ཁྱིམ་ཚང་སློབ་གསོས་མི་ཞིག་གི་མི་ཚེ་གང་བོའི་སློབ་གསོའི་གོ་རིམ་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་རེད། དེ་ནི་དམངས་སྤྱི་པའི་སློབ་གསོ་དང་མི་ཞིག་གི་མི་ཚེ་གང་པོའི་སློབ་གསོའམ་ཚེ་རབས་ཕྲེང་བའི་སློབ་གསོ་གང་ཉིད་ལམ་ལ་འགྲོ་མིན་གྱི་རྩ་བ་ཡིན། དེས་བྱིས་པའི་སྒོ་གསུམ་གྱི་བྱས་པ་ཐམས་ཅད་ལ་ཤུགས་རྐྱེན་ཐེབས་ཏེ་ཕྱིས་སུ་མི་ཇི་འདྲ་ཞིག་ཏུ་འགྱུར་བར་ཐད་ཀར་ཤན་ཤུགས་ཐེབས་པས། ཁྱིམ་ཚང་སློབ་གསོ་ནི་སློབ་གསོ་ཀུན་གྱི་ལྟེ་བ་ཡིན།
དང་པོ། ཁྱིམ་ཚང་སློབ་གསོའི་གནས་བབ་ངོ་སྤྲོད།
དེང་གི་དུས་ནི་དཔལ་འབྱོར་གྱི་འདུ་འགོད་རྩེན་ཞིང་སྤྱི་ཚོགས་ཀྱི་འཕེལ་འགྱུར་གློག་ལྟར་མྱུར་བའི་དུས་སྐབས་དམིགས་བསལ་བ་ཞིག་ཡིན་པས། རང་རེའི་ཡུལ་དུའང་གནའ་ནས་ད་ལྟའི་འཚོ་བའི་གོམས་སྲོལ་ལ་ཡང་དྲང་ལྡོག་གཉིས་ཀྱི་ཆ་ནས་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། དེས་བྱིས་པ་རྣམས་ཀྱི་བསམ་བློ་གཏོང་སྟངས་དང་འགྲོ་ལུགས་འདུག་སྟངས་སོགས་སྒོ་གསུམ་ཐམས་ཅད་ལ་ཤན་ཤུགས་ཆེན་མོ་ཐེབས་ཀྱིན་འདུག་སྟེ། གཅིག་ནས་བྱིས་པ་རྣམས་ཆུང་ངུའི་དུས་ནས་རང་གི་ཕ་ཡུལ་དང་བྲལ་ནས་སློབ་གྲྭར་སོང་བའི་དབང་གིས། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་འཚོ་བའི་གོམས་སྲོལ། ཟ་ལུགས་འཐུང་སྟངས་སོགས་གལ་ཆེ་བའི་དོན་དག་མང་པོ་ཞིག་དངོས་སུ་མྱོང་ཐུབ་ཀྱིན་མེད་པས། བྱིས་པ་རྣམས་རང་གི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་མཛེས་པར་མྱོང་བར་མི་སྤྲོ་ཞིང་། ཡུལ་སྲོལ་གོམས་གཤིས་ལ་ཞེ་མི་དུངས་པའི་རྣམ་པ་ཞིག་བྱུང་དང་འབྱུང་བཞིན་འདུག ཡང་བྱིས་པ་ཕལ་ཆེ་བ་ནི་ཕ་མས་དངོས་སུ་སྐྱོང་མ་ཐུབ་པར་མི་རབས་རྒན་པ་ཁོ་ནས་སྙོར་ཞིང་བསྐྱངས་པས། བྱིས་པ་རྣམས་ཀྱི་སྒོ་གསུམ་གྱི་སྤྱོད་པ་རྒྱ་ཡན་དུ་ཤོར་བ་དང་། འགྲོ་འདུག་སྤྱོད་གསུམ་དུས་རབས་ཀྱི་རྗེས་ཟིན་དཀའ་བ་རེད། དེ་བས་གནད་ཆེན་པོ་འདི་གཉིས་ལ་ལེགས་ཉེས་ཀྱི་ཆ་གཉིས་ཡོད་ཀྱང་། ཅི་ནུས་ཀྱིས་ཞན་ཆ་དོར་ཅིང་ལེགས་ཆ་འཛིན་ཞིང་སྐྱོང་རྒྱུ་ནི་རང་དང་ཁྱིམ་ཚང་། རྒྱལ་ཁབ་ཀུན་ལ་སྨན་པའི་ལས་ཁོ་ནར་མཐོང་བས། ཕྲན་གྱིས་གནད་འདི་གཉིས་ལེགས་ལམ་དུ་འགྲོ་བ་ལ་རང་གི་བསམ་ཚུལ་འགའ་ཞིག་ཞུ་བར་བྱ།
གཉིས་པ། ཁྱིམ་ཚང་སློབ་གསོ་ལེགས་པར་བསྒྲུབ་པའི་ཐབས།
(1) ཕ་ཡུལ་གྱི་སྣོད་བཅུད་ལ་དགའ་བའི་སེམས་བསྐྱེད་པ།
བྱིས་དུས་ཀྱི་བག་ཆགས་ཀྱིས་མི་ཞིག་གི་ཚེ་གང་བོའི་སྒོ་གསུམ་བྱས་པ་ཐམས་ཅད་ལ་ཤུགས་རྐྱེན་ཐེབས་པས། མི་རིགས་གཞན་གྱིས་ཆུང་ངུའི་དུས་ནས་བྱིས་པ་རང་བྱུང་ཁམས་དང་ཉེ་བར་བཅར་དུ་བཅུག་སྟེ། རང་བྱུང་ཁམས་དང་དེར་ཡོད་པའི་རི་ཆུ་ནགས་གསུམ་དང་ཉི་ཟླ་སྐར་གསུམ། རི་རབ་ཁང་ཁྱིམ། གློག་གི་འོད་དང་འབྲུག་གི་སྒྲ། ནམ་མཁར་འཕུར་བའི་འདབ་ཆགས་ཀྱི་རིགས་སྣ་ཚོགས། ས་རུ་ཡོད་པའི་སྲོག་ཆགས་དང་རྩི་ཤིང་། ཤིང་ཏོག་དང་འབྲུ་སེའུ་ཡི་རིགས་སྣ་ཚོགས། ཆུའི་ནང་གནས་པའི་གསེར་མིག་ཉ་ཆུང་དང་ལྕོང་མོ་སོགས་སེམས་ཅན་མང་པོར་མིག་གིས་ལྟ་བ་དང་རྣ་བས་ཉན་པ། སྣ་ཡིས་སྣོམ་པ། ལུས་དང་ལྕེ་ཡིས་མྱོང་བར་བསྐུལ་ཏེ་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་དུ་འཇུག་གི་ཡོད།
ཁོང་ཚོའི་དབང་བོ་རྣམ་ལྔར་སྦྱོང་བརྡར་བྱས་ཏེ། བྱིས་པ་རང་གི་ཕ་ཡུལ་ལ་དགའ་བ་དང་རང་བྱུང་ཁམས་ནས་ཤེས་བྱ་མང་པོ་སློབ་པར་ཁོར་ཡུག་བསྐྲུན་ནས། བྱིས་པའི་སྒོ་གསུམ་སྤྱོད་པ་ཡར་ལྡན་དུ་གཏོང་བར་འབད་ཅིང་བརྩོན་པས། རང་རེས་ཀྱང་གནད་འདི་ལེགས་པར་ངོས་བཟུང་སྟེ་ཁོམ་པའི་སྐབས་དང་བསྟུན་ནས་ཁྱིམ་མི་དག་གིས་བྱིས་པ་རང་གི་ཕ་ཡུལ་གྱི་ཕྱོགས་ཐམས་ཅད་དུ་ཁྲིད་དེ་སྣོད་བཅུད་ཀྱི་དགེ་མཚན་མ་ལུས་དངོས་སུ་མྱོང་བར་བསྐུལ་བ་དང་། བྱིས་པ་རྣམས་ལ་དགའ་བ་བསྐྱེད་པ་དང་། རང་གིས་ཀྱང་ཐོས་བསམ་ལེགས་པོར་བྱེད་པ་དང་།རང་བྱུང་ཁམས་ནི་ཤེས་བྱ་མ་ལུས་ཀྱི་འབྱུང་གཞི་ཡིན་པའི་གདེང་ཐོབ་པར་བྱས་ནས་དེ་ལས་བྱིས་པར་ཤེས་བྱའི་ཁོ་ལག་རྫོགས་པར་འབད་ཅིང་བརྩོན་དགོས་སོ། །
(2) ཁྱིམ་མིའི་སྤྱོད་ལམ་གྱིས་བྱིས་པར་མིག་དཔེ་སྟོན་པ།
མི་ཞིག་ལ་ཀུན་སློང་རྣམ་དག་ཅིག་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་སྟེ། དེ་ནི་ཡིད་དང་འདྲེས་ཤིང་མི་ཡི་ལུས་ངག་གཉིས་ལ་བཀོད་འདོམས་ལྟ་བུའི་ནུས་པ་ཐོན་པས། ཆུང་ངུའི་དུས་ནས་མིག་གིས་ཕྱིན་ཅི་ལོག་པའི་བྱ་སྤྱོད་དེ་རྐུན་དང་ཇག་བྱེད་པ་སོགས་མཐོང་ནས་ནར་སོན་པའི་བྱིས་པ་ཞིག་ཡིན་ན། དེའང་དེ་འདྲ་ཞིག་ཏུ་འགྱུར་སླ་བས། ཁྱིམ་བདག་རྣམས་ཀྱིས་རང་ཉིད་ནས་མགོ་བརྩམས་ཏེ་རྐུན་དང་ཇག་མི་བྱེད་པ་དང་། ནང་མིའི་བར་བཟའ་འཁོན་མི་བྱེད་པར་རང་ཉིད་འཚོ་ཞིང་གནས་པའི་འཇིག་རྟེན་ནི་དེ་འདྲའི་དྲི་མས་མ་གོས་ཤིང་ལྷད་མེད་པའི་འཇིག་རྟེན་ཞིག་ཡིན་པ་སྟོན་དགོས་སོ། །དེ་བཞིན་རང་གི་རིག་གནས་ཀྱིས་སྙིང་པོ་བྱས་པའི་སྒྲུང་དང་གཏམ་རྒྱུད་སོགས་བཤད་དེ་ལས་རྒྱུ་འབྲས་དང་བྱམས་སྙིང་རྗེ་སོགས་ཀྱི་བསམ་བློ་སེམས་ཀྱི་ཟབ་སར་འཇོག་ཅི་ཐུབ་བྱ་དགོས།
དཔེར་ན། སྲོག་ཆགས་ཆུང་ཆུང་ལ་གཅེས་སྐྱོང་བྱེད་པ་ནི་འཇར་མན་གྱི་བྱིས་པ་མང་པོ་ཞིག་གིས་དང་ལེན་བྱས་པའི"གཤིས་བཟང་སློབ་གསོ"ཞིག་རེད། བྱིས་པ་ད་སོ་མར་གོམ་པ་སྤོ་ཤེས་མ་ཐག་ཏུ་འཇར་མན་གྱི་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཆེད་དུ་བྱིས་པར་ཁྱི་གུ་དང་བྱི་ལ། རི་བོང་དང་གསེར་ཉ་སོགས་སྲོག་ཆགས་ཆུང་ཆུང་གསོ་བར་མ་ཟད། བྱིས་པར་དངོས་སུ་སྲོག་ཆགས་ཆུང་ཆུང་དེ་དག་ལ་ལྟ་སྐྱོང་བྱེད་དུ་འཇུག་པའི་གོ་རིམ་ཁྲོད་ནས་ཉམ་ཆུང་གི་ཚེ་སྲོག་ལ་བདག་སྐྱོང་བྱེད་ཤེས་སུ་འཇུག་པ་རེད། དེ་བཞིན་རང་རེའི་ཁྱིམ་བདག་དག་གིས་ཀྱང་བྱིས་པའི་ལུས་སེམས་ཡོངས་རྫོགས་བྱ་འགུལ་འདི་ལྟ་བུ་ལ་དངོས་སུ་ཞུགས་སུ་བཅུག་ནས་བྱིས་པའི་ནང་སེམས་དྲི་མས་མ་གོས་ཤིང་རང་ཉིད་འཚོ་ཞིང་གནས་པའི་གནས་འདིར་དགའ་ཞིང་། འདིར་འཚོ་བའི་སྲོག་ཆགས་དུད་འགྲོ་དང་བཅས་པར་ཡང་འཚེ་བ་མི་བྱེད་པའི་བསམ་བློ་གཙང་མ་ཞིག་སྐྱེ་བར་འབད་དགོས་ཤིང་། དེའང་ཁྱིམ་བདག་རང་ཉིད་རྩ་བར་བྱས་ཏེ་མིག་དཔེ་སྟོན་པ་ལས་བྱིས་པ་གཅིག་པུར་རེ་བ་འཛིན་པ་ནི་འགྲུབ་ཐབས་མེད་པའི་དོན་ཞིག་ལས་མ་འདས་སོ། །
(3) བྱིས་པར་རེ་བ་དང་ཕུགས་འདུན་བསྐྲུན་པ།
ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པར་སློབ་གཉེར་གྱི་གོ་རིམ་བསྟན་དུས། གཞོན་ནུ་བློ་བཟང་གྲགས་པ་ཁྱོད། །སྔོན་སྦྱང་དགེ་བའི་ལས་འཕྲོ་ཅན། །སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུང་བའི་བག་ཆགས་ཡོད་པར་ངེས། །ཞེས་རྗེ་རིན་པོ་ཆེ་ལ་རེ་བ་དང་ཕུགས་འདུན་བསྐྲུན་པའི་ཆེད་དུ་ཁོང་ལ་སྙིང་ཕུར་གདབ་པས། ཁྱིམ་བདག་རྣམས་ཀྱིས་ཀྱང་རང་གི་བུ་ཕྲུག་ལ་འོས་འཚམ་གྱིས་རང་དབང་གི་ཁོར་ཡུག་བསྐྲུན་ཏེ་རེ་བ་དང་ཕུགས་འདུན་བསྐྲུན་པ་ལས་ཁོ་ཚོའི་རང་བརྩིས་བསམ་པར་ཅི་མི་སྙམ་པར་རྡོག་བརྫིས་གཏོང་མི་རུང་བར་མ་ཟད། རྣ་བས་གོ་ཚད་བྱིས་པར་བཤད། མིག་གིས་མཐོང་ཚད་བྱིས་པར་བསྟན། ལུས་ཀྱིས་གོན་ཚད་བྱིས་པར་སྤྲད། ལྕེ་ཡིས་མྱོང་ཚད་བྱིས་པར་ཟ་རུ་བཅུག་ན་བྱིས་པའི་ཀུན་གྱི་རྩ་བར་གྱུར་བའི་བདེ་ཐང་དང་དེ་ནས་བྱིས་པའི་རེ་བ་དང་ཕུགས་འདུན་མང་པོ་ཞིག་བཅོམ་པའི་རྒྱུ་རུ་འགྱུར་བའོ། །
(4) བྱིས་པར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་པ།
བྱིས་པའི་ཐོས་བསམ་སློབ་གཉེར་སྐྱོང་བ་ལ་གཅིག་ནས་བྱིས་པ་རང་གི་སློབ་སྦྱོང་བྱེད་ཕྱོགས་ལ་ཆ་རྒྱུས་ཡོད་པར་བྱས་ཏེ་དེ་ལ་བརྩི་འཇོག་བྱེད་པ་ལས་རང་གི་དྲན་ཚད་ཀྱིས་བྱིས་པའི་ཐོས་བསམ་ལམ་བུར་གྲིས་བཅད་པ་ལྟ་བུའི་ཐག་གཅོད་མི་རུང་། གཉིས་ནས་མི་རེ་རེར་བསམ་བློ་མི་འདྲ་བ་རེ་རེ་དང་འཇོན་ནུས་མི་འདྲ་བ་རེ་རེ་ཡོད་པས་མེ་ཏོག་ལྡུམ་རའི་ནང་གི་མེ་ཏོག་ཡོད་ཚད་གཅིག་ཏུ་གཏོང་བའི་བསམ་བློས་རང་གི་བྱིས་པ་གཞན་གྱི་བྱིས་པ་དང་བཙན་གྱིས་བསྡུར་ཏེ་བྱིས་པའི་ལུས་སེམས་ལ་གནོད་བྱེད་པའི་ལས་ལ་འཇུག་མི་རུང་། ཡང་ཕྱོགས་གཞན་ཞིག་ནས་ཁྱིམ་བདག་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན་པས། བྱིས་པ་སྐྱོང་བ་ལ་ཐོག་མར་རང་གིས་ཅི་ནུས་ཀྱིས་དཔེ་ཀློག་བྱས་ཏེ་རང་གི་སྒོ་གསུམ་གྱི་བྱས་པ་ཐམས་ཅད་ཡར་ལྡན་དུ་གཏོང་བ་དང་དེས་བྱིས་པ་ལ་མིག་དཔེ་བཟང་པོ་སྟོན་དགོས།
མདོར་ན། བྱིས་པའི་དབང་པོ་རྣམ་ལྔ་ལེགས་པར་སྤྱོད་པར་འབད་དེ་རང་བྱུང་ཁམས་དང་རང་གི་ཕ་ཡུལ། དེར་གནས་པའི་མི་དང་སེམས་ཅན། དེར་ཡོད་པའི་འགྲོ་ལུགས་འདུག་སྟངས་ནི་ཤེས་བྱའི་མ་ལག་ཕོན་ཆེན་ཞིག་དང་སྤྱད་ན་འཛད་མཐའ་མེད་ཅིང་རོལ་ན་རྨི་ལམ་གྱི་ཞིང་ལྟ་བུ་ཞིག་ཡིན་པར་བསླབས་ནས་ཆུང་ངུའི་དུས་ནས་དེ་ལ་གློ་དགའ་བར་འབད་པ་དང་། དེ་ལས་གཞན་སེམས་ཀྱིས་མིའི་ལུས་ངག་གཉིས་ལ་ཁ་ལོ་ནར་མར་བསྒྱུར་ཏེ་བྱ་བ་ཀུན་མགོ་རྩོམ་པས། ཁྱིམ་བདག་རྣམས་ཀྱིས་ངེས་པར་རང་གིས་ཅི་ནུས་ཀྱིས་བྱིས་པར་མིག་དཔེ་བསྟན་ནས་བྱིས་པར་ཕུགས་འདུན་བསྐྲུན་ཅིང་སློབ་སྦྱོང་གི་ཁོར་ཡུག་ལེགས་པར་སྤྲད་ནས། སྤྱོད་ཡོན་གཉིས་ཀྱིས་ཕྱུག་ཅིང་དུས་རབས་གསར་པའི་རྗེས་ཟིན་ངེས་པའི་བུ་དང་བུ་མོ་སྐྱོང་བ་ལ་འབད་ཅིང་བརྩོན་དགོས་སོ། །