ལོ་ན་གཞོན་པས། དགེ་རྒན་གྱིས་སློབ་ཁང་དུ་ཐོན་མ་ཐག་གནས་ལུགས་འབའ་ཞིག་ལ་བརྟེན་ནས་སློབ་མ་སྐྱོང་རྒྱུ་ནི་ཤིན་ཏུ་དཀའ་བར་མཐོང་སྟེ། དེ་ནི་འཁྲིད་ཡུལ་གྱི་སློབ་མའི་བློ་ཚོད་དང་མི་མཐུན་པའམ་གོ་བསྐོན་བློ་འགུགས་ཀྱི་ནུས་པ་མི་ལྡན་པར་སྙམ། དེ་བས་དགེ་རྒན་གྱིས་སྐབས་བསྟུན་སྒོས་སློབ་ཁྲིད་བྱེད་ཐབས་སྣ་མང་སྤྱད་དེ་སློབ་ཁང་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བྱས་ཏེ། སློབ་མའི་སྤྲོ་སྣང་དང་མཐུན་པའི་སྒོ་ནས་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་ཇེ་ལེགས་སུ་གཏོང་བར་འབད་དགོས། སློབ་ཁང་སློབ་ཁྲིད་ཀྱི་རིམ་པ་སོ་སོར་བཀོད་སྒྲིག་འོས་འཚམས་བྱས་ཏེ་གོ་རིམ་ལྡན་ཞིང་དུས་ཚོད་ཆུད་ཟོས་མི་འགྲོ་བར་ཁག་ཐེག་ནུས་ལྡན་བྱེད་དགོས་པར་མ་ཟད། སློབ་མ་རྣམས་ཧུར་ཐག་གིས་སློབ་ཐུན་བྱ་འགུལ་ལ་ཞུགས་པར་སྐུལ་སློང་བྱས་ཏེ། སྤྲོ་སྣང་གི་ཁོར་ཡུག་ཁྲོད་ནས་ཤེས་བྱ་ནུས་ལྡན་ངང་སློབ་མའི་རྒྱུད་དུ་སྤྲོད་ནུས་པར་འབད་པ་བྱེད་དགོས།
སློབ་ཁང་སློབ་ཁྲིད་ཀྱི་ལས་ཆོད་མཐོར་འདེགས་གཏོང་ཆེད། དགེ་རྒན་གྱིས་ཚན་ཆུང་བགྲོ་གླེང་དང་བརྗོད་གཞི་རྩོད་གླེང་། སྒྲུབ་གཞི་ཞིབ་འཇུག་སོགས་བྱེད་ཐབས་སྣ་མང་སྤྱད་དེ། སློབ་མར་ལག་ལེན་ཁྲོད་ནས་ཤེས་བྱའི་གོ་རྟོགས་གཏིང་ཟབ་ཏུ་གཏོང་བའི་གོ་བ་སྐྱེད་པ་དང་། ཁྱད་པར་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་སློབ་ཁང་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པས་སློབ་མའི་སློབ་སྦྱོང་གི་ནང་དོན་ཇེ་ལེགས་སུ་གཏོང་དགོས། དེ་ལྟར་བྱ་དགོས་ཚེ་སློབ་མར་སློབ་ཁྲིད་མ་བྱེད་པའི་ཡར་སྔོན་དུ་དགེ་རྒན་གྱིས་ཀྱང་སློབ་སྦྱོང་གི་རྣམ་འགྱུར་ལེགས་པོ་བཅངས་རྒྱུ་གལ་ཆེའོ། །
གསུམ། ལས་བྱ་ཇུས་འགོད་དང་མཆན་འགོད་དག་བཅོས་ལ་ཤུགས་སྣོན་དགོས།
ལས་བྱ་ནི་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ནང་སྒོས་སུ་དམའ་འབྲིང་དགེ་རྒན་དག་གིས་ངེས་པར་ལས་བྱ་ཇུས་འགོད་ཀྱི་ཞིབ་འཇུག་ལ་འབད་པ་ཧུར་ཐག་བྱེད་དགོས་པར་མ་ཟད། ལས་བྱ་ཇུས་འགོད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས། སློབ་མའི་བློས་འཆུན་ཚོད་དང་བསྟུན་ནས་སྦྱང་བྱའི་ནང་དོན་མཚོན་ནུས་ཤིང་མང་ཉུང་རན་པའི་ལས་བྱ་བཀོད་སྒྲིག་བྱས་ཏེ་སློབ་མའི་ཤེས་བྱའི་ཆུ་ཚད་མཐོར་འདེགས་དང་བསླབ་བྱའི་ནང་དོན་ཁོང་དུ་ཆུད་ནུས་པར་བྱེད་དགོས། ལས་བྱ་མཆན་འགོད་དག་བཅོས་བྱེད་དུས་ནན་ཏན་ཞིབ་ཚགས་ཀྱི་སྒོ་ནས་དག་བཅོས་དང་། མཆན་འགོད། དཔྱད་འཇོག་སོགས་བྱས་ཏེ། ལས་བྱ་བརྒྱུད་ནས་ཁྲིད་ཟིན་པའི་ནང་དོན་སློབ་མར་ཡང་བསྐྱར་མཛུབ་སྟོན་ཐེངས་གཅིག་བྱེད་དགོས།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲམ་པའི《དུས་རབས་གསར་པའི་སློབ་གསོའི་དཔྱད་འཇོག་བཅོས་བསྒྱུར་གྱི་སྤྱི་ཁོག་འཆར་གཞི》ལས་བསྟན་དོན། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམ་པས་སློབ་ཁྲིད་ཀྱི་དཔྱད་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སློབ་ཁྲིད་དགེ་རྒན་དག་གིས་སློབ་སྐབས་སོ་སོར་སློབ་མ་རེ་རེའི་སྦྱངས་འབྲས་ལ་དཔྱད་འཇོག་གཏིང་ཟབ་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། དེ་བས། སློབ་མའི་སྦྱངས་འབྲས་ལ་དཔྱད་འཇོག་སྤེལ་བར་དགེ་རྒན་གྱིས་ངེས་པར་ལས་བྱའི་མཆན་འགོད་དང་སྦྱངས་འབྲས་དཔྱད་འཇོག་གཉིས་ཟུང་འབྲེལ་སྒོས་སློབ་མའི་ཤེས་རྟོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་དགོས། གཞན་དགེ་རྒན་གྱིས་གསར་གཏོད་རང་བཞིན་གྱི་ལས་བྱ་ཇུས་འགོད་བྱས་ཏེ་སློབ་མ་དག་གིས་སྦྱངས་ཟིན་པའི་ཤེས་བྱ་རྣམས་དངོས་ཡོད་འཚོ་བའི་ཁྲོད་ལག་ལེན་ཐུབ་པ་དང་། གནད་དོན་ཐག་གཅོད་ཀྱི་གོ་རིམ་ཁྲོད་སློབ་མའི་དགག་སྒྲུབ་རང་བཞིན་གྱི་བསམ་གཞིག་དང་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་དགོས།
བཞི། འཁྲིད་བྱའི་ཡུལ་དུ་གྱུར་པའི་སློབ་མར་རྒྱུས་ལོན་གཏིང་ཟབ་བྱེད་དགོས།
སློབ་མ་ནི་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ཡིན། དགེ་རྒན་གྱིས་སློབ་མའི་དགོས་མཁོ་དང་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་སེམས་ཁམས་ཀྱི་འགྱུར་ལྡོག སློབ་མའི་ཁྱད་པར་ལ་དབྱེ་ཞིབ་བྱེད་དགོས་པར་མ་ཟད། སློབ་མ་སོ་སོའི་སྐབས་བབ་ཀྱི་གནས་ཚོད་དང་མི་འདང་སར་རྒྱུས་ལོན་བྱེད་པ་དང་། སློབ་གསོའི་ཐབས་ལམ་བཅོས་བསྒྱུར་དང་སློབ་མ་རེ་རེའི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་ཏེ། སློབ་མའི་དཀའ་ཁག་བསལ་བར་རོགས་སྐྱོར་དང་སློབ་མའི་སློབ་སྦྱོང་གི་འདུན་པ་དང་སྤོབས་པ་ཆེ་རུ་གཏོང་དགོས། ནང་སྒོས་སུ་དམའ་འབྲིང་དགེ་རྒན་དག་གིས་ངེས་པར་དགེ་སློབ་ཀྱི་འབྲེལ་བ་ལེགས་པོ་ཡོང་བར་བྱས་ཏེ། སློབ་མས་ཡིད་ཆེས་རུང་བའི་གྲོགས་པོ་དང་མཛུབ་སྟོན་ནུས་པའི་དགེ་རྒན་ཞིག་ཏུ་འགྱུར་བར་བརྩོན་དགོས། དུས་བཅད་ལྟར་སློབ་མར་བསམ་བློ་བརྗེ་རེས་ཀྱིས་སློབ་མའི་བསམ་པའི་འཁྱེར་སོ་དང་གྲོས་གཞི་དང་ལེན་ཡོད་པའི་སྒོ་ནས་དུས་ལྟར་སློབ་མར་རྒྱབ་སྐྱོར་དང་སྐུལ་ལྕག་གཏོང་དགོས། དེ་མིན། ཉིན་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་རྒྱུགས་འབྲས་ལ་དབྱེ་ཞིབ་བྱེད་པའི་ཐབས་ལམ་ལ་བརྟེན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་མ་སོ་སོའི་སློབ་སྦྱོང་གི་འཕེལ་རྒྱས་ལ་དཔྱད་འཇོག་གིས་ཁྱད་ཆོས་ལྡན་པའི་གསབ་ཁྲིད་ཀྱི་འཆར་གཞི་གསར་པ་དགོད་དགོས། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་དམའ་འབྲིང་རིམ་པའི་སློབ་མ་དག་གི་ཤེས་བྱའི་ཆུ་ཚད་ཅུང་དམའ་བ་དང་། ལོ་ན་ཆུང་དྲགས་པས་རང་རྟོགས་ཀྱི་འདུ་ཤེས་ཞན་པ། མི་ཚེ་ཡི་ཉམས་མྱོང་དབེན་པས་དཀའ་ཁག་ལ་གདོང་ལེན་དཀའ་བ། དགེ་རྒན་ནི་བློས་འཁེལ་ཡུལ་གཙོ་བོ་རུ་བཟུང་ཡོད་པས། དགེ་རྒན་གྱིས་རང་རྟོགས་སྒོས་སློབ་མར་རྒྱུས་ལོན་བྱས་ཏེ། སློབ་མ་དག་སྐབས་སྐབས་སུ་འཕྲད་བཞིན་པའི་གནད་དོན་ཅི་ཡོད་འཕྲལ་མར་ཐག་གཅོད་ཐུབ་པར་བྱེད་དགོས།
ལྔ། དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་ཀྱི་འབྲེལ་ལམ་ཡག་པོ་ཡོང་བར་བྱེད་དགོས།
སློབ་མ་གཅིག་སྐྱོང་བ་ལ་ཁྱིམ་ཚང་དང་སློབ་གྲྭ། དགེ་རྒན་དང་ཕ་མ་བཅས་ཀྱི་གྲུབ་ཆ་གཅིག་ཀྱང་མེད་མི་རུང་། ཁྱད་པར་གྲུབ་ཆ་དེ་དག་བར་གྱི་འབྲེལ་ལམ་ཤིན་ཏུ་གལ་ཆེན་པོ་ཡིན། དགེ་རྒན་གྱིས་སློབ་མར་ཤེས་བྱ་མཁོ་སྤྲོད་དང་ཀུན་སྤྱོད་ལེགས་ལམ་དུ་འཁྲིད་པའི་གོ་རིམ་ཁྲོད་སློབ་མ་དང་ཁ་ཐག་ཉེ་བར་བྱེད་དགོས་ཤིང་། དེ་ཡིས་དགེ་རྒན་གྱིས་སློབ་མར་སློབ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་ཆེ་རུ་གཏོང་ཐུབ། མ་ཟད་སློབ་མ་རེ་རེར་བརྩི་འཇོག་དང་བྱམས་སྐྱོང་བྱས་ཏེ་འདྲ་མཉམ་ཡིད་རྟོན་གྱི་མཐུན་སྦྱོར་འབྲེལ་ལམ་འཛུགས་དགོས། དེ་ལས་གཞན་ཁྱིམ་བདག་དང་འབྲེལ་འདྲིས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་དུས་ལྟར་སློབ་མའི་སློབ་གྲྭའི་གནས་ཚུལ་ཡར་ཞུ་དང་ཁྱིམ་བདག་གི་བསམ་འཆར་དང་ལེན་གྱིས་ཁྱིམ་བདག་དང་སློབ་གྲྭ་མཉམ་གནས་ཀྱི་ནུས་པ་བཏོན་ནས་མཉམ་དུ་སློབ་མ་འཚར་ལོངས་འབྱུང་བར་ཤུགས་སྣོན་དགོས། ཁྱད་པར་དམའ་འབྲིང་དགེ་རྒན་དག་གིས་འབྲེལ་བ་འདིའི་ཐད་དུ་རང་རྟོགས་སྒོས་ནུས་པ་ཆེན་པོ་འདོན་དགོས། དམའ་འབྲིང་རིམ་པའི་སློབ་མ་ནི་ལོ་ཚོད་དང་བློ་ཚོད་གང་ཐད་ནས་ཅུང་ཞན་པའི་སྐབས་ཤིག་ཏུ་འཁེལ་ཡོད་སྟབས། དགེ་རྒན་དང་ཁྱིམ་བདག སློབ་མ་དག་གི་འབྲེལ་འདྲིས་ཤིན་ཏུ་གལ་ཆེ་བ་དང་། དགེ་རྒན་གྱིས་ཁྱིམ་བདག་དང་ཟུང་འབྲེལ་གྱིས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་མཐོར་འདེགས་དང་། སློབ་མའི་བདེ་ཐང་གི་ལུས་སེམས་གསོ་སྐྱོང་བྱེད་དགོས། དེ་མིན་ན་དམའ་འབྲིང་གི་སློབ་མ་མང་ཆེ་བར་རང་ངོས་ནས་གནད་དོན་དེ་དག་ཐག་གཅོད་ཀྱི་ནུས་པ་ཤིན་ཏུ་ཞན་ནོ། །