"གཏམ་དཔེ་མེད་བཤད་དཀའ། ཇ་ཚྭ་མེད་འཐུང་དཀའ"ཟེར་བ་ལྟར། གཏམ་དཔེ་ནི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་འཇིག་རྟེན་བྱ་བའི་ཉམས་མྱོང་དང་ཤེས་བྱ་དག་ངག་ཐོག་ནས་བརྒྱུད་དེ་བསྲེགས་བཅད་བརྡར་གསུམ་བྱས་མཐར། དོན་བསྡུས་ལ་གཏིང་ཟབ་པ་དང་། ཉམས་དོད་ལ་གནད་དུ་ཁེལ་བ། རྣ་བར་སྙན་ཞིང་ཡིད་དུ་འབབ་པ། དོན་ཁ་གསལ་ཞིང་གོ་སླ་བ། བློ་ངོར་འཇགས་བདེ་བ། ངག་ཐོག་ནས་འཆད་གྱེར་བདེ་བ་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཞིང་། བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་རྗོད་བྱེད་ཚིག་གི་རིགས་ཤིག་སྟེ། འཇིག་རྟེན་བྱ་བར་བླང་དོར་འདོམ་པའི་ཚད་གཞི། རྒྱུ་མཚན་འདྲེན་པའི་ཁུངས་ལུང་། གནས་ལུགས་སྟོན་པའི་རྒྱལ་མཚན་ཡིན་པར་བརྗོད། དེ་བས་དམངས་ཁྲོད་གཏམ་དཔེའི་རིན་ཐང་རྟོགས་ནས་རྒྱུན་དུ་བཀོལ་པ་དང་། ལྷག་པར་བྱིས་པའི་སློབ་གསོའི་ཁྲོད་བེད་སྤྱོད་བྱས་ན། ཤེས་བྱ་གསོག་འཇོག་དང་འཆད་རྩོད་རྩོམ་གསུམ་ཐད་རིན་ཐང་མི་དམན་པ་ཐོན་ཐུབ་སྙམ།
དང་པོ། གཏམ་གྱི་སྨྲ་བརྗོད་ཐད་ནས་འཆད་པའི་ངག་སྒོ་འབྱེད་པ།
སྤྱིར་གཏམ་དཔེ་ནི་ཚིག་གི་སྡེབ་སྦྱོར་ལ་དབྱངས་འགྲོས་ཀྱི་གྲིམ་ལྷོད་རན་པ་དང་། ཚིག་འབྲུ་ཉུང་ཞིང་དོན་གྱི་ཟབ་ཚད་རྒྱ་ཆེ་བ། རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤུད་པ། འཚོ་བ་དངོས་དང་འབྲེལ་འདྲིས་ཟབ་པས་ཚིག་འཛིན་སླ་བ། དཔེ་དོན་འབྲེལ་ཆགས་པ། རྗོད་པ་རྣ་བར་སྙན་པ། བརྗོད་གཞི་གོ་བདེ་བ། དོན་གནད་དུ་བསྡུས་ཤིང་ངག་ལས་བརྗོད་བདེ་བས། དམངས་ཁྲོད་དུ་རྒྱུན་པར"སྐུད་པ་རིང་ན་ཆད་འགྲོ། སྐད་ཆ་མང་ན་འཁྱོལ་འགྲོ"ཞེས་པ་བཞིན་ཚིག་བསྡུས་ཤིང་གནད་འཛིན་པའི་གཏམ་དཔེ་བར་བཅུག་བྱས་ཏེ་སྐད་ཆ་བཤད་པ་ཡིན། གྱོད་བཤད་དང་གཉེན་བཤད། སྟོན་བཤད་སོགས་བྱེད་དུས་གནད་དུ་འདོན་དགོས་པའི་སྐད་ཆ་རེའི་མཚམས་སུ་གཏམ་དཔེས་སྣེ་ཟིན་པར་བྱས་ལ། གཏམ་དཔེ་དེ་དག་གིས་དཔེ་དོན་འབྱོར་བའི་གནས་ལུགས་ཟབ་མོའི་དོན་སྟོན་ཐུབ། ངག་གི་སྒྱུ་རྩལ་འདིས་བརྗོད་འདོད་པའི་སྐད་ཆ་དང་བཤད་དཀའ་བའི་དོན་དེ་གོ་སླ་ལ་བློ་ཡིད་དུ་འབབ་པ། ཉམས་དོད་ལ་རྣ་བར་སྙན་པའི་སྒོ་ནས་ཕ་རོལ་བར་སྟོན་ཐུབ་པས། ཁྱིམ་བདག་དང་ཡང་ན་དགེ་རྒན་གྱིས་བྱིས་པའི་སློབ་གསོའི་ཁྲོད་རྒྱུན་བཀོལ་གཏམ་དཔེ་འགའ་རེ་དང་། སྟོན་བཤད་རྟ་བཤད་སོགས་ཀྱི་ཚན་པ་འགའ་རེ་བྱིས་པའི་བློ་ངོར་འཇགས་ཐུབ་པ་བྱུང་ན། གཅིག་ནས་མི་དང་མིའི་བར་གྱི་འབྲེལ་འདྲིས་དང་བསྟོད་བསྔགས་སོགས་ཀྱི་ཐད་ནས་བློ་གྲོས་ཀྱི་མཐོངས་ཡངས་པར་བྱེད་དེ་གཏམ་འཆད་པའི་ངག་སྒོ་འབྱེད་ཐུབ་པ་དང་། གཉིས་ནས་གཏམ་དཔེ་ནི་སྙན་ངག་གི་ཉམས་ལྡན་ཞིང་ཚིག་གི་སྡེབ་སྦྱོར་ལེགས་ལ་སྨྲ་བརྗོད་གཙང་བས། ཁ་དཔེ་ཞིག་ལ་དེས་སྐད་ཆ་བཤད་ན"ཁ་ལྕེ་དམར་རོ་ཆུ་མི་འགོ་གི"ཟེར་བ་ནང་བཞིན་ཁ་ལྕེ་བདེ་བ་དང་སྨྲ་སྒོ་དག་པར་བྱེད་པའི་ནུས་པ་ཐོན་ཐུབ་སྙམ།
དཔེར་ན། "གར་འཕུར་ཐང་དཀར་རྒོད། །གར་འབབ་རང་གི་ལག །ཕ་བཟང་བུ་རྒྱུད་རིན་ཆེན་གསེར། །རིན་ཆེན་གསེར་ལ་ཅི་བྱས་འགྲུབ། །ཕ་ས་མ་མོའི་བྲང་མགོ་འདྲ་འདྲ། །མ་ས་མཛོ་མོའི་འོ་ཞོ་འདྲ་འདྲ། །བུ་རྒས་ཀྱང་ཨ་ཕོའི་གཤིས་ལུགས། །རྟ་རྒས་ཀྱང་འདོ་བའི་འདུར་ལུགས། །མ་བསྒྲིགས་རྟེན་འབྲེལ་རང་འགྲིགས། །མ་བསྒྲགས་གཡུ་འབྲུག་རང་གྲགས། །བཞི་བཀྱིགས་ཨ་ལོང་སྒོར་སྒོར། །ལྔ་བཀྱིགས་གྲུ་གུ་སྒྲིལ་སྒྲིལ། །ཤིང་ཡར་སྐྱེས་ནང་གི་སྲ་སྐྱེས། །མི་ཡར་སྐྱེས་ནང་གི་ཧྲ་མོ། །"ལྟ་བུ་སོགས་ཀྱི་གཏམ་དཔེ་ནི་སྒྲ་དྲག་ཞན་གྱི་དབྱེ་བ་གསལ་བར་མ་ཟད། ཆ་ཡའི་སྡེབ་སྟངས་ཀྱི་ཚིག་སྦྱོར་མཛེས་ཤིང་བརྗོད་བྱའི་དོན་མི་འགལ་ཏེ་འབྲེལ་ཆགས་ལ་ཡི་གེ་བསྐོར་བའི་ཟུང་ལྡན་གྱི་རྒྱན་སོགས་ཕུན་སུམ་ཚོགས་པའི་སྒྲ་རྒྱན་གྱིས་བཅིངས་ཡོད།
གཉིས་པ། འཇིག་རྟེན་གནས་ལུགས་ཐད་ནས་རྩོད་པའི་རིག་སྒོ་འབྱེད་པ།
རྩོད་ཅེས་པ་ནི་ལྟ་བ་དང་བསམ་ཚུལ་མི་མཐུན་པ་བྱུང་བ་ལ། རང་གི་འདོད་ཚུལ་ཡང་དག་ཡིན་པའི་རྒྱུ་མཚན་དྲངས་ཤིང་། གཞན་གྱི་འདོད་པ་ལ་དགག་པ་བྱེད་པའི་དོན་དུ་གོ དེ་ཡང་གཏམ་དཔེ་ནི་མི་རབས་ནས་མི་རབས་བར་བརྒྱུད་པར་མ་ཟད། ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་གནས་ལུགས་དང་འཇིག་རྟེན་ཡོངས་ལ་གྲགས་པའི་ཆོས་ཉིད་ཀྱི་སྡོམ་ཚིག་ཏུ་ལྟ་བས། འཇིག་རྟེན་བྱ་བར་བླང་དོར་ཇི་ལྟར་བྱེད་ཚུལ་ཐད་ཀྱི་ཚད་གཞི་དང་རྒྱུ་མཚན་གནས་ལུགས་འདྲེན་སྐབས་ཀྱི་ཁུངས་ལུང་ཡིན་པར་བརྗོད། དེ་བས་རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱིས་ཀྱང་ཕ་རོལ་བར་གོ་སྐོན་བློ་འགུག་གི་ནུས་པ་ལྡན་ཆེད། རང་གི་རིག་པ་དང་གནས་ལུགས་དེ་དཔེ་དོན་ལ་འབྱོར་བའི་གཏམ་དཔེ་སྣ་ཚོགས་དྲངས་ནས་བརྗོད་པ་ཡིན་ཏེ། གཞན་ད་དུང་རང་རེའི་སྤྱི་ཚོགས་སུ་རྒྱུན་མཐོང་གི་རྣམ་པ་སྟེ། སྐྱིད་ཀྱི་གཉེན་དོན་ཞིག་གི་གཉེན་སློང་བྱེད་ན། ས་རྩོད་ཆུ་སྣོག་ཅིག་གི་གྱོད་བཤད་བྱེད་ན། "གཏམ་དཔེ་རྡོ་བསྒྲིག་བསྒྲིག་དང་གནས་ལུགས་ཆར་འབབ་འབབ"བྱས་ནས་རྩོད་པ་བྱེད་ཤ་སྟག་ཡིན། དེ་བས་དམངས་ཁྲོད་ཀྱི་གྱོད་དོན་སྣ་ཚོགས་དང་རྩོད་གཞི་སྣ་ཚོགས་ཞི་འདུམ་དང་བར་འདུམ་བྱེད་སྐབས་གཟུ་བར་གཏམ་དཔེ་ཡོད་ལ། གྱོད་པ་ཕན་ཚུན་རྩོད་པ་བྱེད་སྐབས་ཕྱོགས་གཉིས་ཀར་གནས་ལུགས་དང་བཅས་པའི་རང་བློ་གཟུ་བོར་གནས་པའི་གཏམ་དཔེ་སོགས་ཡོད།
གཏམ་དཔེ་དེ་དག་ལྟ་ཀློག་དང་སློབ་སྦྱོང་བྱས་ན་བྱིས་པ་དག་གི་རྩོད་པའི་རིག་སྒོ་འབྱེད་པར་ཕན་མོད། འོན་ཀྱང་རྒྱུན་འཇགས་སུ་སོང་བའི་གཏམ་དཔེ་ལས་ཡོད་ཚད་དུས་རབས་གང་ལའང་འཚམ་པའི་ངེས་པ་ནི་མེད་ཀྱི། ལ་ལ་དུས་རབས་ལས་བརྒལ་བ། ལ་ལ་དུས་རབས་དང་མི་མཐུན་པའང་ཡོད་སྲིད་པས། ཡོད་དོ་ཅོག་ཚད་གཞིར་འཛིན་མི་རུང་བསམ། དེའི་ཕྱིར་ང་ཚོས་སྔོན་གྱི་གཏམ་དཔེའི་ཁྲོད་ནས་རང་གི་རིག་པ་རྙེད་པའི་ཞོར་དུ་དུས་རབས་དང་བསྟུན་པའི་སྒོ་ནས་གཏམ་དཔེ་ལ་གང་ལ་གང་འཚམ་གྱིས་བཟོ་བཅོས་དང་གསར་བསྒྲིགས་སོགས་བྱེད་ཆོག་པར་འདོད་དེ། སྤྱིར་གོ་རིམ་འདིའི་ཁྲོད་ནས་ཡང་རྩོད་སྒྲུབ་ཀྱི་རིག་པའི་ཀློང་བརྡོལ་ཐུབ་པས། ཁྱིམ་བདག་དང་དགེ་རྒན་གྱིས་བྱིས་པའི་སློབ་གསོའི་ཁྲོད་དུ་གནས་ལུགས་དང་ལྟ་བ་བརྗོད་སྐབས། དཔེ་དོན་འབྱོར་བའི་གཏམ་དཔེ་དག་ཁུངས་ལུང་དུ་དྲངས་ནས་ལབ་ན། བྱིས་པའི་བློ་སྒོ་དང་རིག་ལམ་འབྱེད་དེ་ཚིག་དོན་ཐད་གོ་བ་ལོན་པ། གནད་དོན་ཐད་བསམ་གཞིགས་གཏོང་ཐུབ་ཅིང་གོ་བསྐོན་བློ་འགུག་གི་ནུས་པ་ཆེས་ཆེར་ལྡན་སྙམ། དཔེར་ན། "རང་ཁ་གསེར་གྱི་སྒོ་མོ། །རང་སྲོག་གཅོད་པའི་སྟ་རེ། །ཕྱི་བལ་དཀར་གྱི་ཁ་ཆུ། །ནང་དུག་ཚེར་གྱི་ལོ་མ། །གཞོན་པ་མི་ཡིས་མ་ཤེས། །རྒས་པ་རང་གིས་མ་ཤེས།། ཁ་ཡག་ཡག་ཐམས་ཅད་ཚེ་གྲོགས་མིན། །ལུས་འཇམ་འཇམ་ཐམས་ཅད་གོས་བཟང་མིན། །སྒྲ་འཛིན་རྣ་ཡིས་ཐོས་པ་ལས།། འདྲེན་བྱེད་མིག་གིས་རིག་ན་དགའ། །"ལྟ་བུ་སོགས་གཏམ་དཔེར་མཚོན་ནས་བཤད་ན་ཡང་ལར་ཆོས་ཀུན་གྱི་ངོ་བོ་བརྟན་གཡོ་དང་དགེ་སྐྱོན་ཟུང་ལྡན་གྱི་རང་བཞིན་བརྗོད་པས་རྩོད་སྒྲུབ་ཀྱི་གཏན་ཚིགས་རིག་པ་ལྡན།
གསུམ་པ། རྩོམ་པའི་རྣམ་གཞག་ཐད་ནས་མཛེས་དཔྱོད་ཀྱི་འཆར་སྒོ་ཡངས་པ།
སྤྱིར་དམངས་ཁྲོད་གཏམ་དཔེ་ནི་ཚིག་ཉུང་དོན་བསྡུས་ཀྱི་མི་ཚེའི་གཏན་ཚིགས་ཅན་དང་། མི་རིགས་རང་བཞིན་ཅན། ལོ་རྒྱུས་རྒྱབ་ལྗོངས་ཅན་བཅས་རིག་གཞུང་མ་ལག་ཁྱད་མཚར་བ་ཞིག་ཡིན་ལ། མི་རིགས་སོ་སོ་ལ་རང་སོ་སོའི་གཏམ་དཔེ་ཡོད། དེ་ཡང་རང་མི་རིགས་ཀྱི་གཏམ་དཔེ་ཡང་མི་དམངས་ཀྱིས་ཡུན་རིང་གི་ངལ་རྩོལ་འཚོ་བ་ལས་བཏུས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་མཐར། ཕྱི་རབས་པ་རྣམས་ལ་ལེགས་ཉེས་བླང་དོར་གྱི་གནས་ལུགས་དང་། འཚོ་བ་ངོས་འཛིན་གྱི་ཤེས་རབ་འབྱེད་པའི་བློ་མིག་ཅིག་རྒྱུད་ལ་མངའ་བའམ། བྱ་བ་དང་དངོས་པོ་གང་རུང་གི་ངོ་བོ་དང་ཆོས་ཉིད་གསལ་ལྷང་ངེར་བསྟན་ནས། ཕ་རོལ་པོ་ལ་ངོ་སྤྲོད་ཀྱི་ནུས་པ་ལྡན་པའི་ཚིགས་བཅད་ཅིག་ངག་ཐོག་ནས་གཅིག་གིས་གཅིག་ལ་བརྒྱུད་དེ། སློབ་གསོའི་ཕན་འབྲས་ཐོན་པ། བརྗོད་བྱ་རྒྱ་ཆེ་བ། བརྗོད་དོན་གཏིང་ཟབ་པ། རྗོད་ཚིག་ཉམས་དོད་པ་དང་མཚན་ཉིད་རིག་པའི་གཏན་ཚིགས་རང་བཞིན་ཤུགས་དྲག་ཏུ་མངོན་པའི་སྐད་ཆའི་སྒྱུ་རྩལ་ཞིག་རེད།
གཏམ་དཔེས་མིའི་འགྲོ་འདུག་ཀུན་སྤྱོད་སོགས་རྙོག་འཛིང་ཆེ་བའི་བརྗོད་བྱ་རྣམ་པ་སྣ་ཚོགས་དེ་དག་གི་ངོ་བོའམ་ཁྱད་ཆོས་ཚུལ་གང་དང་གང་འདྲ་ཡིན་པའི་སྙིང་བོ་གནད་གཅིག་ཏུ་བསྒྲིལ་ནས་རྒྱས་བསྡུས་རན་པ་དང་། བསྡུས་དོན་དག་གསལ་བོར་སྟོན་ཐུབ་སྟེ། ཚིག་སྦྱོར་གྱི་ཆ་ནས་མང་ཆེ་ཤོས་ཚིག་རྐང་གཉིས་ཅན་ཡིན་ལ། ཚིག་གི་རྣམ་པ་ཐུང་བ། དོན་འདུས་པ། དབྱངས་འགྲོས་སྙན་པ། ཚེག་བར་མཉམ་པ། སྐད་ཆ་བབ་ཆགས་པ། ཁ་སྐད་ཀྱི་རང་བཞིན་ལྡན་པ། འཇིག་རྟེན་ཕྱིའི་འཕེལ་འགྲིབ་དང་ནང་སེམས་ཀྱི་འགྱུར་བ་མཐའ་དག་ཚིག་ཉུང་སྙན་འཇེབས་ཀྱི་གདངས་ལ་བརྟེན་ནས་བརྗོད་ཡོད་པས། རྩོམ་པ་པོ་དག་གིས་ཀྱང་རྩོམ་འབྲིའི་གོ་རིམ་ཁྲོད་གཏམ་དཔེ་བཀོལ་ནས་བརྗོད་བྱ་དང་རྗོད་གཞི། རྗོད་ཚིག་སོགས་ལ་རྒྱ་ཆེ་གཏིང་ཟབ་ཀྱི་མཛེས་ཉམས་དོད་པར་བྱས་ཡོད་པ་མིག་མཐོང་ལག་ཟིན་ཡིན་ཏེ། དཔེར་ན། གླིང་སྒྲུང་དང་ལེགས་བཤད། བསྟན་བཅོས། གནའ་གཏམ། སྒྲུང་སོགས་སུ་དམངས་ཁྲོད་གཏམ་དཔེ་མང་པོ་བཀོལ་ཡོད།
གོང་གསལ་ལྟར་གཏམ་དཔེ་ནི་རྩོམ་འབྲིའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པར་མ་ཟད། རྩོམ་རིག་གི་སྒྱུ་རྩལ་ལྡན་ཞིང་སྣང་བརྙན་གསོན་ཉམས་རང་བཞིན་གསལ་བ་ལ་དཔེར་ན། "ལུས་འདར་བ་སྒང་ཁའི་དར་ལྕོག །ངག་འདར་བ་ཤིང་ལོ་རླུང་འཁྱེར། །ཡིད་འདར་བ་ཆུ་ནང་ཟླ་གཟུགས། །བློ་ཁ་ཡར་འཁོར་མར་འཁོར་སྤྲིན་དཀར་ནག་གི་སྤྲིན་ཁ་འཐབ་འདྲ། ། གོམ་པ་ཡར་སྤོ་མར་སྤོ་ཁྱི་གདའ་ལིས་ཁབ་རུས་མིད་འདྲ། །ཁ་དོན་མེད་རླུང་བཞིན་འུ་རུ་རུ། ། ལྕེ་དར་ལྕོག་བཞིན་དུ་ལྷབས་སེ་ལྷབས། །"ཞེས་པ་ལྟ་བུ་དང་། དཔེ་དོན་འབྲེལ་ཆགས་པ་ལ་དཔེར་ན"ཀ་བ་བཞིན་དུ་དྲང་དགོས།། ཀ་རྡོ་བཞིན་དུ་བརྟན་དགོས།།"ལྟ་བུ་སོགས། བྱིས་པའི་སློབ་གསོའི་ཁྲོད་གཏམ་དཔེ་རྒྱུན་སྤྱོད་བྱེད་དུ་བཅུག་ན་རྩོམ་འབྲིའི་ནུས་པ་མཐོར་གཏེགས་གཏོང་ཐུབ་པར་མ་ཟད། རྩོམ་གྱི་བརྗོད་བྱ་ཕུན་སུམ་ཚོགས་པ་དང་བརྗོད་དོན་གཏིང་ཟབ་པ། རྗོད་ཚིག་ལ་སྙན་ངག་གི་མཛེས་ཉམས་ཡོང་བར་རིན་ཐང་ཆེས་ཆེར་ལྡན་ནོ། །