ཀྲུང་གོ་བོད་ཀྱི་དྲ་བ།

དམའ་འབྲིང་སློབ་མར་སྐད་ཡིག་སློབ་ཁྲིད་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྒྲོལ་མ་དོན་གྲུབ། གུང་ཧོ་རྫོང་མཁར་བྱང་ལོ་དགུའི་ལུགས་ཀྱི་སློབ་གྲྭ།   སྤེལ་དུས། : 2025-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་སྐྱ་པཎ་ཆེན་མཆོག་གིས"འཇིག་རྟེན་འདི་དང་ཕ་རོལ་གྱི། །བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །"ཞེས་གསུངས་པ་ལྟར། བྱ་གཞག་གང་ཞིག་བསྒྲུབས་ཀྱང་ཐབས་དང་ཤེས་རབ་གྲོགས་ལ་བརྟེན་ན་བསྒྲུབ་འདོད་པའི་བྱ་བ་དག་བདེ་བླག་ངང་སྒྲུབ་ཐུབ་པ་བཞིན། སྐད་ཡིག་གི་སློབ་ཁྲིད་བྱེད་སྐབས་ཀྱང་སློབ་གསོ་དེང་རབས་ཅན་དང་འཛམ་གླིང་ཅན་དུ་ཁ་ཕྱོགས་ནས། རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་དང་། འཛམ་གླིང་གི་སྔོན་ཐོན་རིག་གནས་ནང་འདྲེན་བྱེད་པའི་རྩ་དོན་གཞིར་བཟུང་ནས་དེང་རབས་ཀྱི་བསླབ་གཞི་གསར་པའི་འཁྲིད་ཐབས་གསར་པར་ཤུགས་སྣོན་བྱས་ན། དུས་རབས་དང་འཚམ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཐུབ་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སློབ་མ་ཚོ་འཚར་ལོངས་དང་དགའ་མོས་ཀྱི་ཕྱོགས་སུ་གང་ནུས་ཀྱིས་སྐྱེད་སྲིང་བྱེད་ཐུབ།

དགེ་རྒན་གྱི་སློབ་ཁྲིད་ལས་སློབ་མའི་མ་འོངས་པའི་མདུན་ལམ་དང་། སློབ་སྦྱོང་གི་འབྲས་བུ་སོགས་ཡོད་ཚད་ཐག་གཅོད་བྱེད་ཀྱིན་ཡོད་པས། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་ལ་དམིགས་ཏེ། གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་རྒྱུ་ཧ་ཅང་གལ་ཆེ།

སྐད་ཡིག་སློབ་ཁྲིད་ཀྱི་རྩ་གནད་ལས"སློབ་མས་ཡང་དག་པའི་སྒོ་ནས་སྐད་དང་ཡི་གེའི་དོན་གོ་ཞིང་བཀོལ་སྤྱོད་བྱེད་ཤེས་པར་མཛུབ་སྟོན་བྱེད་དགོས་པ་དང་། སྐད་ཆ་ཕུན་སུམ་ཚོགས་པར་གཏོང་བ་དང་། བོད་ཀྱི་སྐད་དང་ཡི་གེ་ལ་དགའ་བ་དང་མེས་རྒྱལ་གྱི་ཕུལ་བྱུང་རིག་གནས་ལ་དགའ་བའི་བསམ་བློའི་བརྩེ་དུང་སྐྱེད་སྲིང་བྱས་ཏེ། སྐད་ཆའི་འབྲེལ་འདྲིས་དང་ཀློག་གི་ནུས་པ་ལྡན་པར་བྱེད་དགོས་ལ། སྐད་ཡིག་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་དགོས"ཞེས་བསྟན་པ་བཞིན་དུ། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ། ཚན་རིག་གི་བློ་སྒོ་འབྱེད་པའི་བསམ་པའི་དཔལ་ཡོན་མངོན་འགྱུར་བྱས་ཏེ། སློབ་མའི་གསར་གཏོད་ཀྱི་ནུས་པ་དང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ་དང་།ཕྱོགས་ཡོངས་ནས་སློབ་མའི་རིག་སྟོབས་དང་ཡོན་ཏན་འཕེལ་བའི་ཐབས་ལ་བརྩོན་ལེན་བྱེད་དགོས།

དེའི་རྨང་གཞིའི་སྟེང་རིག་གནས་ཀྱི་ཡོན་ཚད་དང་མཛེས་རྟོག་གི་དགའ་སྣང་། བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་ཚུལ་ལ་ངེས་ཤེས་བསྐྱེད་པ་དང་། བོད་ཀྱི་རིག་གནས་ལས་བྱུང་བའི་ཤེས་རབ་དང་། ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་སྡུད་ལེན་བྱེད་དགོས། ལྷག་པར་སྐད་དང་ཡི་གེ་ལ་དགའ་བའི་བསམ་བློ་སྐྱེད་སྲིང་དང་། སྐད་ཡིག་སློབ་སྦྱོང་བྱེད་པའི་ཡིད་ཆེས་དང་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་པ་དང་།བསམ་གཞིགས་དང་རྟོག་དཔྱོད། འཆར་ཡན་གྱི་ནུས་པ་སྐྱེད་སྲིང་དང་། ཡང་དག་པའི་ལྟ་བ་དང་ཚན་རིག་དང་མཐུན་པའི་བསམ་བློའི་འདུ་ཤེས་ཇེ་མཐོར་གཏོང་དགོས། ང་ཚོས་རང་གི་ཕུལ་དུ་བྱུང་བའི་ཁྲིད་རྒྱུན་གྱི་རྨང་གཞིའི་སྟེང་ནས་ཁྲིད་ཐབས་ཀྱི་རྣམ་པ་དང་སྐད་ཡིག་གི་ཁྱད་ཆོས་གཞིར་བཟུང་སྟེ། དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་ལ་སྣེ་ཁྲིད་དང་མཛུབ་སྟོན་བྱེད་པ། སློབ་མར་རོགས་རམ་བྱས་ཏེ་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་པ་དང་། སློབ་མས་ཤེས་བྱ་བཀོལ་སྤྱོད་བྱས་ནས་ནུས་རྩལ་ཆགས་པ། ནུས་པ་གོང་འཕེལ་དུ་འགྲོ་བར་སྣེ་ཁྲིད་བྱེད་དགོས། སློབ་ཁྲིད་ཀྱི་སྐབས་སུ་བཤད་བརྗོད་ཀྱི་ཐབས་དང་། འགྲེལ་བཤད་ཀྱི་ཐབས། གཏམ་བཤད་ཀྱི་ཐབས། ཀློག་དང་གདེང་འཇོག་གི་ཐབས། དཔྱད་བརྗོད་ཀྱི་ཐབས་སོགས་གང་ལ་གང་འཚམ་གྱིས་བཀོལ་ན་ཕན་ཐོགས་ཆེ་བར་སེམས་སོ། །

1.བཤད་བརྗོད་ཀྱི་ཐབས།

བཤད་བརྗོད་ཀྱི་ཐབས་ནི་དགེ་རྒན་གྱིས་འཁྲིད་བྱའི་ནང་དོན་དེ་སློབ་མ་རྣམས་ལ་ཆ་ཚང་ཞིང་དོན་གྱི་སྔ་ཕྱི་འབྲེལ་ཆགས་པའི་སྒོ་ནས་འཁྲིད་པའི་ཐབས་ལམ་ཞིག་ཡིན་ལ།དགེ་རྒན་གྱིས་སློབ་མ་རྣམས་ལ་འཁྲིད་བྱའི་ནང་དོན་ཞིབ་ཏུ་བརྗོད་པའམ་ཡང་ན་འཁྲིད་གཞིའི་ནང་དོན་དང་ཁོར་ཡུག གནས་བབ་བཅས་བརྗོད་སྐབས། རྩོམ་ཡིག་གི་རྒྱབ་ལྗོངས་སམ་རྩོམ་པ་པོའི་དགོངས་དོན་དང་། རྩོམ་འབྲིའི་དམིགས་ཡུལ། དེས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་སོགས་ལེགས་ཉེས་བླང་དོར་གྱི་དབྱེ་བ་ཇི་འདྲ་ལྡན་པར་གདེང་འཇོག་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་དང་། རིམ་གྱིས་རྩོམ་གྱི་འབྲེལ་ཡོད་ཤེས་བྱ་དང་གཏམ་རྒྱུད་བཅས་མཚམས་སྦྱོར་བྱས་ཏེ་སློབ་མའི་སྤྲོ་སྣང་དང་འཆར་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་དང་། ལྷག་པར་སློབ་མར་རྩོམ་འབྲིའི་ཐབས་ལམ་དང་། རྩོམ་གྱི་མགོ་རྩོམ་ཚུལ་ནས་མཇུག་ཇི་ལྟར་བསྡུ་བ་བཅས་རིམ་པ་མ་འཁྲུགས་པར་ཁ་གསལ་ལ་གོ་བདེ་བའི་ངང་ནས་འཁྲིད་རྒྱུ་ནི་ཧ་ཅང་གལ་ཆེ་བའོ། །

2.འགྲེལ་བཤད་ཀྱི་ཐབས།

འགྲེལ་བཤད་ཀྱི་ཐབས་ནི་དགེ་རྒན་གྱིས་འཁྲིད་བྱའི་མཚན་བྱང་དང་། ནང་དོན། བརྡ་དང་ཐ་སྙད། རྩོམ་སྟངས། རྩོམ་ལུས། འབྲི་ཐབས་བཅས་ལ་མཆན་འགྲེལ་དང་གསལ་བཤད། དབྱེ་ཞིབ་བཅས་བྱས་ཏེ། སློབ་མས་དོན་ལ་གོ་བ་གསལ་པོ་ལེན་པ་དེ་ཡིན་ཞིང་། སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་རྒྱུན་དུ་སྤྱོད་བཞིན་པའི་ཐབས་འདི་ལེགས་པོར་བེད་སྤྱོད་བྱས་ནས་སློབ་མ་རྣམས་ལ་འཁྲིད་བྱའི་ནང་དོན་གོ་བ་ལེན་ཐབས་དང་དོན་རྟོགས་ཐབས་ཀྱི་རིག་པའི་སྒོ་མོ་ཡངས་པོར་ཕྱེ་སྟེ། སློབ་གྲོགས་རྣམས་ལ་སློབ་ཚན་གྱི་མཚན་བྱང་མཐོང་བ་ཙམ་གྱིས་བརྗོད་དོན་ལེགས་པར་རྟོགས་པ་དང་། སློབ་འདོད་ཀྱི་སྤྲོ་བ་འཕེལ་བར་བྱེད་རྒྱུ་གལ་ཆེའོ། །

3.གཏམ་བཤད་ཀྱི་ཐབས།

གཏམ་བཤད་ཀྱི་ཐབས་ནི་དགེ་རྒན་གྱིས་འཁྲིད་བྱའི་ནང་དོན་ལྟར། སློབ་ཚན་ཧྲིལ་པོའམ་ཡང་ན་ཚན་པ་གཅིག་བདམས་ནས་སློབ་མར་ནང་དོན་ཤེས་སུ་བཅུག་རྗེས། དགའ་སྐྱོ་ཆགས་སྡང་དང་ལུས་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྒོ་ནས་སློབ་མར་གཏམ་བཤད་ཀྱི་ནུས་པ་སྦྱོང་བའི་ཐབས་ཤིག་རེད། དེ་ཡང་རང་སྣང་གང་འདོད་ཀྱིས་བཤད་པ་ཞིག་མ་ཡིན་པར་བརྗོད་དོན་དེར་ཚན་རིག་དང་མཐུན་པའི་སྒོ་ནས་བསམ་བློའི་རང་བཞིན་ལྡན་དགོས་ལ། གནས་བབ་ཀྱི་སྣང་ཚུལ་མཚོན་པ་དང་དོན་དག་ཞིབ་ཏུ་བརྗོད་པ། ཡང་ན་དོན་སྤྱི་འགྲེལ་བཤད། གཞི་རྩའི་རིགས་པ་སོགས་གནད་ལ་འཁེལ་བ་དང་། ཁུངས་བཙུན་པ། སླ་བ་ནས་དཀའ་བ། རགས་པ་ནས་ཕྲ་བ། བསྡུས་པ་ནས་རྒྱས་པ། སྤྱི་ནས་བྱེ་བྲག་སོགས་རིམ་པ་བཞིན་འཕེལ་རྒྱས་སུ་བཏང་ནས། སློབ་མ་རྣམས་ལ་སྐད་ཡིག་གི་རྨང་གཞི་བརྟན་འཇོག་རྒྱུ་ཤིན་ཏུ་གལ་ཆེའོ། །

4.ཀློག་འདོན་གྱི་ཐབས།

ཀློག་འདོན་གྱི་ཐབས་ནི་འཁྲིད་བྱའི་ནང་དོན་ལྟར་དགེ་རྒན་གྱི་མཛུབ་སྟོན་འོག་ཀློག་ལ་རགས་ཀློག་དང་། ཞིབ་ཀློག ཁོག་འདོན་བྱེད་པ། གདངས་སུ་གྱེར་ནས་ཀློག་ཐབས་སོགས་རིགས་དུ་མ་ཡོད་པ་དང་། གཙོ་བོ་སློབ་མའི་བསམ་གཞིགས་དང་འཆར་ཡན་གྱི་ནུས་པ། ཡིད་འཛིན་གྱི་ནུས་པ་བསྐྱེད་ཐབས་ཤིག་ཡིན་ལ། སློབ་མས་ཀློག་འདོན་བྱེད་སྐབས་སྒྲ་དག་གསལ་གསུམ་ལྡན་དགོས་པར་མ་ཟད། ཚིག་གི་འབྲུ་གནོན་པ་རུས་སྦལ་གྱི་འགྲོས་དང་། དཀྱུས་ཀྱི་ས་ཆོད་པ་སྟག་མོའི་མཆོང་དང་། མཇུག་གི་དོན་བསྡུ་བ་སེང་གེའི་འགྱིང་ལྟ་བུ་ཞེས་ས་པཎ་མཆོག་གིས་གསུངས་པ་ལྟར། གཅོད་མཚམས་ངེས་མིན་དང་། སྒྲ་གདངས་དག་མིན། འབྲུ་གསལ་མིན་བཅས་ལ་དགེ་རྒན་གྱིས་མཉམ་འཇོག་བྱས་པ་ལ་བརྟེན་ནས། སློབ་མའི་སྐད་ཆའི་ནུས་པ་དང་གཏམ་གླེང་། ཀློག་གི་ནུས་པ་བཅས་ལ་དགེ་རྒན་གྱིས་གདེང་འཇོག་བྱས་ཏེ་ཚད་ལྡན་དུ་གྱུར་ཡོད་མེད་སོགས་གཏན་ཁེལ་བྱེད་དགོས་པ་དང་། སློབ་མ་རང་ཉིད་ཀྱིས་རང་ལ་གདེང་འཇོག་བྱས་པ་དང་།ལེགས་བཅོས་སུ་བཏང་སྟེ། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་ཞེས་པ་ལྟར། སློབ་མ་ནི་དཔེ་ཀློག་ལ་དགའ་བ་དང་། དཔེ་ཀློག་བྱེད་པ་ནི་འཚོ་བའི་གོམས་གཤིས་སུ་འགྱུར་བར་བྱེད་དགོས་སོ། །

5.དཔྱད་བརྗོད་ཀྱི་ཐབས།

དཔྱད་བརྗོད་ཀྱི་ཐབས་ནི་འཁྲིད་བྱའི་ནང་དོན་ལ་སློབ་མས་རང་རྟོགས་ཀྱིས་གོ་བ་ལེན་པ་དང་རང་གི་བསམ་འཆར་བརྗོད་པའམ། ཡང་ན་སློབ་གྲོགས་ཕན་ཚུན་བར་དུ་གྲོས་བསྡུར་བྱས་ནས་དྲི་བ་ལ་ལན་འདེབས་པ་དང་སློབ་གྲོགས་ཕན་ཚུན་དང་དགེ་རྒན་གྱིས་གདེང་འཇོག་བྱས་པ་ལ་བརྟེན་ནས་ཤེས་རྟོགས་འཕེལ་བའི་ཐབས་ཤིག་རེད། དཔྱད་བརྗོད་བྱ་ཡུལ་ནི་དགེ་རྒན་གྱིས་སློབ་མ་རྩ་འཛུགས་བྱས་ཏེ་ཚན་ཁག་བགོ་བའི་རྣམ་པས་གནད་དོན་ལ་དམིགས་ནས་རང་རང་གི་བསམ་འཆར་བརྗོད་དུ་འཇུག་པ་དང་། རྩོད་པ་བྱས་ཏེ་ངོས་ཟིན་ཇེ་ལེགས་སུ་གཏོང་བའི་ཐབས་ཤིག་ཡིན་ལ། དེ་ནི་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་ཀྱང་རེད།

སློབ་མར་གནད་དོན་ལ་རང་རང་གི་འདོད་པ་ལྟར་བསམ་ཚུལ་བཤད་དུ་བཅུག་ནས་རང་གི་ལྟ་བ་དང་ལངས་ཕྱོགས་སྟོན་དགོས་ལ། འབྲེལ་ཡོད་ཀྱི་དཔྱད་གཞི་བཙལ་ནས་ལྟ་བ་དང་ལངས་ཕྱོགས་ཡང་དག་ཡིན་མིན་བསྡུར་ཏེ་རིགས་ལམ་གསལ་པོ་ཞིག་བསྟན་པ་དང་། སློབ་མའི་བསམ་གཞིགས་ཀྱི་ནུས་པ་དང་འཚོལ་ཞིབ་ཀྱི་ནུས་པ། རིག་སྟོབས་ཀྱི་ནུས་པ། སྤོབས་པ་བཅས་སྐྱེད་སྲིང་བྱས་ནས། སློབ་མ་རྣམས་མ་འོངས་པར་བཤད་ཕོད་སྒྲུབ་ཕོད་ཅན་གྱི་མི་འཇོན་ཐང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས་སོ། །

མདོར་ན། དགེ་རྒན་གྱིས་འཁྲིད་ཐབས་མ་ནོར་བའི་སྒོ་ནས་སློབ་མའི་ཉན་བཤད་འབྲི་ཀློག་གི་ནུས་པ་སྐྱེད་སྲིང་བྱས་ཏེ་སློབ་མ་དེ་ཉིད་ཕུགས་བསམ་ལྡན་པ་དང་། ཡོན་ཏན་ལྡན་པ། འཇོན་ཐང་ལྡན་པ། མི་རིགས་དང་མེས་རྒྱལ་ལ་དགའ་བའི་སློབ་མ་ཚད་ལྡན་ཞིག་ཏུ་སྐྱེད་སྲིང་བྱེད་རྒྱུ་གལ་ཆེ་བའོ། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།