ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་ནི་མི་གཤིས་དང་རྒྱུན་ཤེས་ཀྱི་སྟེང་ལ་འབབ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྒོམ་པ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2025-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་གསོའི་གནས་ལུགས་ནི་བཤད་ཡོང་ན་རྒྱུན་ཤེས་སླ་མོ་འགའ་ཤས་ཡིན་མོད། ཡིན་ནའང་། ད་ལྟ་ང་ཚོའི་སློབ་གསོའི་གནད་དོན་ནི་ཏག་ཏག་རྒྱུན་ཤེས་དེ་དག་དང་ཚབས་ཆེན་སྒོས་འགལ་ཡོད་པ་རེད། དེའི་ཕྱིར། ངས་བཏོན་པའི་ཁ་གཡང་ནི"སློབ་གསོ་ནི་མི་གཤིས་དང་རྒྱུན་ཤེས་ཀྱི་སྟེང་ལ་འབབ་དགོས"ཞེས་པ་དེ་ཡིན།

མི་ལ་སྐྱེ་དངོས་རང་བཞིན་དང་སེམས་ཁམས་རང་བཞིན་གྱི་རིམ་པ་གཉིས་ཡོད། སློབ་གྲྭའི་སློབ་གསོའི་ལས་འགན་གཙོ་བོ་ནི་མིའི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་དམིགས་ནས་དེ་དག་འཕེལ་རྒྱས་སྔར་ལས་ལེགས་པོ་ཡོང་བར་བྱ་རྒྱུ་དེ་ཡིན། "མིའི་སྐྱེས་ཐོབ་ཀྱི་ཤེས་རབ"དེ་ཡང་ཕྱོགས་གསུམ་དུ་ཕྱེ་ཡོད་པ་སྟེ། མདོར་བསྡུས་ནས་བཤད་ན། ཀུན་སྤྱོད་དང་ཤེས་རིག མཛེས་རིག་བཅས་ཡིན་ཞིང་། ནུས་པ་དེ་གསུམ་པོ་འཕེལ་རྒྱས་ཧ་ཅང་ཡག་པོ་བྱུང་ན་གཞི་ནས་མི་ཕུལ་དུ་བྱུང་བ་ཞིག་ཏུ་འགྱུར་ཐུབ།

ཤེས་རིག་སློབ་གསོའི་འཚོལ་སྙེག་གི་དམིགས་འབེན་ནི་ཅི་ཞིག་ཡིན། སློབ་མར་ཤེས་བྱ་ཕྲན་བུ་ཁོང་དུ་ཆུད་པར་བྱས་ནས"རྒྱུགས་སྤྲོད"གྲ་སྒྲིག་བྱེད་པ་ཙམ་གྱིས་མི་འགྲིག་པ་ཐག་ཆོད་ཡིན་ལ། ཤེས་རིག་གི་དམིགས་ཡུལ་ངོ་མ་ནི་མི་ཞིག་གྲུང་ཤ་དོད་ཅིང་རང་དབང་ལྡན་པའི་རིག་སྟོབས་ཀྱི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན་པས་མཚར་སྣང་དང་རང་ཚུགས་ཀྱི་བསམ་གཞིགས་བྱེད་ནུས་ཡོད་དགོས། མཚར་སྣང་ནི"བླ་ན་མེད་པ"ཞིག་ཡིན་པ་དང་། ཚན་རིག་དང་མཐུན་པའི་དོན་གཉེར་དང་མཚན་ཉིད་རིག་པའི་བསམ་གཞིགས་ཀྱི་སྒུལ་ཤུགས་ཐོག་མ་དེ་ཡིན། པའོ་ལ་ཐོའུ་དང་ཨ་རེ་སི་ཏའོ་ཏི་གཉིས་ཀས་མཚན་ཉིད་རིག་པ་ནི་མཚར་སྣང་ནས་མགོ་བརྩམས་པ་རེད་ཅེས་བཤད་མྱོང་། མཚན་ཉིད་རིག་པ་ནི་འཇིག་རྟེན་ལ་ཡ་མཚན་དང་ཐེ་ཚོམ་སྐྱེས་པ་ཞིག་ཡིན་ཞིང་། ནམ་མཁའི་སྐར་མ་དང་ལྐོག་གྱུར་གྱི་འཇིག་རྟེན་མཐོང་བའི་ཚེ་ན། འཇིག་རྟེན་འདི་དོན་དངོས་སུ་ཅི་ཞིག་ཡིན་པ་གསལ་པོར་ཤེས་འདོད་པ་རེད། སྐབས་དེར་མཚན་ཉིད་རིག་པའི་གནད་དོན་དང་པོ་བྱུང་བ་རེད།

མི་ཚེའང་དེ་འདྲ་ཞིག་ཡིན་ཏེ། ཁྱོད་ཀྱིས་རང་ཉིད་ཀྱི་མི་ཚེར་བརྡར་ཤ་མ་ཆོད་པར་མགོ་འཐོམ་པའི་སྐབས་སུ། མི་ཚེ་ལ་དོན་སྙིང་ཅི་ཞིག་ཡོད་པར་བསམ་བློ་གཏོང་མགོ་བརྩམས་པ་རེད། ཁྱོད་ཀྱིས་དོན་དངོས་སུ་མཚན་ཉིད་རིག་པའི་བསམ་བློ་གཏོང་བཞིན་ཡོད། མཚར་སྣང་ནི་མི་ཞིག་ལ་ལྷན་སྐྱེས་ནས་ཡོད་པ་དང་། བླ་ན་མེད་པའི་མཚར་སྣང་ནི་ཉམས་ཞན་གྱི་མྱུ་གུ་གསར་པ་ཞིག་ཡིན་པས་གནོད་འཚེ་གཏོང་སླ་བ་ཞིག་ཡིན། མཚར་སྣང་གི་བློ་དེ་མེད་པར་བཟོ་སླ་བའི་རྒྱུ་མཚན་ལ་དགྲ་བོ་གཙོ་བོ་གཉིས་ཡོད་དེ། གཅིག་ནི"གོམས་གཤིས"ཡིན་པས་ཐེངས་མང་མཐོང་ཡང་ཡ་མཚན་མི་འཛིན་པར་རང་ཉིད་ཀྱིས་ཤེས་ཀྱིན་ཡོད་སྙམ་པ་དེ་རེད། དོན་དངོས་སུ་འཇིག་རྟེན་འདིར་གོ་བ་བླངས་པ་གོ་མེད་ཚོར་མེད་ལས་མ་འདས། དགྲ་བོ་ཆེན་པོ་གཞན་ཞིག་ནི"ཁེ་ཕན་གྱི་བསམ་པ"ཡིན་ཞིང་། གནད་དོན་ཞིག་ལ་བསམ་བློ་བཏང་ནས་སྔོན་ལ"ཕན་ཐོགས་ཡོད་མེད"འདྲི་དགོས། ཁྱིམ་བདག་དང་དགེ་རྒན་མང་པོ་ཞིག་གི་རྣམ་འགྱུར་དེ་འདྲ་ཡིན་པ་དང་། བྱིས་པ་རྣམས་ལ་མཚར་སྣང་གིས་ཁེངས་ནས་གནད་དོན་བཏོན་ཚེ་ཁྱིམ་བདག་གིས་བྱིས་པའི་སློབ་སྦྱོང་ལ་ཕན་པ་ཡོད་མེད་འདྲི་བ་དང་ཕན་པ་མེད་པའི་ཚེ་ན་བསམ་བློ་གཏོང་དུ་འཇུག་གིན་མེད།

ཕྱོགས་གཉིས་པ་ནི་བརྩེ་དུང་ཡིན་ཏེ། ཡང་གཅིག་བཤད་ན"མཛེས་དཔྱོད་ཀྱི་སློབ་གསོ"ཞེས་པ་དེ་རེད། ད་ལྟ་སློབ་གྲྭའི་ནང་མཛེས་དཔྱོད་ཀྱི་སློབ་གསོ་དེ་འདྲ་བཤད་ཀྱིན་མེད་པ་འདྲ། སློབ་མ་རྣམས་འུ་ཐུག་ནས་རྣོ་སྦྲེང་དང་ཞབས་བྲོ། མཛེས་རིག་སོགས་ཁྱད་ཆོས་ལྡན་པའི་འཛིན་གྲྭ་མང་པོར་འགྲོ་དགོས་བྱུང་ནའང་། དོན་དངོས་སུ་ཁྱད་ཆོས་ལྡན་པའི་འཛིན་གྲྭ་དེ་དག་གིས་མཛེས་རིག་གི་ཁྱབ་ཁོངས་གུ་དོག་པའི་སྒོ་ནས་རྒྱུས་ལོན་བྱས་ཤིང་། ཐ་ན་མཛེས་རིག་གི་ཐོག་མའི་རེ་འདུན་དང་ཡང་ཡོངས་སུ་འགལ་བ་རེད། མཛེས་དཔྱོད་སློབ་གསོ་ནི་ལག་རྩལ་གསོ་སྐྱོང་བྱེད་པ་མ་ཡིན་པར་ཕུན་སུམ་ཚོགས་པའི་སེམས་ཁམས་ཤིག་གསོ་སྐྱོང་དང་མི་ཚེའི་མཛེས་སྡུག་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་མྱོང་བའི་ནུས་པ་ཞིག་ཡིན་ཞིང་། ནང་སེམས་ཀྱི་ཚོར་བ་ནི་མི་ཞིག་ལ་བདེ་སྐྱིད་ཐོབ་པའི་འབྱུང་ཁུངས་གཙོ་བོ་ཡིན། ནང་སེམས་ཀྱི་འཚོ་བ་ནི་ཇི་ལྟར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤེ་ན། ང་རང་ཉིད་ལ་མཚོན་ནས་བཤད་ན། ང་ལ་ཁེ་ཕན་ཆེན་པོ་ཐོབ་པ་ནི་དཔེ་ཀློག་དང་རྩོམ་འབྲི་གཉིས་ཡིན། ད་དུང་པེ་ཅིན་མཚན་ཉིད་རིག་པའི་སྡེ་ཁག་ཏུ་སློབ་སྦྱོང་བྱེད་པའི་རིང་ལ་ངས་བཀླགས་པའི་དཔེ་ཆ་ནི་མཚན་ཉིད་རིག་པ་འབའ་ཞིག་མིན་པར། སྐབས་དེར་ངས་ཀྱང་རྩོམ་རིག་གི་དཔེ་ཆ་གང་མང་བཀླགས་པ་ཡིན། ལོ་ཙཱ་བྱས་པའི་ནུབ་ཕྱོགས་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་གྱི་སྐོར་ཡིན་ན། ངས་ཕལ་ཆེར་བལྟས་ཟིན་པ་ཡིན། གསུང་རབ་གྲགས་ཅན་བཀླགས་པ་བརྒྱུད་ནས་མི་ཞིག་གི་ནང་སེམས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ། འཚོ་བ་ཡང་དེ་དང་བསྟུན་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ།

ད་སྐབས་དཔེ་སྐྲུན་ལས་རིགས་ཤིན་ཏུ་དར་རྒྱས་ཆེ་བས། ལོ་ལྟར་དཔེ་དེབ་འབོར་ཆེན་དཔར་སྐྲུན་བྱེད་ཀྱིན་ཡོད་པ་རེད། ངས་བལྟས་ན་ང་ཚོས་དཔེ་དེབ་ཀློག་སྐབས་ད་དུང་གསུང་རབ་གྲགས་ཅན་གྱི་སྐོར་མང་ཙམ་བཀླག་དགོས་པ་དང་བྲིན་དེབ་ལ་ཉུང་ཙམ་བལྟ་དགོས་པར་འདོད། ད་ལྟ་ཅུང་ཡིད་སྐྱོ་དགོས་པ་ཞིག་ནི་མི་མང་པོ་ཞིག་གིས་དཔེ་དེབ་ཀློག་པ་ནི་སྨྱན་བྱད་དང་རིམ་སྒྲིག་པང་གི་རྗེས་དེད་ནས་འགྲོ་བ་དེ་རེད། བྲིན་དེབ་ཡོད་ཚད་མི་བཟང་གི་ཟེར་བ་མིན་ཏེ། དེ་ཚོའི་སྤུས་ཚད་ཅུང་ཞན་པ་རེད། དཔེ་ཆ་ཀློག་པ་ནི་རང་ཉིད་ཀྱི་བསམ་པའི་འཚོ་བ་ཞིག་ཡིན་པས་རང་ཉིད་ཀྱིས་གདམ་གསེས་བྱེད་དགོས་པ་ལས་གང་འདོད་དུ་བྱེད་མི་རུང་། ངས་གསུང་རབ་བཀའ་རྩོམ་ཀློག་སྐབས་མ་རྩོམ་བཀླག་དགོས་པ་དང་། ཉིས་ལག་དང་སུམ་ལག་བརྒྱུད་པའི་དཔེ་དེབ་ཉུང་ཙམ་བཀླག་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད། "ཀློག་འགྲེལ"དང"ཚོར་ཤེས""བློ་བསྐྱེད"ཅེས་པ་དང་མ་རྩོམ་ཞེས་པ་ནི་དོན་དག་གཅིག་གཏན་ནས་མ་རེད། ད་ལྟའི་གནད་དོན་ནི་སློབ་མས་གཞི་རྩའི་སྟེང་ནས་དུས་ཚོད་ཚང་མ་སློབ་དེབ་དང་སློབ་ཁྲིད་ཟུར་ཁྲིད་ཀྱི་ཐོག་ཏུ་སྤྱད་དེ་མ་རྩོམ་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དེ་རེད། མི་མང་པོ་ཞིག་གིས་མི་ཆོས་གསུང་རབ་བརྩམས་ཆོས་ཀློག་པ་ནི་མཁས་པའི་དོན་དག་ཡིན་པ་དང་། རྩོམ་ཡིག་འབྲི་བ་ནི་རྩོམ་པ་པོའི་དོན་དག་ཡིན་པར་འདོད་ཀྱིན་ཡོད། དོན་དངོས་སུ་མ་གཞིའི་དོན་སྙིང་སྟེང་གི་དཔེ་ཀློག་དང་རྩོམ་འབྲི་ནི་ཆེད་གཉེར་ཅན་ཡིན་མི་དགོས་པ་རེད། དེ་ནི་སེམས་ཁམས་འཚོ་བར་མཐོང་ཆེན་བྱེད་པའི་མི་རེ་རེར་གཏོགས་པ་ཞིག་རེད། ངས་ནི་ཉིན་ཐོ་འབྲི་བའི་སྲོལ་དེ་ནམ་ཡང་རྒྱུན་འཁྱོངས་བྱས་ནས་ད་ལྟའི་བར་དུ་ཐོན་པ་དང་། ངོ་མ་བཤད་ན་མི་ཞིག་གི་རྒྱུ་ནོར་ཡོད་ཚད་ནི་འཚོ་བ་ཞེས་པ་དེ་ཡིན་ཏེ། ཉིན་ཐོ་བྲིས་པ་བརྒྱུད་ནས་ངས་དེ་དག་ཚང་མ་ངའི་རྒྱུ་ནོར་འབའ་ཞིག་ཡིན་པ་ཚོར། སེམས་སྡུག་དང་སྡུག་བསྔལ། དཀའ་ཁག་བཅས་ཅི་ཞིག་ཡིན་རུང་རྩོམ་བྲིས་པ་བརྒྱུད་ནས་ངའི་རྒྱུ་ནོར་དུ་འགྱུར་སྲིད། དཔེར་ན། ང་རང་མི་ཞིག་ལ་སུན་སྣང་སྐྱེས་པ་དང་། སེམས་སུ་ཁོང་ཁྲོ་ཆེན་པོ་ལངས་པའི་ཚེ་ན། རྩོམ་ཡིག་བྲིས་པ་བརྒྱུད་ནས་ངས་ཁོ་རང་མ་དཔེ་ཞིག་ཏུ་བསྒྱུར་པ་དང་། ངས་ཁོ་རང་བརྒྱུད་ནས་མི་གཤིས་དང་སྤྱི་ཚོགས་ལ་ཤེས་རྟོགས་བྱས་ཤིང་། ང་རང་སུན་སྣང་སྐྱེས་པའི་མི་ཡང་ངའི་བསམ་པའི་རྒྱུ་ནོར་དུ་གྱུར་པ་ཡིན། དེ་བས་གལ་ཆེ་བ་ཞིག་ནི་རྩོམ་བྲིས་པར་བརྟེན་ནས་ཁྱེད་རང་ཁྱེད་ཀྱི་མྱོང་བའི་མགོ་འཛིན་དུ་འགྱུར་བ་ལས་བྲན་གཡོག་མིན་པའི་ངོས་འཛིན་དང་སེམས་ཁམས་དེ་རིགས་ཀྱིས་ང་ལ་རོགས་རམ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།

ཕྱོགས་གསུམ་པ་ནི་ཀུན་སྤྱོད་ཡིན། ཀུན་སྤྱོད་ཀྱི་སློབ་གསོ་ནི་བྱ་སྤྱོད་ཀྱི་ཚད་གཞི་དང་འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོ་ཁོ་ན་ཙམ་མིན། དེ་ན་ཀུན་སྤྱོད་ཀྱི་རྩ་བ་གང་ཡིན་ཞེ་ན། སྙིང་རྗེའི་སེམས་ཡིན། སྙིང་རྗེའི་སེམས་ནི་ཀུན་སྤྱོད་ཀྱི་མགོ་རྩོམ་ས་ཡིན་པ་དང་། དགའ་སྤྲོ་བརྩོན་ལེན་དང་སྡུག་བསྔལ་ལས་གཡོལ་བ་ནི་མིའི་རང་བཞིན་ཡིན། ཡིན་ནའང་། ཁྱོད་ཀྱིས་རང་ཉིད་ཀྱི་ཁེ་ཕན་བརྩོན་ལེན་བྱས་ཆོག་མོད་ཀྱང་། ཁྱོད་ཀྱིས་གཞན་གྱི་ཁེ་ཕན་ལ་གནོད་པ་བྱེད་མི་རུང་། མདོར་བསྡུས་ནས་བཤད་ན། ཁྱོད་ཀྱིས་རང་དོན་ཡོངས་སུ་བསྒྲུབ་ཆོག་ནའང་གཞན་ལ་གནོད་འཚེ་གཏོང་མི་རུང་སྟེ། གཞན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱ་དགོས་པ་དེ་ནི་དྲང་བདེན་ཡིན།

ཀུན་སྤྱོད་ཀྱི་ཕྱོགས་ནས་སྙིང་རྗེའི་སེམས་མ་གཏོགས་མིའི་ལ་རྒྱ་ཡང་ཧ་ཅང་གལ་ཆེ། མི་ཚུལ་ལྡན་ཞིག་དང་ལ་རྒྱ་ལྡན་པའི་མི་ཞིག་ནི་བསམ་བློ་མཆོག་ཏུ་གྱུར་པའི་མི་ཞིག་ཡིན་ཞིང་། ད་ལྟ"མཆོག་ཏུ་གྱུར་པ"ཅེས་པ་ནི་རྟག་ཏུ་དངོས་པོས་ཚད་འཇལ་བ་དང་། ཚོང་པས་ཁང་བ་འཚོང་སྐབས་སྤྱོད་སྒོ་ཆེས་ཆེར་དར་བའི་ཐ་སྙད་ཅིག་ཏུ་འགྱུར་གྱིན་ཡོད། མིའི་ལུས་སྟེང་དུ་ལྷ་གཤིས་དང་བླ་སྲོག་ཡོད་ལ། མི་ཚེའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་འཚོ་བ་ནི་བླ་སྲོག་གི་འཚོ་བ་ཡིན་པ་ལས་ལུས་ཕུང་ཁོ་ནའི་འཚོ་བ་མིན། སོ་ཁི་ར་ཐེ་ཡི་སྐད་ཆ་ལྟར་བཤད་ན། "མི་ཚེའི་འགན་འཁྲི་ནི་ཁྱོད་ཀྱི་བླ་སྲོག་ལ་བདག་སྐྱོང་ཡག་པོ་བྱས་ནས་ཁྱོད་ཀྱི་བསམ་བློ་ལྷིང་འཇགས་ཀྱི་བླ་ན་མེད་པའི་རྣམ་པར་གནས་སུ་འཇུག་རྒྱུ་དེ་ཡིན།"དོན་དངོས་སུ་དད་མོས་ཟེར་བ་དེའང་བླ་སྲོག་གི་འཚོ་བར་མཐོང་ཆེན་བྱས་ནས་ཀུན་སྤྱོད་ལྡན་པའི་མི་ཞིག་བྱེད་དགོས་པ་དེ་རེད། མི་ནི་དངོས་གནས་མཆོག་ཏུ་གྱུར་པ་ཞིག་ཡིན་ན་མི་ནི་བླ་སྲོག་ཡོད་པ་དང་། མི་ནི་བསམ་པའི་ཐོག་ནས་མཆོག་ཏུ་གྱུར་པ་ཞིག་ཡིན་དགོས་པ་དང་། དོན་དམ་པའི་བསམ་པའི་སྐུ་དྲག་ཅིག་བྱ་དགོས་པ་དེ་རེད།

བསམ་པའི་བྱང་ཚད་ཀྱི་ཕྱོགས་ཁ་ཤས་ནས་སློབ་གསོའི་ཐོག་འབྲེལ་བ་ཡོད་ཅིང་། མིའི་རིག་སྟོབས་དང་བརྩེ་དུང་། ཀུན་སྤྱོད་བཅས་ཀྱི་གཤིས་རྒྱུད་ནི་དོན་དངོས་ཐོག་མི་ལ་ཐུན་མོང་དུ་དབང་བ་ཞིག་རེད། སློབ་གསོ་ནི་ཁོ་ཚོར་འོས་འཚམ་གྱི་ཁོར་ཡུག་ཅིག་སྟེར་རྒྱུ་དེ་ཡིན། ལྷན་སྐྱེས་ཀྱི་ནུས་པ་འདི་དག་རང་བཞིན་གྱིས་སྐྱེས་སྲིད། ང་ཚོས་སློབ་གསོ་ལ་དམིགས་འབེན་མང་པོ་ཞིག་འཛུགས་མི་རུང་ཞིང་། གནས་བབ་དང་བསྟུན་ནས་འཚར་ལོངས་བྱུང་བ་བཟང་ན་ཁྱོད་ནི་ཕུལ་དུ་བྱུང་བའི་མི་ཞིག་རེད། ལུའུ་སུའུ་ཡི་སྐད་ཆ་དུམ་བུ་ཞིག་ལ་ང་རང་ཧ་ཅང་འཐད་པ་ཡིན་ཏེ། ཁོས་བཤད་ན་རང་གཤིས་བཟང་བའི་ཕོ་མོས་གྲུབ་པའི་སྤྱི་ཚོགས་ནི་སྤྱི་ཚོགས་བཟང་པོ་ཞིག་ཡིན་ཁོ་ཐག་རེད་ཟེར། གལ་ཏེ་ང་ཚོའི་སློབ་གསོའི་རྨང་གཞི་ཡག་པོ་བཏིངས་ན། བདེ་ཐང་གི་ངང་ནས་འཚར་ལོངས་བྱུང་བའི་མི་རབས་ཤིག་སྤྱི་ཚོགས་ཀྱི་རྐང་འཛིན་དང་སྲོག་ཤིང་དུ་གྱུར་ཏེ། སྤྱི་ཚོགས་འདི་རང་ཤུགས་ཀྱིས་སྔར་ལས་ལེགས་པར་འགྱུར་ངེས་རེད། འོན་ཀྱང་ད་ལྟའི་གནས་ཚུལ་ཧ་ལམ་འཇིགས་སུ་རུང་བ་ཞིག་རེད། ཏག་ཏག་དེ་ལས་ལྡོག་སྟེ། ད་ལྟ་ང་ཚོས་ལག་ལེན་བསྟར་གྱིན་པའི་སློབ་གསོའི་ལམ་ལུགས་ལ་བརྟེན་ནས་མ་འོངས་པའི་སྤྱི་ཚོགས་ཡང་སྙིང་ཕྱོགས་གང་དུ་འཕེལ་རྒྱས་འགྲོ་མིན་དེ་ད་ལྟ་ལས་ཞན་པ་ཞིག་ཡོང་ངམ། ཡང་ན་དེ་ལས་ལེགས་པོ་ཞིག་ཡོང་མིན་ཚང་མ་གནད་དོན་ཧ་ཅང་ཆེན་པོ་ཞིག་རེད་དོ། །   

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།