ཀྲུང་གོ་བོད་ཀྱི་དྲ་བ།

ལེགས་བཤད་བསྟན་བཅོས་ཀྱི་ཞིབ་འཇུག་གནས་བབ་སྐོར་གྱི་ཕྲན་དཔྱད།

ཡོང་ཁུངས། : ལེགས་བཤད་བསྟན་བཅོས་ཞིབ་འཇུག   རྩོམ་པ་པོ། : བཀྲ་ཤིས་ཚེ་རིང་།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། འདིར་རྒྱུན་དུ་ལེགས་བཤད་བསྟན་བཅོས་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་པའི་ཚེ། ཐོག་མར་ལེགས་བཤད་བསྟན་བཅོས་ཞེས་པའི་བརྡ་དོན་གོ་བ་སྔོན་དུ་བཏང་སྟེ། དེའི་འཕེལ་རིམ་དང་། དེར་བསྟན་བཅོས་དུ་བྱུང་བ། དེ་བཞིན་ཞིབ་འཇུག་གནས་བབ་ཇི་འདྲ་བཟུང་ཚུལ་སྐོར་ལ་རྒྱུས་ལོན་ཟབ་མོ་འོང་ཕྱིར། རྩོམ་རིག་གཞུང་ལུགས་དང་རིག་གཞུང་དཔྱད་རྩོམ་ཁག་ལ་གཞི་ཁུངས་བཅོལ་ཏེ་རང་ནུས་ལྕོགས་ཚོད་ཅིག་དཔྱད་གླེང་ཞུས་ཡོད།   

གནད་ཚིག ལེགས་བཤད་བསྟན་བཅོས། འཕེལ་རིམ། རྣམ་གྲངས། ཞིབ་འཇུག་གནས་བབ།

གླེང་སློང་།

ལེགས་བཤད་རྩོམ་རིག་ཅེས་པའི་ཐ་སྙད་འདི་དེང་གི་དུས་སུ་དར་ཞིང་ཁྱབ་མོད། སྔ་དུས་སུ་ལུགས་ཀྱི་བསྟན་བཅོས་ཞེས་སུ་འབོད་ཅིང་། འདིར་སྔོན་བྱོན་མཁས་པའི་བཞེད་སྲོལ་ལྟར་ལེགས་བཤད་བསྟན་བཅོས་དང་ལེགས་བཤད་རྩོམ་རིག་གཉིས་གཞི་གཅིག་ཏུ་བྱས་ཏེ་གླེང་བྱར་བྱས་སོ། །དེ་ཡང་། རྩོམ་རིག་ལོ་རྒྱུས་ལྟར་ན་དེ་ནི་བོད་ཀྱི་རྩོམ་རིག་ནང་ནས་བྱུང་སྔ་བ་དང་། འཕེལ་འགྱུར་ཆེ་བ། རིན་ཐང་ཆེ་བ། གྲངས་འབོར་མང་བའི་རྩོམ་རིག་གི་བརྩམས་ཆོས་ཤིག་ཡིན་པས། ད་བར་དེའི་སྐོར་ལ་ཞིབ་འཇུག་བྱས་པའི་འབྲས་བུའང་མི་ཉུང་བ་ཞིག་ཐོན་ཡོད། རང་རེའི་མེས་པོ་ཚོ་གནའ་སྔ་མོ་ནས་འཚོ་ཞིང་གཞེས་པའི་བརྒྱུད་རིམ་ཁྲོད། རང་རང་གི་ནང་བསམ་པའི་འདུ་ཤེས་དང་། ཡུལ་སྲོལ་གོམས་གཤིས། མི་ཆོས་ཀུན་སྤྱོད་ལ་སོགས་ལོ་རྒྱུས་ཀྱི་འཕེལ་འགྲོས་དང་བསྟུན་ཏེ། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་རིག་གནས་ཤིག་གྲུབ་ཡོད། དེ་ལྟར་མི་རྣམས་ཀྱིས་ཕྱི་ནང་གི་ཀུན་སྤྱོད་བཟང་པོ་གཙིགས་འཛིན་དང་དེའི་ཕྱོགས་སུ་གཞོལ་ཕྱིར། དེས་ནི་རྒྱུན་དུ་མི་ཚོའི་ལས་རིམ་མཐོ་དམན་དྲག་ཞན་སོགས་གང་ལའང་མ་བལྟོས་པར། སྤྱི་མཐུན་དུ་གྲུབ་པའི་མི་ཆོས་ཀྱི་རྣམ་གཞག་འཐུས་ཚང་ཞིག་ཀྱང་གྲུབ་པར་སྣང་། དེས་ན། ལེགས་བཤད་བསྟན་བཅོས་ནི་རྗོད་བྱེད་སྒྱུ་རྩལ་གྱིས་ཡོངས་སུ་ཕྱུག་ཅིང་། བརྗོད་བྱའི་ནང་དོན་ལ་བརྟག་ན་སྐྱེ་བོ་ཐམས་ཅད་ལ་མཁོ་བའི་ཤེས་རབ་བསྐྱེད་བྱེད་ཀྱི་གདམས་ངག་ཅིག་ཏུ་སེམས་སོ། ། 

དེའི་ཕྱིར། ལེགས་བཤད་བསྟན་བཅོས་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་པའི་ཚེ། ལེགས་བཤད་བསྟན་བཅོས་ཞེས་པར་གོ་བ་ཟབ་མོ་ཞིག་ལོན་པ་སྔོན་དུ་བཏང་སྟེ། ད་བར་ལེགས་བཤད་བསྟན་བཅོས་དུ་ཙམ་ཐོན་ཞིང་། དེ་དག་ལ་འགྲེལ་པ་དང་ཞིབ་འཇུག་ཇི་འདྲ་བྱས་ཡོད་ཚུལ་སྐོར་ལ་རྒྱུས་ལོན་དང་ཤེས་རྟོགས་ཟབ་མོ་ཞིག་དགོས་པ་ནི། ལས་རིམ་འདིར་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་དུ་སེམས། སྐབས་སུ་བབས་པ་ལེགས་བཤད་བསྟན་བཅོས་ཀྱི་འཕེལ་རིམ་མདོར་བསྡུས་དང་། ལེགས་བཤད་བསྟན་བཅོས་ཀྱི་རྣམ་གྲངས་དུ་ཡོད་གླེང་བ་གཞིར་བཅས། ལེགས་བཤད་རྩོམ་རིག་གམ་ལེགས་བཤད་བསྟན་བཅོས་ཀྱི་ད་ལྟའི་ཞིབ་འཇུག་གནས་བབ་ཇི་འདྲ་བཟུང་ཚུལ་སྐོར་ལ་དཔྱད་གླེང་ཆེ་ལོང་ཞུ་བར་བྱའོ། ། 

དང་པོ། ལེགས་བཤད་བསྟན་བཅོས་ཀྱི་འཕེལ་རིམ་དང་རྣམ་གྲངས་གླེང་བ།

གཅིག ལེགས་བཤད་བསྟན་བཅོས་ཀྱི་འཕེལ་རིམ་མདོར་བསྡུས།

དེ་ཡང་། ལོ་ངོ་སྟོང་ཕྲག་རིང་ས་འོག་ཏུ་ལུས་ཤིང་། ཕྱིས་སུ་སྔོག་འདོན་དང་ཞིབ་འཇུག་བྱེད་པའི་སྐལ་བཟང་ཤར་ཏེ། ཏུན་ཧོང་གི་ཡིག་རྙིང་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་བྱ་བ་ལེགས་བཤད་དང་བསླབ་བྱ་མཉམ་བསྲེས་ཀྱི་ཚུལ་དུ་གནས་པ་ཞིག་ཡོད་ཅིང་། དེ་ནི་བོད་ཀྱི་ལེགས་བཤད་བསྟན་བཅོས་གྲུབ་པའི་ཐོག་མའི་ས་བོན་ལྟ་བུར་གྱུར་ལ། དེ་ནས་ཕྱི་མ་ལ་བསྟན་པའི་མདོ་ཞེས་དང་། ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ་ཞེས་གཟུགས་རྣམ་ཅན་དུ་གྲུབ་པའི་ལེགས་བཤད་བསྟན་བཅོས་རིམ་པར་ཐོན་འདུག དེས་ནི་མི་ཆོས་ཀུན་སྤྱོད་ཀྱི་གཞུང་ཐོག་མར་གྲུབ་པར་སེམས། ཡང་མི་རིང་བའི་དུས་སུ། ཆོས་རྒྱལ་ལོ་པཎ་དུ་མའི་དྲིན་གྱིས་ནང་པ་སངས་རྒྱས་ཀྱི་ཆོས་གཞུང་དུ་མ་བསྒྱུར་ཅིང་། དེ་དག་ལ་ཞུ་དག་རབ་དང་རིམ་པ་གནང་བའི་མཐར་གཙུག་ལག་རིག་པའི་འཕེལ་རྒྱས་ལ་མཛད་རྗེས་ཆེན་པོ་བཞག་པར་སྣང་། དེ་དང་དུས་མཚུངས་སུ། སྐྱེས་ཆེན་དམ་པ་ཚོས་རྩ་ཆེའི་རིག་གནས་འདི་བཞིན་དབང་ལུང་ཁྲིད་གསུམ་གྱི་ཐབས་ལ་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་གནང་སྟབས། གོམ་པ་རིམ་བགྲོད་ཀྱིས་རང་རེའི་རིག་གནས་འདི་ཡང་གྲ་རྒྱས་ཕུན་ཚོགས་སུ་བཏང་ཡོད་པ་བསྙོན་དུ་མེད་དོ། །   

མཚམས་འདིར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་གཙོས་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱི་ལུགས་ཀྱི་བསྟན་བཅོས་བདུན་ཙམ་བོད་ཡིག་ཏུ་ཕབ་བསྒྱུར་མཛད་པ་རང་རེའི་བསྟན་འགྱུར་ཆེན་མོའི་ནང་དུ་བྱུང་ཞིང་། དེ་རྣམས་སྐྱེས་ཆེན་དམ་པ་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་དང་སྦྲགས་སློབ་གཉེར་ཡང་རབ་དང་རིམ་པར་མཛད་ཡོད་པར་མཐོང་། དེ་ལྟའི་ཤུགས་རྐྱེན་འོག་ཆོས་རྗེ་ས་པཎ་གྱིས་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་དག་ལ་ཞིབ་དཔྱད་གནང་བའི་ཁར། རང་རེའི་སྐད་དང་། ཡི་གེ། དེ་བཞིན་མི་དམངས་ཀྱི་བསམ་བློའི་གནས་ཚད་ལ་སོགས་དང་མཐུན་པར། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བས་གཙོས་ལེགས་བཤད་བསྟན་བཅོས་རྣམ་གསུམ་མཛད་པས་ན། ཡུལ་གངས་ཅན་ལྗོངས་འདིར་སླར་ཡང་ལེགས་བཤད་བསྟན་བཅོས་ཀྱི་བཞད་ཁ་ཕྱེ་བ་ཡིན་ལ། རང་རེའི་རྩོམ་རིག་ཁྲོད་ལེགས་བཤད་རྩོམ་རིག་ཅེས་རང་ཚུགས་ཐུབ་པའི་ལུས་རྣམ་ཁྱད་པར་ཅན་འདི་ཉིད་དངོས་སུ་བྱུང་། དེ་ནས་རིམ་གྱིས་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དང་། པཎ་ཆེན་བསོད་ནམས་གྲགས་པ། གུང་ཐང་འཇམ་དཔལ་དབྱངས། དཀའ་ཆེན་དཀྱིལ་ཟུར་བློ་བཟང་སྦྱིན་པ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ལ་སོགས་པའི་མཁས་དབང་དུ་མ་རིམ་པར་བྱོན་ཏེ། ལེགས་བཤད་བསྟན་བཅོས་རྩོམ་པའི་རབས་བསྐྱངས་ཡོད་ལ། མི་ཆོས་ཀུན་སྤྱོད་ཀྱི་གཞུང་ལུགས་ཀྱང་སྔར་བས་དར་ཞིང་རྒྱས་པར་མཛད་དོ། །    

ལེགས་བཤད་བསྟན་བཅོས་ནི་སྔོན་བྱོན་མཁས་པ་དག་གི་བློ་གྲོས་ཀྱི་སྙིང་བཅུད་གཅིག་ཏུ་བཏུས་པ་ཞིག་ཡིན་ཞིང་། དེར་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གཉིས་ཀྱི་ཕྲ་རགས་དོན་རྣམས་རྣམ་དབྱེ་གསལ་བའི་ཕྱིར། མཁས་པ་ཚོས་རྒྱུན་གཏན་འཚོ་བའི་མྱོང་གོམས་དང་ཤེས་རབ་གཉིས་ཀྱིས་ལེགས་པར་བརྟག་ཅིང་དཔྱད་དེ། གནས་ལུགས་ཐམས་ཅད་ཀྱི་ངོ་བོ་རྣམ་པར་འབྱེད་ཅིང་། ཁྱད་པར་རིགས་པའི་ལམ་ལ་བརྟེན་ནས་ནང་དོན་དང་རྣམ་པ་གང་ཅིར་ཡང་དག་པའི་སྡོམ་ཚིག་ཅིག་བཀོད་པ་སྟེ། ངོ་མཚར་རྨད་དུ་བྱུང་བའི་ལེགས་བཤད་བསྟན་བཅོས་དུ་མ་ཞིག་མཛད་ཡོད། དེ་དག་གིས་ནི་མི་སྒེར་གྱི་བསམ་སྤྱོད་ལེགས་སུ་གཏོང་ནུས་པ་གང་ཞིག སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་མེད་དུ་མི་རུང་བའི་རིག་གནས་ཤིག་ཏུ་གྲུབ་པ་ཡིན་གཤིས། དེར་ལོ་རྒྱུས་དང་། རྩོམ་རིག སློབ་གསོ། མཚན་ཉིད་རིག་པ་ལ་སོགས་པའི་རིན་ཐང་གཞལ་དུ་མེད། དེས་ན། ལེགས་བཤད་བསྟན་བཅོས་ནི་སྐྱེ་བོ་ཐམས་ཅད་ལ་ཤིན་ཏུ་མཁོ་བའི་ཤེས་རབ་སྐྱེད་བྱེད་ཀྱི་གདམས་ངག་གི་གཏེར་མཛོད་ཆེན་པོ་ཞིག་ཏུ་གྱུར་ཡོད་པའང་ཀུན་གྱིས་མཁྱེན་ཆོས་ཡིན།  

གཉིས། ད་བར་ཐོན་པའི་ལེགས་བཤད་བསྟན་བཅོས་ཀྱི་རྣམ་གྲངས་གསལ་བ།

སྤྱིར་རིག་ཚན་གང་འདྲ་ཞིག་ལ་རྒྱུས་ལོན་བྱེད་དགོས་ཚེ། རིག་ཚན་དེའི་ཕྱོགས་ཡོངས་ལ་རྒྱུས་མངའ་ལོན་པ་བྱ་རྒྱུ་ནི་ཆེས་གལ་ཆེ་བའི་ལས་རིམ་ཞིག་ཡིན་པར་སྙམ་སྟེ། སྔོན་བྱོན་མཁས་པའི་གསུང་འབུམ་དང་། དེང་གི་རྩོམ་རིག་གཞུང་ལུགས་དང་བཅས་པ་རྒྱལ་ནང་དུ་དཔར་སྐྲུན་འགྲེམས་སྤེལ་ཟིན་པར་བརྟག་ན། དགེ་རྒན་ཆེན་མོ་བ་རྒྱ་ཡེ་བཀྲ་བྷོས་བསྒྲིགས་པའི་ལེགས་བཤད་ཟླ་བའི་སྣང་བ་ཞེས་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བསྒྲིགས་པའི་ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཚོགས་ལས་ལེགས་བཤད་བསྟན་བཅོས་ཕལ་མོ་ཆེ་མཇལ་ཐུབ། དེ་དག་རིམ་པ་ལྟར་གསལ་ན། ཏུན་ཧོང་གཏེར་ཡིག་ཏུ་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་དང་། ཕྱི་མ་ལ་བསྟན་པའི་མདོ། ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ་ཞེས་གསུམ་དང་། ཆོས་རྗེ་ས་པཎ་གྱི་ལེགས་བཤད་བསྟན་བཅོས་གསུམ1དང་། བོ་དོང་པཎ་ཆེན་གྱི་གཅིག2པཎ་ཆེན་བསོད་ནམས་གྲགས་པའི་གཅིག3རིག་འཛིན་འཇིགས་མེད་གླིང་པའི་གཉིས།3གུང་ཐང་འཇམ་དཔལ་དབྱངས་ཀྱི་གཉིས།4དཀའ་ཆེན་དཀྱིལ་ཟུར་བློ་བཟང་སྦྱིན་པའི་གཉིས།5འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གཉིས།6ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱི་གསུམ།7པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མའི་གཉིས།8དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་གཅིག9རབ་འབྱམས་སྨྲ་བ་རྗེ་དྲུང་བློ་བཟང་བསྟན་འཛིན་གྱི་གཅིག10བཅས་ད་ལྟར་མཐོང་ཆོས་སུ་གྱུར་པ་རྣམས་སོ། །        

འོན་ཏང་། དེ་ཚུལ་ལ་མནོ་བསམ་ཅུང་ཟད་ཅིག་བགྱིས་ན། ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས་ཞེས་བྱ་བའི་མཛད་བྱང་དུ།“བླ་མ་རིན་པོ་ཆེ་རྣམ་རྒྱལ་བཟོད་པ་དེ་ཉིད་ཀྱིས་མཛད་པའི་ས་དང་མེའི་བསྟན་བཅོས་ཀྱང་ཡོད་པར་གྲགས”11 ཞེས་གསུངས་པ་ལྟར་ན། གང་དེའི་དངོས་ཀྱི་སློབ་དཔོན་ནམ་ཡང་ན་བརྒྱུད་པའི་བླ་མ་རྣམ་རྒྱལ་བཟོད་པ་ཞེས་བྱ་བའི་མཚན་ཅན་གྱིས་མཛད་པའི་ལེགས་བཤད་བསྟན་བཅོས་ཏེ། སའི་བསྟན་བཅོས་དང་མེའི་བསྟན་བཅོས་ཞེས་བྱ་བའི་ལེགས་བཤད་བསྟན་བཅོས་གཉིས་དང་། ས་སྐྱ་ལེགས་བཤད་ཀྱི་མཐའ་དཔྱོད་སྐལ་བཟང་ཡིད་ཀྱི་དགའ་སྟོན་ཞེས་པར།“རབ་གསལ་སྣང་བས་ལེགས་ཉེས་འབྱེད་པའི་བསྟན་བཅོས་རབ་གསལ་སྣང་བ་ཞེས་པ་མཛད”12 ཅེས་འཁོད་པར་གཞིགས་ནའང་། རབ་གསལ་སྣང་བ་ཞེས་པའི་མཚན་ཅན་གྱིས་ཀྱང་ལེགས་བཤད་བསྟན་བཅོས་འདི་བཞིན་མཛད་ཡོད་པར་སེམས་ཏེ། ད་ལྟ་གྲགས་ཚོད་དུ་བྱུང་བའི་ལེགས་བཤད་བསྟན་བཅོས་འདི་གསུམ་རྙེད་སོན་མ་བྱུང་ཞེས་གསལ་བཤད་ཞུས་ཏེ། ཕྱིས་སློབ་གཉེར་དང་ཞིབ་འཇུག་གི་ལས་ལ་ཞུགས་སྐབས་འཚོལ་རྙེད་ཡོང་རྒྱུར་རེ་སྒུག་ཞུ་བཞིན་ཡོད་དོ། ། 

གཞན་དུ་ན། ཏུན་ཧོང་ཡིག་རྙིང་ཨང༩༩༢པར་ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ་ཞེས་པའི་མ་ཡིག་ཆ་ཚང་དགེ་རྒན་ཆེན་མོ་བ་ཚེ་རིང་གི་དཔྱད་རྩོམ13ནང་བཀོད་པ་ཞིག་དང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ཁ་སྐོང་ལས་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་པོད་དང་པོ་14ཞེས་བྱ་བར། ཆོས་རྗེ་ས་པཎ་གྱི་སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ཞེས་དང་། ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་ཉི་མའི་སྙིང་པོ་ཞེས་བྱ་བ་གཉིས་དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ལས། བྱིས་པ་འཇུག་པ་སེམས་ཀྱི་བསླབ་པ་བསྟན་པར་བླུན་པོ་བརྟག་པའི་ལེའུ་དང་པོ་ནས་བཅུ་པའི་བར་བཤད་པ15ཞེས་དང་། བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་ཡིག་ཆ་ལས། རབ་འབྱམས་སྨྲ་བ་རྗེ་དྲུང་བློ་བཟང་བསྟན་འཛིན་གྱི་ལུགས་ཟུང་ལེགས་པར་བཤད་པ་ནམ་མཁའི་བསྟན་བཅོས་དོན་གཉིས་ལྷུན་གྱིས་གྲུབ་པའི་གཏེར་མཛོད16ཅེས་བྱ་བ་དང་བཅས་པའི་ལེགས་བཤད་བསྟན་བཅོས་ཁག་ལྔ་ཙམ་ལག་སོན་བྱུང་།དེ་དག་ནི་ཁོ་བོས་བྱས་པའི་ལེགས་བཤད་ཉི་མའི་སྙིང་པོ17ཞེས་པར་མ་ཡིག་ཆ་ཚང་དང་སྦྲགས། གོ་དཀའ་བའི་ཐ་སྙད་ལ་མཆན་འགྲེལ་བཏབ་ལ་མཛད་པ་པོའི་རྣམ་ཐར་མདོར་བསྡུས་རེ་བཀོད་དེ་གསལ་ཡོད། འོན་ཀྱང་དེ་འདྲ་བའི་ལེགས་བཤད་བསྟན་བཅོས་གཞན་ཡང་ཡོད་ངེས་པས། ཕྱོགས་འདིར་མུ་མཐུད་ཐོས་བསམ་དང་ཞིབ་འཇུག་གི་ལས་ལ་ཞུགས་པའི་མོས་པ་ཤིན་ཏུ་ཆེའོ། །   

གཉིས་པ། ལེགས་བཤད་བསྟན་བཅོས་ཀྱི་ཞིབ་འཇུག་གནས་བབ་གླེང་བ།  

ལེགས་བཤད་བསྟན་བཅོས་འདི་ཡང་བོད་ཀྱི་རིག་གནས་དར་བའི་རྒྱལ་ཁབ་དང་ཡུལ་གྲུ་ཁག་ཏུ་དར་ཡོད་པར་སྙམ་ཞིང་། དེ་ལྟའི་ཞིབ་འཇུག་གི་འབྲས་བུའང་ངེས་པར་ཡོད་སྲིད། ད་ལྟ་ཁོ་བོའི་མཐོང་ཆོས་སུ་གྱུར་པའི་དཔྱད་གཞི་ལྟར་དེ་ཚུལ་ཅུང་ཟད་གླེང་ན་འདི་ལྟ་སྟེ།

གཅིག  རྒྱ་ཡིག་ལས་ལེགས་བཤད་བསྟན་བཅོས་ཀྱི་ཞིབ་འཇུག་འབྲས་བུར་རྟོག་པ།

དགེ་རྒན་ཆེན་མོ་བ་ཚེ་རིང་གི་ཏུན་ཧོང་ཡིག་རྙིང་ཨང༩༩༢པ་ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ་ཞེས་དང་དེའི་སྐོར་གྱི་ཞིབ་འཇུག18ཅེས་དང་།བསོད་ནམས་ཚེ་རིང་གི་ཏུན་ཧོང་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་པ་གཉིས་ཀྱི་འབྲེལ་བར་དཔྱད་པ19ཞེས་ཏུན་ཧོང་གནའ་བོའི་རིག་གནས་རིག་གཞུང་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས་དངོས་སུ་བལྟ་ཐུབ་མོད། དྲྭ་ཐོག་ལས་དགེ་རྒན་ཆེན་མོ་བ་དཔལ་འབར་རྡོ་རྗེའི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ལས་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བར་ཐོག་མར་དཔྱད་པ20ཞེས་དང་། ཝང་ཅིན་ཨའི་ཏུན་ཧོང་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་མིང་གདགས་ལུགས་དང་ཞིབ་འཇུག་སྐོར་གྱི་དཔྱད་གཏམ21ཞེས་དང་། ཀྲའུ་ཡུན་ཧྲེའེ་ཡི་ཏུན་ཧོང་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ལས་བརྩེ་བའི་སློབ་གསོ་གླེང་བ22ཞེས་སོགས་ཏུན་ཧོང་གནའ་ཡིག་ལས་ཕྱུང་བའི་ལེགས་བཤད་སྐོར་གྱི་དཔྱད་རྩོམ་འགའ་ཞིག་ལ་རགས་བལྟ་བྱེད་པའི་གོ་སྐབས་ཀྱང་རྙེད་བྱུང་ངོ་། །          

རང་ཚུགས་ཐུབ་པའི་ལེགས་བཤད་བསྟན་བཅོས་ཀྱི་སྐོར་ལ་དཔྱད་བརྗོད་དང་ཞིབ་འཇུག་བྱས་པར་གཞིགས་ན། ལི་ཀྲུང་ལིན་དང་། ཤིང་ཆོན་ཁྲེང་། ལི་མིན་བཅས་ཀྱི་བོད་ཀྱི་ལེགས་བཤད་རིག་གནས་ཞིབ་དཔྱད23ཅེས་པར་ལེགས་བཤད་སྙན་ངག་ཅེས་བཏགས་ཏེ། བོད་ཀྱི་ལེགས་བཤད་བསྟན་བཅོས་ཀྱི་བྱུང་འཕེལ་སྐོར་སྤྱིར་བཤད་པ་དང་། གྲགས་ཆེ་བའི་ལེགས་བཤད་བསྟན་བཅོས་རྣམས་ལས་མི་ཆོས་དང་། རྩོད་སྒྲུབ། སྲིད་སྐྱོང་། སློབ་གཉེར། མཁས་བླུན། བདེ་སྐྱིད། མཛེས་དཔྱོད། ཆོས་ལུགས་བཅས་ཀྱི་སྐོར་གླེང་ཞིང་། དེར་མ་ཟད་རྗོད་བྱེད་སྒྱུ་རྩལ་གྱི་ཁྱད་ཆོས་དང་བཅས་ལེའུ་བཅུའི་སྒོ་ནས་ཞིབ་དཔྱད་དང་གདེང་འཇོག་བྱས་པར་མཐོང་། གཞན་ཡང་། རིག་གཞུང་དཔྱད་རྩོམ་ལ། ལི་ཀྲུང་ལིན་དང་།ཤིང་ཆོན་ཁྲེང་།དེ་བཞིན་དགེ་རྒན་ཆེན་མོ་བ་ཚེ་རིང་དང་།བསོད་ནམས་ཚེ་རིང་བཅས་གཙོ་བོར་གྱུར་པའི་ཞིབ་འཇུག་པ་འགས་རྒྱ་སྐད་ཡིག་གི་ཐོག་ནས།བོད་ཀྱི་ལེགས་བཤད་སྙན་ངག་ལས་སློབ་གཉེར་གྱི་སྐོར་གླེང་བ་ཞེས་དང་། བོད་ཀྱི་ལེགས་བཤད་སྙན་ངག་ལས་ཆོས་ལུགས་ཀྱི་འདུ་ཤེས་སྐོར་གླེང་བ། བོད་ཀྱི་ལེགས་བཤད་སྙན་ངག་ལས་ཆོས་ལུགས་བསམ་བློའི་དོན་གསུམ་གླེང་བ་ཞེས་སོགས་ཁྱོན་དཔྱད་རྩོམ་བཅུ་གྲངས་ཤིག་ཀྲུང་གོའི་བོད་རིག་པ་དང་། མཚོ་སྔོན་མི་རིགས་ཞིབ་འཇུག མཚོ་སྔོན་དགེ་འོས་སློབ་ཆེན་རིག་དེབ་ལ་སོགས་པའི་རིག་གཞུང་དུས་དེབ་དང་དྲྭ་བའི་ཐོག་ཏུ་སྤེལ་བ་མཐོང་རྒྱུ་སྣང་ལ། ད་དུང་དབྱིན་ཡིག་སོགས་ཡིག་རིགས་གཞན་ལས་ཞིབ་འཇུག་བྱས་པའི་འབྲས་བུའང་ངེས་པར་ཡོད་མོད། ཁོ་བོའི་ནུས་པས་མི་ལྕོགས་པས་རེ་ཞིག་སྤྲོས་པའི་སྤོབས་པ་མ་མཆིས་སོ། །  

གཉིས། བོད་ཡིག་ལས་ལེགས་བཤད་བསྟན་བཅོས་ཀྱི་ཞིབ་འཇུག་འབྲས་བུར་རྟོག་པ།

དེ་ཚུལ་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ཅུང་མངས་ཏེ་དཔེ་མཚོན་འགའ་ཞུ་བ་ལ། ད་ལྟ་དཔར་སྐྲུན་འགྲེམས་སྤེལ་མ་བྱས་པའི་སློབ་གནས་དཔྱད་རྩོམ་གྱི་སྐོར་ལ་སེམས་ན། བོད་ལ་ལེགས་བཤད་རྩོམ་ལུས་གྲུབ་པའི་རྒྱུ་དང་རྐྱེན་ལ་དཔྱད་པ24ཞེས་དང་། བོད་ཀྱི་ལེགས་བཤད་རྩོམ་རིག་གི་བྱུང་འཕེལ་དང་ཁྱད་ཆོས་སྐོར་ལ་དཔྱད་པ25ཞེས་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གནས་ཞུ་བའི་དཔྱད་རྩོམ་དེ་གཉིས་དངོས་སུ་ལྟ་ཀློག་བྱེད་པའི་གོ་སྐབས་ཐོབ། འོན་ཏེ་བློ་བཟང་ཚུལ་ཁྲིམས་ཀྱི་བོད་ཀྱི་ལེགས་བཤད་ཀྱི་འཕེལ་འགྱུར་དང་ཁྱད་ཆོས་སྐོར་ཅུང་ཟད་གླེང་བ25ཞེས་དང་། སྟག་འབུམ་རྒྱལ་གྱི་བོད་ཀྱི་ལེགས་བཤད་གཏམ་རྒྱུད་ཀྱི་འཕེལ་འགྱུར་དང་ཁྱད་ཆོས་སྐོར་གྱི་ཞིབ་འཇུག26ཅེས་པ་གཉིས་དྲྭ་ཐོག་ནས་རྩོམ་བྱང་དང་ནང་དོན་གནད་བསྡུས་གཉིས་ལྟ་ཁོམ་བྱུང་བ་མ་གཏོགས་རྩོམ་ཡིག་དངོས་མཇལ་མ་ཐུབ། དགེ་རྒན་ཆེན་མོ་བ་རྒྱ་ཡེ་བཀྲ་བྷོའི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གནས་ཞུ་བའི་དཔྱད་རྩོམ་27ཁྲོད“རྒྱ་གར་གྱི་སྲིད་ལུགས་ཀྱི་རིག་གནས་དང་བོད་ཀྱི་རྩོམ་རིག”ཅེས་ལེགས་བཤད་བསྟན་བཅོས་ཀྱི་སྐོར་རྣམས་ལེའུ་ཚན་གཅིག་ཏུ་བཟུང་སྟེ་དཔྱད་པ་གནང་བ་རིགས་སོ། །

གཞན་ཡང་། རིག་གཞུང་དུས་དེབ་ཁག་ཏུ་འཁོད་པའི་དཔྱད་རྩོམ་ལྟར་ན། ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་དང་། ཕྱི་མ་ལ་བསྟན་པའི་མདོ་དང་། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར། དེ་བཞིན་ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་ལ་སོགས་པའི་ནང་དོན་བྱེ་བྲག་པ་འགའ་ཞིག་གི་སྐོར་གསལ་བ་ཅུང་མང་བར་སྣང་ཞིང་། དེ་དག་ལས་ཕལ་ཆེ་བ་ནི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་སྐོར་ལ་དཔྱད་པ་བྱས་པར་མངོན་ནོ། །

གསུམ། ལེགས་བཤད་བསྟན་བཅོས་ཀྱི་འགྲེལ་པའི་སྐོར་རྟོག་པ།

ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་དང་། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་དང་། དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་ཞེས་པ། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་པ།ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེསཔ། ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞེས་པ། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ཞེས་བཅས་པའི་བརྡ་དོན་བཀྲལ་བ་དང་འགྲེལ་པ་བྱུང་བ་འགའ་ཞིག་མཐོང་ཆོས་སུ་གྱུར་ལ།དེའི་ནང་ནས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་པར་འགྲེལ་བྱེད་མཁན་པོ་དབུས་ཀྱི་དམར་སྟོན་ཆོས་རྒྱལ་དང་། ས་སྐྱ་བསོད་ནམས་རྒྱལ་མཚན་དང་། དགེ་བའི་བཤེས་གཉེན་མཁར་བླ་ཀརྨ་འཕྲིན་ལས་སོགས་བྱུང་ཞིང་། དེར་མ་ཟད་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་། གུང་ཐང་འཇམ་དཔལ་དབྱངས་ཀྱི་ཆུའི་བསྟན་བཅོས་དང་ཤིང་གི་བསྟན་བཅོས་བཅས་པའི་བརྡ་དོན་བཀྲལ་བ་དང་། དེ་བཞིན་སྨྲོས་ཐག་པ་རྣམས་ལའང་འགྲེལ་པ་རེ་སྣང་མོད། ལེགས་བཤད་བསྟན་བཅོས་གཞན་དག་ལ་བརྡ་དོན་བཀྲལ་བ་དང་འགྲེལ་པ་བྱས་པ་ད་ལྟར་ཁོ་བོའི་མིག་ལམ་དུ་མ་གྱུར་སྟབས། ཕྱིས་ཞིབ་འཇུག་བྱ་གཞིར་བཞག་པའོ། །

མཇུག་བསྡུ།

སྔར་ནས་ད་བར་ལེགས་བཤད་བསྟན་བཅོས་ཞེས་བོད་ཀྱི་རིག་གཞུང་སྡེ་ཁག་ཏུ་མཁའ་ལྟར་ཁྱབ་ཅིང་ཀུན་གྱིས་སྒྲོག་པར་བྱེད་དང་བྱེད་མུས་སུ་མཐོང་། བོད་སྐད་ཡིག་ཆེད་ལས་པ་རྣམས་ལ་ནི་སྨྲོས་མི་དགོས་ལ། བོད་སྐད་ཡིག་གི་རྨང་གཞི་ཅུང་ཟད་ཡོད་པ་དང་། ཐ་ན་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོའི་ངག་ལའང་ལེགས་བཤད་ཚན་པ་འགའ་ཞིག་གཤའ་མར་འདོན་པའི་ཚུལ་ཡང་མངོན་སུམ་དུ་གྱུར་ཡོད། དེ་ལྟ་བུའི་ལེགས་བཤད་བསྟན་བཅོས་ལ་སློབ་གཉེར་དང་ཉམས་ལེན་བྱས་ན་མི་གཤིས་ལེགས་པོ་གསོ་བར་ཡང་རིན་ཐང་གཞལ་དུ་མེད་ལ། དེ་བཞིན་འབྱུང་བའང་རང་རེའི་སྔོན་བྱོན་མཁས་གྲུབ་ལོ་པཎ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ལས་འཁྲུངས་པ་ཉག་ཅིག་ཏུ་སེམས་སོ། །

ཕྱིས་འབྱུང་དོན་གྱི་གནད་གཅོད་པའི་ལེགས་བཤད་བསྟན་བཅོས་རྣམས་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་ཇེ་མང་ཇེ་ཟབ་ཏུ་འགྲོ་རྒྱུར་དམིགས་ཤིང་། ཁོ་བོར་སྔོན་བྱོན་མཁས་པའི་གསེར་རིའི་ཕྲེང་ལ་བརྒྱུས་ལྟར་བྱུང་བའི་ལེགས་བཤད་བསྟན་བཅོས་དང་། དེ་དག་གི་འགྲེལ་པ་དང་ཞིབ་འཇུག་བྱས་པའི་འབྲས་བུར་སློབ་གཉེར་དང་ཞིབ་འཇུག་བྱེད་པའི་གོ་བསྐལ་མི་ཉུང་བ་ཐོབ་པ་རྒྱུ་མཚན་དུ་བྱས་ཏེ། སྐབས་སུ་བབས་པ་ལེགས་བཤད་བསྟན་བཅོས་ཀྱི་འཕེལ་རིམ་མདོར་བསྡུས་དང་། མཛད་པ་པོ་དང་བསྟན་བཅོས་ཀྱི་རྣམ་གྲངས་སྨྲོས་པ་གཞིར་བཅས། ལེགས་བཤད་བསྟན་བཅོས་རྣམས་ཀྱི་ཞིབ་འཇུག་གནས་བབ་སྐོར་ལ་དཔྱད་གླེང་ཅུང་ཟད་ཞུས་ཡོད་མོད། འདིར་སྨྲོས་དོན་ལ་ནོངས་པར་གྱུར་པའི་ཆ་མཆིས་ངེས་པས། རྒྱ་ཆེའི་མཁྱེན་དཔྱོད་ཡངས་པ་དག་གིས་འཁྲུལ་བཅོས་གནོང་རྒྱུའི་འདུན་པ་ལྷག་པར་ཆེའོ། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།