ཀྲུང་གོ་བོད་ཀྱི་དྲ་བ།

གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་གནད་དོན་འགའ་ལ་དཔྱད་པ།

ཡོང་ཁུངས། : 《མང་རྫོང་སློབ་གསོའི་ལྟ་སྐུལ།》2023.1   རྩོམ་པ་པོ། : དོ་རྒྱ་བསོད་ནམས་ཚེ་རིང་།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་གསོ་ལས་འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་མ་ཡིན་ཚུལ་དང་། སློབ་ཁྲིད་བྱེད་ན་ངེས་པར་དུ་ཁྲིད་ཡིག་འབྲི་དགོས་པ། དགེ་རྒན་བཟང་ངན་ནི་ཁྲིད་ཐབས་ཀྱིས་ཕྱེད་པ། བསྒྱུར་རྩོམ་ཁྲིད་ན་མ་རྩོམ་ལ་ཅིས་ཀྱང་བལྟ་དགོས་པ། སྐད་ཡིག་གི་བྱང་ཚད་དང་ནུས་པའི་འབབ་ས་ཅི་ཡིན་པ། སློབ་མར་ཟུར་ཁྲིད་བྱེད་པའི་གལ་ཆེན་རང་བཞིན། དགེ་རྒན་གྱིས་མུ་མཐུད་དུ་སློབ་གཉེར་བྱེད་མིན་གྱི་གནད་དོན་ལས་འཕྲོས་ཏེ། དེ་དག་གི་གནས་བབ་ཇི་ལྟར་ལེགས་བཅོས་དང་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པའི་ལྟ་ཚུལ་བརྗོད་ཡོད། 

བརྡ་ཆད་གཙོ་བོ། ཁྲིད་ཡིག ། ཁྲིད་ཐབས། མ་རྩོམ། བྱང་ཚད། ནུས་པ།

བོད་ཀྱི་སློབ་གྲྭའི་སློབ་གསོས་སློབ་གསོ་སྤྱི་དང་ཁྱད་པར་དུ་སྐད་ཡིག་སློབ་གསོའི་རྒྱུད་འཛིན་དང་། དར་སྤེལ། ཁྱབ་བརྡལ་ལ་མཛད་རྗེས་འབུར་དུ་ཐོན་པ་བཞག་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་འདི་རེད། ལྟོས་བཅོས་ཀྱིས་ཞུས་ན། འདས་པའི་དུས་ནི་བོད་འབངས་བྱིངས་ཀྱི་ཡིག་རྨོངས་སེལ་བ་དང་། སྐད་ཡིག་དགེ་རྒན་དག་ལ་ཡོན་ཏན་ཡོད་མེད་བཤད་པའི་དུས་རབས་ཤིག་ཏུ་ངོས་བཟུང་བས་ཆོག ། ད་ནི་འཛམ་བུ་གླིང་གི་སྤྱི་ཚོགས་འདི་བརྡ་འཕྲིན་དུས་རབས་ལ་སླེབས་ཟིན་པས་སྔོན་མ་ནང་བཞིན་སྐད་ཡིག་དགེ་རྒན་རྣམས་ནི་སློབ་མའི་ཡིག་རྨོངས་སེལ་མཁན་ཙམ་དང་། སྐད་ཡིག་སློབ་ཁྲིད་ལ་དཔྱད་འཇོག་གཏོང་མཁན་རྣམས་ནི་དགེ་རྒན་ལ་ཡོན་ཏན་ཡོད་མེད་ལྟ་མཁན་ཁོ་ན་ཙམ་མ་ཡིན་པར། སྐད་ཡིག་གི་བྱང་ཚད་མཐོན་པོ་ཡོད་མེད་དང་།  ཁྲིད་ཡིག་གོ་ཆོད་འབྲི་ཤེས་མིན། སློབ་ཚན་གྱི་དགོས་སོགས་ཆོས་བཞི་བདེ་བླག་དུ་རྟོགས་བྱེད་ཀྱི་ཐབས་ཡོད་མེད། ཐབས་དེ་འགྲུབ་བྱེད་ཀྱི་ཁྲིད་ཆས་གསར་བ་བཟོ་ཤེས་མིན། ཟུར་ཁྲིད་བྱེད་བཞིན་ཡོད་མེད་སོགས་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་ཚུལ་འགའ་བརྗོད་ན་འདི་ལྟར།

གཅིག སྐད་ཡིག་དགེ་རྒན་ཞིག་ཡིན་ཕྱིན་སློབ་མ་རྣམས་ཀྱིས་ཡིག་གཟུགས་ཚད་ལྡན་རེ་འབྲི་ཤེས་པར་བྱེད་དགོས།

སྐད་ཡིག་དགེ་རྒན་སུས་ཀྱང་"འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་མ་ཡིན་"ཞེས་རྟག་ཏུ་བཤད་མོད། འོན་ཀྱང་སློབ་ཁྲིད་ཀྱི་ལག་ལེན་དངོས་ལ་འཇུག་དུས། དགེ་རྒན་མང་པོར་ཡིག་གཟུགས་ཚད་ལྡན་ཞིག་འབྲི་བའི་ཡོན་ཏན་དང་། ནུས་པ། བརྩོན་འགྲུས་མེད་སྟབས། སློབ་མའི་ཡིག་གཟུགས་ཀྱང་"ཚེས་གཅིག་ནས་ནོར་ན་གནམ་གང་བར་ནོར་"བ་ལྟར། སློབ་ཆུང་གི་ཀ་ཁའི་ཡིག་གཟུགས་ཚད་ལྡན་དུ་མ་ཕྱིན་པས་མི་ཚེ་གང་པོར་ཡིག་གཟུགས་བཙོག་པ་འཁོར་རྒྱུག་བྱེད་དེ། ཉེ་སྔོན་ཁོ་བོས་ཞིབ་འཇུག་སློབ་མ་ཞིག་གི་རྒྱུགས་ཤོག་མཐོང་བ་ལ། དབུ་ཅན་ཚད་ལྡན་ཞིག་ཕར་ཞོག ། ཡིག་མགོ་ཡོད་ཚད་དྲང་ཐད་དུ་གཤལ་ཐུབ་ཀྱིན་མི་འདུག་པའི་ཚོད་རེད། མཐོ་འབྲིང་གི་སློབ་མ་མང་ཆེ་ཤོས་ཀྱི་ལས་བྱའི་ཡིག་གཟུགས་ནི་སྤྱི་ཚོགས་སུ་བཀྲམས་པའི་དབང་དུ་བཏང་ན།མཁས་པ་ཡི་ཆད་ཅིང་བླུན་པོ་འུར་ལངས་པར་བྱེད་ངེས་ཡིན། དེ་བས་སྐད་ཡིག་དགེ་རྒན་སྤྱི་དང་ཁྱད་པར་དུ་སློབ་ཆུང་ལོ་རིམ་དང་པོའི་དགེ་རྒན་རྣམས་ཡོན་ཏན་ཀུན་གྱི་གཞི་མ་སྟེ་ཡིག་གཟུགས་བོར་བཞིན་ཡན་ལག་གི་སློབ་ཁྲིད་ལ་འཇུག་སྔ་བར་བྱེད་མི་རུང་ཞིང་། སྐད་ཡིག་སློབ་ཁྲིད་ལ་ལྟ་རྟོག་བྱེད་མཁན་དང་། རྒྱུགས་བཅའ་མཁན་རྣམས་ཀྱིས་ཀྱང་ཡིག་གཟུགས་སྟེ་ཡོན་ཏན་གྱི་རྩ་བ་འདི་བོར་ནས"སྐད་ཡིག་ཤེས་བྱའི་དགའ་ཚལ་"གྱི་ཡན་ལག་ལ་འཇུག་རྔམ་བྱེད་པར་མི་བྱའོ།  །  

ད་དུང་ལམ་ལོག་ཏུ་ཕྱིན་པ་ཞིག་ལ། སྐད་ཡིག་དགེ་རྒན་དག་གིས་དགེ་རྒན་ཆེད་དུ་བསྟེན་ནས་ཡིག་གཟུགས་ཇེ་ལེགས་སུ་གཏོང་བའི་མཐོང་བ་བརྒྱུད་པའི་ལག་ལེན་གཡས་སུ་བསྐྱུར་བཞིན། རང་ཉིད་ཀྱིས་ཡིག་གཟུགས་ལ་དང་དོད་བྱེད་དོ་ཞེས་སློབ་ཆུང་ལོ་རིམ་དང་པོ་ལ་"ཨ་ཡིག་ལ་སྨྱུག་རིམ་དུ་ཡོད་པ་"དང་། "མགོ་འབྲིང་ཅན་གྱི་ཡི་གེ་ག་ཚོད་ཡོད་པ།" "ཤ་ཡིག་དང་སྒྲ་གཟུགས་གཉིས་ཀ་ནོར་སླ་བའི་ཡི་གེ་གང་ཡིན་"སོགས་ཀྱི་ལས་བྱ་སྟེར་ཞིང་རྒྱུགས་ལེན་པ་ནི། ཡིག་གཟུགས་སྦྱོང་བའི་མན་ངག་མ་ཤེས་པར་རྒྱ་ཡིག་ལ་བཙན་བསྟུན་བྱེད་པ་རང་ཡིན་ནོ། །དེ་ནི་"བོང་བུ་ལ་དྲེལ་ཁལ་འགེལ་བ་"དང་"འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་"དཔེ་ལས་མ་འདས། འདི་ལྟར་བྱེད་པ་ལས་ཐོག་མར་དགེ་སློབ་གཉིས་ཀྱིས་ཁ་ནས་སྨྱུག་རིས་ཀྱི་མིང་རེ་འདོན་ཞོར་ལག་གིས་ཡིག་གཟུགས་སྦྱོང་བའི་ཕྱག་ལེན་གཙིགས་སུ་འཛིན་དགོས་པར་སེམས་སོ། །

གཉིས། སྐད་ཡིག་དགེ་རྒན་གྱིས་སློབ་མ་རྣམས་ལ་སློབ་ཚན་ཅིས་ཀྱང་ཀློག་ཤེས་པར་བྱེད་དགོས།

སྐད་ཡིག་གི་ཡོན་ཏན་ནི་འབྲི་ཀློག་གཉིས་ལ་ཐུག་ཡོད་ན། ཡི་གེ་འབྲི་ཤེས་པ་དང་མཉམ་དུ་ཀློག་ཀྱང་ཤེས་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་ཡང་རྩ་བའི་ཀློག་ལ་ཕྲལ་ཀློག་དང་། སྦྱོར་ཀློག་ཡོད་པས་ཐོག་མར་བྱིས་པས་གོམ་པ་སྤོ་བ་བཞིན་རིམ་ཅན་དུ་ཀློག་བསླབ་དགོས། ནམ་རྒྱུན་དུ་སྐད་ཡིག་དགེ་རྒན་མང་པོས་ཀློག་ཅེས་པ་ནི་ཕྲལ་ཀློག་དང་སྦྱོར་ཀློག་ཙམ་དང་། དེ་ལས་ལྷག་ན་ཨ་མཆོད་ཀྱིས་ཆོས་ཆེན་པོ་ཀློག་པ་ལྟ་བུ་ཞིག་ལས་ངོས་འཛིན་ཐུབ་ཀྱིན་མེད། ཀློག་ལའང་སྒྲ་ཡི་སྒོ་ནས་དབྱེ་ན། ཁོག་འདོན་དང་།ཤུབ་བུར་འདོན་པ། དབྱངས་སུ་གྱེར་བ་སོགས་སྒྲའི་ཤུགས་ཆེ་ཆུང་དང་། ཁེར་འདོན་དང་། མཉམ་འདོན་དང་། ཚོགས་འདོན་སོགས་གྲངས་ཀྱི་ཆ་ནས་དབྱེ་ཆོག་པ་དང་། ད་དུང་མགོ་ནས་འདོན་པ། ཞོགས་འདོན། མྱུར་འདོན་སོགས་ཡུལ་དུས་རང་བཞིན་གྱི་ཆ་ནས་དབྱེ་བ་མང་དུ་ཡོད། གཞན་ཡང་འདོན་སྟངས་ཀྱི་དབང་དུ་བཏང་ནའང་། དགེ་རྒན་ལ་གནང་ཞུ་ཡི་གེ་འབུལ་བ་ལྟར་འདོན་སྟངས་དང་། སྲིད་གཞུང་གི་སྙན་ཞུ་འབུལ་བ་ལྟ་བུའི་འདོན་སྟངས། ལྷུག་རྩོམ་གྱེར་འདོན་བྱེད་པ་ལྟ་བུ་ཡོད་པར་མ་ཟད། ཕོ་མོ་མ་ནིང་གི་སྐད་རྒྱག་ལུགས། རྒན་གཞོན་དར་མའི་སྐད་ཕྱུང་སྟངས། སྙན་ངག་ལྟར་གྱེར་ཚུལ། མགུར་མ་ལྟར་བསྐོལ་ཚུལ། སྒྲུང་ལྟར་བཤད་ཚུལ། གླུ་ལྟར་ལེན་ཚུལ། ཁེད་ལྟར་བཤད་ཚུལ། གཏམ་དཔེ་ལྟར་འཇོག་ཚུལ། ཚོགས་གཏམ་གཏོང་ཚུལ་སོགས་མདོར་ན་རྩོམ་ལུས་མི་འདྲ་བ་བརྒྱ་དང་བརྒྱད་ལ་ཀློག་སྟངས་མི་འདྲ་བ་བརྒྱ་དང་བརྒྱད་ཡོད་ཆོག་ཆོག་ཏུ་ཟད་ལ། སྤྱི་ཚོགས་འཚོ་བ་ན་ཅི་ཡོད་ཀྱི་རྩོམ་ལུས་སོ་སོའི་མཚན་གཞི་རེ་སློབ་དེབ་ཁག་ཏུ་འཁོད་ཅི་ཐུབ་བྱས་ཡོད་པས་སྐད་ཡིག་དགེ་རྒན་གྱིས་རྩོམ་བརྒྱ་གདངས་གཅིག་གིས་ཚེ་གང་ཕུད་ནས། མིའི་སྤྱི་ཚོགས་ཀྱི་ཀློག་སྟངས་ཡོད་དོ་ཅོག་གི་ལྟ་བྱེད་རྒྱུ་དེ་ངོ་ཚ་ཞིག་དང་ཁུར་བོ་ལྷག་མ་ཞིག་ལ་བསམ་པར་མི་བྱེད་པར། གང་ལ་གང་འཚམ་གྱིས་ཀློག་གི་སྒོ་མོ་འབྱེད་དགོས་སོ། །སླར་ཡང་གཅིག་ཞུས་ན། ཡི་གེའི་སྒྲ་ཙམ་འབྱིན་པ་གཙོ་བོར་འཛིན་པའི་བཅའ་བ་རིམ་གྲོའི་ཀློག་ལྟ་བུ་ནི་ཕྱིའི་ཀློག་དང་། དགེ་སློབ་དུ་འཐེན་ཆང་འཐུང་གིས་ཚིག་འགྲེལ་དང་དོན་འགྲེལ་ཙམ་གཙོ་བོར་འཛིན་པ་ལས་དོན་རང་རྒྱུད་ལ་མི་སྦྱོར་བཞིན<<ཐ་མ་ཁའི་ཉེས་དམིགས>>དང<<ཆང་གི་ཉེས་དམིགས>>ཀློག་པ་ལྟ་བུ་ནི་ནང་གི་ཀློག ། ཚིག་གོ་ཞིང་དོན་རྟོགས་ནས་རང་རྒྱུད་ལ་སྦྱར་ཞིང་ཉམས་སུ་ལེན་པ་སྟེ་སྣང་སྲིད་དཔེ་ཆར་ཤར་བ་ལྟ་བུ་ནི་གསང་བའི་ཀློག་སྟེ་ཀློག་གི་གནད་ཟིན་པའང་གལ་ཆེའོ།  །

གསུམ། སྐད་ཡིག་དགེ་རྒན་གྱིས་སློབ་ཁྲིད་འབྲས་ལྡན་བྱེད་པ་ལ་ཁྲིད་ཡིག་འབྲི་དགོས།

བོད་མི་རིགས་ཀྱི་མཁས་པའི་ལོ་རྒྱུས་ལ་བལྟས་ན། རྩོམ་ཡིག་འབྲི་མཁན་གྱི་མཁས་པ་དང་རྩོམ་ཡིག་དེ་ཇི་ལྟར་འཁྲིད་པའི་ཁྲིད་ཡིག་འབྲི་མཁན་གྱི་མཁས་པ་གཉིས་ལས་གང་གི་སྡེ་མང་བ་བཤད་དཀའ་བའི་ཚོད་དུ་འདུག ། དེ་བཞིན་དུ་རྩོམ་མཚན་ཉིད་པ་རྩོམ་མཁན་དང་དེའི་འགྲེལ་པ་རྩོམ་མཁན་གཉིས་ལས་ཀྱང་གང་མང་བ་བཤད་དཀའ། དེ་ནི་མཁས་པའི་བློ་གྲོས་ཉམས་པར་གྱུར་ཏེ་འགྲེལ་པ་ཡང་འགྲེལ་བརྩམས་ནས་བླུན་རྟགས་བསྟན་པ་མ་ཡིན་པར། དེ་ལས་ལྡོག་སྟེ། བོད་པའི་མཁས་པ་སྔ་མ་རྣམས་ཚིག་གི་རོལ་རྩེད་ལ་གཡེངས་ནས་མི་ཚེ་སྟོང་ཟད་དུ་མ་བྱས་པར་རྩོམ་གྱི་དོན་རང་རྒྱུད་ལ་སྦྱོར་བའི་ལས་ལ་ཧུར་ཐག་བྱས་པའི་དན་རྟགས་སུ་མངོན། དེ་ཡང་ཡིན་ཏེ། རྩོམ་མཚན་ཉིད་པ་གཅིག་གི་ནང་དོན་གང་ཞིག་ཇི་བཞིན་གོ་བ་དང་ལེགས་པར་ཁྲིད་པའི་ཆེད་དུ། ཁྲིད་ཡིག་དང་དེའི་ཆ་ལག་ཏུ་གྱུར་པའི་ཚིག་འགྲེལ་དང་། དོན་འགྲེལ། རྒྱས་འགྲེལ། བསྡུས་དོན། རིས་འགྲེལ། སྒྲུང་འགྲེལ། ཟིན་ཏིག །རྣམ་བཤད་སོགས་མཛད་པ་མ་ཡིན་ནམ།

འོན་ཀྱང་སློབ་གྲྭའི་སྐད་ཡིག་དགེ་རྒན་རྣམས་ལ་མཚོན་ན། བོད་རང་གི་མཁས་པ་ལ་ཁྲིད་ཡིག་ཡོད་པའི་གནས་ཚུལ་ཙམ་ཡང་མ་ཤེས་པར་མཐའ་གཅིག་ཏུ་རྒྱུག་ཐེངས་གཅིག་གིས་ཕྱི་རྒྱལ་དང་ནང་ལོགས་ཀྱི备课ཞེས་པ་སློབ་ཁྲིད་གྲ་སྒྲིག་ཅེས་པའི་ཚིག་འདྲ་བ་ཞིག་ལ་བསྒྱུར་ཅིང་། ལོ་ངོ་མང་པོར་སློབ་ཁྲིད་ཇུས་འགོད་ཀྱི་ཐབས་ལམ་ཚུར་ལེན་བྱེད་ཁུལ་བྱས་མོད། ད་ལ་ཐུག་གི་བར་དུ་དོན་དངོས་དང་ལག་ལེན་གཉིས་ཁ་སྣ་མི་འཕྲོད་པའི་ཚུལ་དུ་སོ་སོར་སོང་བས་སློབ་གཙོ་དང་སྐད་ཡིག་དགེ་རྒན་མང་པོ་སྔར་བཞིན་སློབ་གསོའི་རྟོགས་པ་མ་སད་པར་སྐད་ཡིག་སློབ་ཁྲིད་བྱེད་པ་ལ་ཁྲིད་ཡིག་དགོས་སམ་མི་དགོས་དང་ཧ་ལམ་མི་དགོས་ལས་ཆེ་སྙམ་པའི་ཐེ་ཚོམ་གྱི་སྒང་ལ་ལུས་ཡོད་པར་མ་ཟད། སློབ་གསོ་ལ་རྨོངས་པའི་རང་མཚང་གཞན་ལ་སྟོན་བཞིན་ཡོད་དེ། བོད་ཀྱི་སློབ་ཆུང་ཞིག་ལ་རྒྱ་ཡིག་དགེ་རྒན་རྒྱ་མོ་ཞིག་ཡོང་སྟེ་སློབ་སྐབས་གཅིག་གི་ནང་། རྒྱ་མོ་དེས་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་ལ་བོད་ཀྱི་སྐད་ཡིག་དགེ་རྒན་ཚོས་དཔེ་ཆར་གཅིག་ཀྱང་མི་ལྟ་བའི་ཁར། ད་དུང་ཁྲིད་ཡིག་ཀྱང་མ་བྲིས་པར་སློབ་ཁྲིད་བྱེད་པ་ནི་སློབ་ཁྲིད་ཀྱི་ཆག་སྒོ་བཟོས་པ་རེད། ཁོ་ཚོ་ཡང་མོ་རང་གི་རྒྱ་ཡིག་ཁྲིད་དཔྱོད་ཁང་གི་མངའ་འོག་ལ་བཅུག་སྟེ་སློབ་ཁྲིད་ཇུས་འགོད་ལེགས་པོ་ཞིག་ཇི་ལྟར་འབྲི་བའི་ལས་ལ་འཇུག་རྒྱུའི་རེ་བ་བཏོན་པ་འདིས་འུ་ཅག་གི་སྐད་ཡིག་དགེ་རྒན་གྱི་གྲབས་མེད་ལས་སྒྲུབ་དང་ཚུལ་འཆོས་འབྲས་མེད་ཀྱི་བྱ་སྤྱོད་རྣམས་མངོན་སུམ་དུ་མཚོན་ནས་འདུག་གོ ། མི་རིགས་གཞན་དང་རིག་ཚན་གཞན་གྱི་དགེ་རྒན་ལ་སློབ་ཁྲིད་ཀྱི་རྩ་བའི་ཆ་ལག་ལྔ(备课、上课、批改作业、辅导、考试)ཡོད་ཀྱང་། སྐད་ཡིག་དགེ་རྒན་ལ་སློབ་ཁྲིད་བྱེད་པ་དང་ལས་བྱར་ལྟ་བའི་སློབ་ཁྲིད་ཆ་ལག་གཅིག་གཉིས་ལས་མི་འདུག་པ་ནི་གནད་དོན་ཆེན་པོ་ཞིག་ཡིན་ནོ།  །

དུས་རབས་སྔོན་མའི་རང་རེའི་དགེ་རྒན་དག་གིས་ཁྲིད་ཡིག་མེད་བཞིན་སློབ་ཁྲིད་བྱས་ཀྱང་། དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་སློབ་གསོ་ལ་ཡུས་དེ་མི་འགྲོ་སྟེ། ད་ནི་རྒྱའི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག ། བོད་ཀྱི་སྐད་ཡིག་གསུམ་ག་སློབ་ཁང་གཅིག་ན་སློབ་མ་གཅིག་ལ་ཉིན་རེར་ཁྲིད་རྩལ་སྟོན་བཞིན་ཡོད་པས། གལ་ཏེ་ད་དུང་ཡང་ཁྲིད་ཡིག་ལེགས་པོ་ཞིག་མི་འབྲི་བར་སློབ་ཁྲིད་དངོས་ལ་ཞུགས་ཏེ་སློབ་མའི་ཁ་དམྱིག་གཅོད་ཐབས་བྱེད་ན། སློབ་མ་རྣམས་ཀྱིས་རྒྱ་ཡིག་གི་སློབ་ཁྲིད་ཐབས་མང་ཞིང་དཀའ་ཁག་མེད་པ་དང་བོད་ཡིག་གི་སློབ་ཁྲིད་ཐབས་མེད་ཅིང་ཚོད་བགམ་གྱིས་འགྲེལ་གཉིས་ཀྱི་ལེགས་ཉེས་བཟང་ངན་བསྡུར་ཤེས་པ་ཡིན། དེ་བས་སློབ་མ་རྣམས་སྐད་ཡིག་དང་། སྐད་ཡིག་དགེ་རྒན། སྐད་ཡིག་ཁྲིད་ཐབས་ལ་ཡིད་གདིང་ནས་ཆད་པར་གྱུར་པའི་ཚེ་ན་དེ་ནི་ཁ་གསབ་ཏུ་མེད་པའི་ལོ་རྒྱུས་ཀྱི་གྱོང་ཆེན་ཞིག་ཡིན་པ་གདོན་མི་ཟའོ།  །

བརྡ་འཕྲིན་དུས་རབས་ལ་ཐོན་པ་ན། ཁྲིད་ཡིག་གི་སྙིང་པོ་སྟེ་སློབ་ཐུན་རེར་ཁྲིད་གཞི་རེ་བྲིས་པས་ཀྱང་ག་ལ་ཆོག་སྟེ། སློབ་ཁྲིད་བདེ་བླག་གིས་འགྲུབ་བྱེད་ལPPTདང་། ཁྲིད་ཆས(课件)། ཁྲིད་ཐུང(微课)སོགས་གང་ལ་གང་འཚམ་གཞན་ལས་འཚོལ་བ་དང་རང་གིས་གསར་བཟོ་བྱེད་དགོས། དེ་ལྟར་མ་ཡིན་པར་ད་དུང་ཡང་གློག་མེད་པའི་དུས་རབས་ནང་བཞིན། སློབ་ཁྲིད་ཀྱི་སྐབས་སུ་སྙན་ངག་སློབ་ཁྲིད་ཁྲོད་ཀྱི་མ་ལ་ཡ་ནི་རྒྱ་གར་གྱི་རི་བོ་ཞིག་གི་མིང་། <<རྩྭ་ཐང་དྲན་གླུ>>ནང་གི་རམ་པ་ནི་རྩྭ་ཞིག་གི་མིང་།<<མཚོ་སྔོན་པོ་ལ་བསྟོད་པ་>>ནང་གི་བཞད་ནི་མི་སྐད་སྨྲ་ཤེས་པའི་བྱ་ཞིག་གི་མིང་། <<ཡི་ཧོ་སྐྱེད་ཚལ་གྱི་བསྔགས་བརྗོད་>>ནང་གི་ཡི་ཧོ་སྐྱེད་ཚལ་ནི་པེ་ཅིན་ན་ཡོད་པའི་སྐྱེད་ཚལ་ཤིན་ཏུ་མཛེས་པ་ཞིག་གོ་སོགས་དོན་རབ་རིབ་ཅིག་གིས་ཕྱོགས་ཙམ་སྟོན་པའི་"རྨོངས་ཁྲིད་"བྱེད་པའི་དུས་མ་ཡིན་པར། བརྙན་རིས་བརྒྱུད་དེ་"དམར་ཁྲིད་"བྱེད་པའི་དུས་ལ་སླེབས་ཡོད་པ་རེད། དེ་ནི་ཀུ་རེའི་ཚུལ་དུ་ཞུས་ན། གལ་ཏེ་གློ་བུར་དུ་སློབ་གྲྭའི་གློག་ཆད་སོང་ཚེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་མི་ཐུབ་པའི་ཚད་ལ་ཐོན་པ་ན།   ད་གཟོད་དེང་རབས་ཀྱི་སློབ་གསོའི་སྒང་ལ་ཕྱིན་པ་མཚོན་ནོ།  །

བཞི། སྐད་ཡིག་དགེ་རྒན་་གྱི་བསང་ངན་ནི་ཁྲིད་ཐབས་དཀའ་སླ་ཡིས་འབྱེད་དགོས།

རང་རེའི་དམངས་བྱིངས་ཀྱི་རིག་གནས་ཆུ་ཚད་དམའ་བའི་དུས་སྐབས་སུ་དགེ་རྒན་གྱི་བཟང་ངན་ནི་ཏག་ཏག་ཡོན་ཏན་ཡོད་མེད་ཀྱིས་འབྱེད་པར་བྱེད་ལ། སྐད་ཡིག་དགེ་རྒན་བཟང་ངན་ཡང་ཡོན་ཏན་ཡོད་མེད་ཁོ་ན་སྟེ། སློབ་ཚན་ཧྲིལ་བོ་མགོ་ནས་མཇུག་བར་དུ་འགྲེལ་བཤད་བྱེད་ཐུབ་མིན་གྱིས་འཇོག ། སྐབས་དེར་སློབ་མས་གོ་མི་གོ་དང་སེམས་ལ་ཕན་མི་ཕན་ལ་ཁ་ཡ་ཡང་མ་བྱས་ཀྱང་ཆོག་པའི་ཚོད་དུ་འདུག །

ད་ལྟ་ཕྱིར་འདང་རེ་བརྒྱབ་ན། དེ་ནི་ཡིག་རྨོངས་སེལ་བའི་ཁྲིད་ཐབས་ལས་སློབ་མ་སྨིན་པའི་ཁྲིད་ཐབས་ཤིག་མིན། མཐར་གཏུགས་ན། སྐད་ཡིག་དགེ་རྒན་དེའི་རིགས་ལ་སློབ་ཁྲིད་ཀྱི་ཡོན་ཏན་ནམ་ཐབས་ལམ་གསུམ་ལས་མེད་དེ། ཡི་གེ་འབྲི་ཤེས་པ་དང་། ཡི་གེ་འདོན་ཤེས་པ་(ཡིན་ཡང་སྔགས་ཡིག་ལ་ཐུག་ན་འདོན་ཡང་དཀའ)ཡི་གེ་ལ་འགྲེལ་བཤད་བྱེད་ཤེས་པ་གསུམ་པོ་རེད། སྐད་ཡིག་དགེ་རྒན་ལ་ཡོན་ཏན་དེས་མི་ཆོག་གམ་ཞེ་ན། ཡོན་ཏན་དེ་དག་ལེགས་པོ་ཞིག་ཡོད་ན་མི་ཆོག་པ་ཆེར་མེད་མོད། འོན་ཀྱང་དགེ་རྒན་མང་པོའི་ཡིག་གཟུགས་ཚད་ལྡན་མིན་ལ། ཡི་གེ་ཀློག་སྟངས་ཀྱང་སྣ་གཅིག་ལས་མེད། སློབ་ཚན་འགྲེལ་བཤད་ཀྱི་ཆ་ནས།དགེ་རྒན་རབ་ཅིག་ཡིན་ན་འཇུ་མི་ཕམ་གྱིས་"ཚིག་ལ་གནས་སྐབས་ཀྱི་གོ་བ་ལེན་པ་ནི་བསྟན་བཅོས་ཐམས་ཅད་འཆད་པ་ལ་མེད་དུ་མི་རུང་ངོ་། །"①ཞེས་གསུངས་པ་ནང་བཞིན། དཔེར་ན། རིག་པ་ཞེས་པའི་ཐ་སྙད་ལྟ་བུར་མཚོན་ན་སྤྱིར་བཏང་དུ་སློབ་མར་རིག་པ་ཡོད་མེད་བཤད་དུས་དབང་པོ་རྣོ་མིན་ལ་གོ་བ་དང་། སློབ་ཚན་ནང་གི་"རིག་པ་གཞོན་པའི་དུས་སུ་སློབ། །"ཟེར་དུས་རིག་པའི་གནས་ལ་གོ་བ། གཞན་ཡང་བློ་དང་ཡེ་ཤེས་ལ་གོ་དགོས་པའི་སྐབས་ཀྱང་ཡོད་པའི་ཚུལ་གྱིས་རིགས་བསྒྲེས་ཏེ་མིང་དང་ཐ་སྙད་ཀྱི་ཚིག་འགྲེལ་དང་དོན་འགྲེལ་སྐབས་དང་བསྟུན་མ་ཤེས་ན། སྐད་ཡིག་ལེགས་པོ་ཞིག་རྩ་བ་ནས་ཤེས་པར་མི་འགྱུར་ལ། ད་དུང་དཔེ་གསོན་པོ་ཞིག་བཞག་ན། དམའ་འབྲིང་གི་སློབ་དེབ་ལས་ཨ་ལགས་ཚེ་ཏན་ཞབས་དྲུང་གི་<<གངས་ཅན་བོད་ཀྱི་ཡིག་གཟུགས་འབྲི་ཚུལ་གྱི་མཛེས་རྩལ་ཇི་ལྟར་བྱུང་བ་>>ཞེས་པར་"བོད་ཀྱི་ཐང་ཡིག་རྣམས་ལེགས་པར་སྦྱངས་པའི་རྗེས་ནས་ལེགས་སྦྱར་སྔགས་ཀྱི་དབྱངས་གསལ་དང་། བརྩེགས་མ་རྣམས་ཇི་ལྟར་འབྲི་ཚུལ་སྤྱི་དང་།"②ཞེས་པའི་སྐབས་སུ། "ཐང་ཡིག་"ནི་བོད་ཡིག་གི་དོན་ཡིན་པ་མ་ཤེས་པར་གཤམ་མཆན་ལ་"ཐང་ཡིག་ནི་ས་འོག་ནས་བཏོན་པའི་གནའ་བོའི་དཔེ་ཆའི་མིང་།"ཞེས་ལོག་པར་འགྲེལ་བའི་རྗེས་སུ་འབྲངས་ཏེ། ཚིག་དོན་གྱི་འཕལ་ཀ་མི་འཕྲོད་བཞིན་དུ་བཙན་སྤྲོད་བྱས་ནས་ཁྲིད་པ་ལྟ་བུ་རེད། སྐད་ཡིག་དགེ་རྒན་འབྲིང་ཞིག་ཡིན་ན་མིང་དང་ཐ་སྙད་ཀྱི་གནས་སྐབས་ཀྱི་བསྟན་དོན་མི་ཤེས་རུང་། དེ་དག་དག་ཡིག་དང་བསྟུན་ཅི་ཐུབ་ཀྱིས་འགྲེལ་བས་སློབ་མའི་བློ་གྲོས་ཡོངས་སུ་རྒྱས་པར་ཕན་མི་ཐོགས་ཀྱང་ཤེས་བྱ་གསོག་འཇོག་ཙམ་ལ་གོ་ཆོད་པ་སྟེ། དཔེར་ན། སློབ་ཆུང་ལོ་རིམ་ལྔ་བའི་སློབ་ཚན་<<བྱ་བཏང་སྣང་བ་སྐྱིད་པའི་གླུ་>>ཡི་ཁ་བྱང་གི་"བྱ་བཏང་"ཞེས་པ་ནི་སྐབས་འདིར་བྱ་བཏང་བ་སྟེ་མིང་ཞིག་དང་མཐར་གཏུགས་ན་གང་ཟག་ལ་འཇུག་སྟེ། དོན་ལ་ཞབས་དཀར་ཚོགས་དྲུག་རང་གྲོལ་སྟོན་པ་ལ། སྐད་ཡིག་དགེ་རྒན་ཞིག་གིས་དག་ཡིག་ལ་བསྟུན་ནས་བྱ་བཏང་ནི་འཇིག་རྟེན་གྱི་བྱ་བ་བློས་བཏང་བ་ཞེས་ལས་ཚིག་ལྟར་བཀྲལ་ཏེ་<<སྦྱང་གཞིའི་ལྷན་ཐབས་>>ཤིག་བསྒྲིགས་པ་དང་། སྐད་ཡིག་དགེ་རྒན་མང་པོས་མ་བརྟག་མ་དཔྱད་པར་སློབ་མར་དེབ་དེ་ཉོ་རུ་བཅུག་ཅིང་རང་གིས་ཀྱང་ཁྲིད་རྐྱང་བྱེད་པ་ནི། གཞན་གྱི་ལྡད་ལོ་ཞིག་རང་གི་ཁ་ནང་དུ་བླངས་ཏེ་ཡང་གཞན་ཞིག་གི་ཁ་ནང་ལ་བཞག་སྟེ་མྱིད་དུ་བཅུག་པ་དང་གཉིས་སུ་མ་མཆིས་ཏེ་ཟས་ཀྱི་བྲོ་བ་མི་ཚོར་བ་ལྟ་བུ་རེད། ད་དུང་སློབ་ཚན་དེའི་ནང་དུ་"ཆུ་བོ་ཆེན་པོའི་ཚོགས་རྣམས། །རྒྱ་མཚོའི་ནང་དུ་འདྲེས་ཐལ། །རྡོ་རིགས་མང་པོའི་གསེབ་ན། །ཆུ་ཕྲན་ཅ་ཅོ་སྒྲོག་བྱུང་། །"③ཞེས་པ་ནི་ཁ་སྐད་ཀྱི་རྡོ་རུག་སྟེ་རྡོ་ཕྲུག་གི་ཟོར་ཡང་ཡི་གེ་ཡིན་དགོས་པ་ལ། སུ་ཞིག་གིས་ཁ་སྐད་དེ་ཡིག་སྐད་དུ་ཕབ་མ་ཤེས་པར་རྡོ་རིགས་ཞེས་ཚིག་དོན་འབྲེལ་མི་ཆགས་པར་བཅོས་པར་སྙམ་ཡང་། སྐད་ཡིག་དགེ་རྒན་ཚོར་དོགས་པ་ཙམ་ཡང་མེད་པར་རང་སེམས་ལ་ཚིག་ལས་འདས་པའི་དོན་ཞིག་འཆར་བ་ལྟར་ཁྲིད་པར་བྱེད། སྐད་ཡིག་དགེ་རྒན་ཐ་མ་དག་གིས་རང་གི་ཤེས་ཚོད་ཙམ་པོ་དང་འོལ་ཚོད་ཀྱིས་འགྲེལ་བཤད་འཆའ་མ་འཆོལ་རེ་བྱས་ནས་སློབ་མའི་མགོ་གཡོག་བཞིན་ཡོད་པས་སློབ་མའི་བློ་གྲོས་ཉམས་ཤིང་སྐད་ཡིག་ཤེས་བྱའི་སྐྱ་ཐིག་དང་རིགས་ལམ་ཆགས་མ་ཐུབ་པ་རེད། དཔེར་ན། དམའ་འབྲིང་གི་<<དགེ་ལྡན་ལེགས་བཤད་>>ལས་"བླུན་པོ་སྐྱིད་འདོད་ལེ་ལོས་འདའ། །"④ཡི་འ་འདའ་ནི། དུས་ཡོལ་བའི་འདའ་བྱ་དང་། འདའ་བྱེད། འདས་ཟིན་ཡིན་མིན་སོགས་དག་ཡིག་ལ་ལན་གཅིག་མ་བཙལ་བར་ག་གདའ་ཡི་གདའ་སྟེ་ཡོད་པའི་དོན་ཅན་དུ་འགྲེལ་བ་སོགས་ཀྱིས་མཚོན་ནོ། །

ཡང་གཅིག་ཞུས་ན། སྐད་ཡིག་དགེ་རྒན་རྣམས་ཀྱིས་མིང་འགྲེལ་དང་ཚིག་འགྲེལ་འོལ་ཚོད་ཀྱིས་བྱེད་པ་ཤས་ཆེ་ཞིང་། སུམ་ཅུ་པའི་ཚིག་ཕྲད་དང་རྣམ་དབྱེ་སོགས་སུམ་ཅུ་པའི་དོགས་པ་རྩ་བ་ནས་མ་ཆོད་པར་སློབ་ཁྲིད་སྐབས་སུ་དོན་རབ་རིབ་དང་འཆད་ཚུལ་ལྡ་མ་ལྡིང་ཞིག་གིས་ཆོག་པར་བྱེད་ལ། དེ་བཞིན་སློབ་ཚན་ཁྲིད་དུས་མིང་འགྲེལ་ཚིག་འགྲེལ་ཙམ་ལས་ཚིག་ཕྲད་དང་། རྣམ་དབྱེ། ལས་ཚིག ། ཚིག་རྒྱན་སོགས་གང་ལ་ཐུག་ཀྱང་ཅི་ཡང་མི་འཆད། རྟགས་ཀྱི་འཇུག་པ་ལས་དབྱངས་གསལ་སོགས་ཀྱི་རྟགས་ཀྱི་དབྱེ་བ་དང་། རྟགས་མཚུངས་བརྗོད་བདེ། དུས་གསུམ་སྤྱི་བྱེ་བྲག་ཐོར་བུ་སོགས་བློར་འཛིན་དུ་འཇུག་པ་ཙམ་ལས། དུས་གསུམ་གྱི་གཟུགས་འགྱུར་ཚུལ་དང་། བྱེད་འབྲེལ་ལས་ཚིག་གང་དག་ལ་ཁ་གཏད་ཀྱི་བྱེད་མེད་ལས་ཚིག་ཡོད་མེད། དེ་དག་ལ་དུས་གསུམ་དང་བྱེད་པ་པོ་ཡོད་མེད་ཀྱི་ཁྱད་པར་མ་གཏོགས་དོན་གཅིག་ལ་འབབ་ཚུལ་གྱི་གནད་འགག་རྣམས་མི་ཁྲིད་པས། སློབ་མས་བརྗོད་པ་ཐིག་ཕྲེང་འགའ་འབྲི་བར་འདོད་ཀྱང་ལས་ཚིག་དང་འཕྲད་སྐབས་མ་བསྒྲུབས་དང་མི་སྒྲུབ། བསྒྲུབས་མེད་རྣམས་ཀྱི་སྒྲུབ་ཡིག་ཇི་ལྟར་འབྲི་དགོས་པའང་མི་ཤེས་པར་འགྱུར། རྩོམ་འབྲིའི་སློབ་ཚན་ཁྲིད་ཀྱང་འགྲེལ་བཤད་བྱེད་པ་ལས་སློབ་ཚན་དེའི་ནང་གི་མི་སྣ་ཞིབ་འབྲི་ཙམ་ཡང་སྦྱོང་བརྡར་བྱེད་དུ་མི་འཇུག ། ལྟ་ཀློག་སློབ་ཚན་ཁྲིད་པ་བརྒྱུད་རྩོམ་ཡིག་རིགས་འདྲ་གཞན་རྣམས་རིགས་བསྒྲེས་ནས་ལྟ་ཀློག་བྱེད་ཚུལ་ཤེས་སུ་འཇུག་དགོས་མོད། སྐད་ཡིག་དགེ་རྒན་གྱིས་ལྟ་ཀློག་སློབ་ཚན་དེ་མིང་ཚིག་འགྲེལ་བཤད་ཀྱིས་ཁྲིད་ནས་ཚར་འགྲོ། དེ་བཞིན་དུ། ཡི་གེ་ངོས་འཛིན་གྱི་སློབ་ཚན་དང་། བློར་འཛིན་སློབ་ཚན། གླུའི་སློབ་ཚན། གབ་ཚིག་བསམ་གཞིག་གི་སློབ་ཚན་སོགས་ཀྱང་འགྲེལ་བཤད་ཁོ་ནའི་གཟེབ་དྲྭ་ལ་བཅུག་ཟིན་པས་ཡི་གེ་ངོས་འཛིན་གྱི་ཐབས་དང་། སློབ་ཚན་བློར་འཛིན་གྱི་ཐབས།  གླུ་ལེན་ཐབས། གབ་ཚིག་ཁེད་ཐབས་སོགས་སློབ་མའི་བློ་གྲོས་སྔོག་འདོན་བྱེད་ཐབས་ཡིན་པ་ལ་ལམ་དྲང་བོར་མ་སོང་བར་ཐབས་བག་ལ་ཞ་བཞིན་ཡོད།

གཞན་ཡང་རང་གི་མྱོང་བ་ཡིན་ན། སློབ་ཁྲིད་ལ་ཉན་པ་དང་། ལས་བྱ་འབྲི་བ། རྒྱུགས་སྤྲོད་པ་ཁོ་ནས་རང་ཉིད་ཀྱི་སྐད་ཡིག་གི་ཡོན་ཏན་ཇེ་ལེགས་སུ་འགྲོ་དཀའ་སྟེ། མཁས་པ་ཚད་ལྡན་ཞིག་གི་སློབ་ཁྲིད་ཀྱི་སྒྲ་འཇུག་ཟིན་བྲིས་སུ་འདེབས་པ་དང་། རྩོམ་ལ་ཞུ་དག་གཏོང་བ། གཞན་རྩོམ་བོད་ཡིག་ཏུ་བསྒྱུར་བ་ནི་བཙན་ཐབས་སུ་ཡོན་ཏན་པའི་སྡེ་ལ་ཚུད་པར་འགྱུར་པའི་གདམས་པ་ཡིན་ནོ། །དེ་བཞིན་དུ་རང་གིས་རྩོམ་ཤོག་ཐར་གཅིག་བྲིས་མ་མྱོང་བར་འགྲེལ་བཤད་བྱེད་པ་ཁོ་ནས་སྐད་ཡིག་དགེ་རྒན་ཕུལ་དུ་བྱུང་བ་ཞིག་མི་ཡོང་བ་ཡང་སེམས་ཐག་གོར་མོ་རྡོ་ཡིན། དེས་ན་སྐད་ཡིག་དགེ་རྒན་ཞིག་ཡིན་ཕྱིན། སློབ་མ་ལ་གནའ་གཏམ་དང་། ནག་གཏམ།བཤད་པ། གླུ། ལ་གཞས། ཁེད་སོགས་ཡི་གེར་ཕབ་ཏུ་འཇུག་པ་དང་། ཕན་ཚུན་གྱི་རྩོམ་ལ་ཞུ་དག་གཏོང་དུ་འཇུག་པ། རྩོམ་ཐུང་དང་གནང་ཞུ་ཡི་གེ་སོགས་རྒྱུན་སྤྱོད་ཡིག་རིགས་བོད་ཡིག་ལ་ལོ་ཙཱ་བྱེད་དུ་འཇུག་པ་ནི་སློབ་ཚན་འགྲེལ་བཤད་དང་རྩོམ་འབྲིའི་ཤེས་བྱའི་"ལུང་"གནང་བ་ལས་ལྡབ་འགྱུར་གྱིས་ལྷག་གོ །

གལ་ཏེ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་<<ཚིགས་བཅད་རྩོམ་ཡིག་འབྲི་ཚུལ་>>ཁྲིད་པའི་དབང་དུ་བཏང་ན། སློབ་ཐུན་དེར་མ་མཐའ་ཡང་ཚེག་བར་དྲུག་མ་དང་། དགུ་མ། བཅུ་གཅིག་མ་གང་རུང་གི་ཚིགས་བཅད་ཅིག་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཁ་ཕྱོགས་ནས་སློབ་མ་ཡོད་ཚད་ལ་འབྲི་རུ་འཇུག་དགོས་ལ། དེ་ལྟར་མ་ཡིན་པར་སྐད་ཡིག་དགེ་རྒན་ཁྲོད་ཀྱི་འགྲེལ་བཤད་མཁན་པོ་ལྟར། སློབ་ཐུན་གང་བོར་འགྲེལ་བཤད་བྱས་རྗེས་མར་ལ་སོང་ནས་རྩོམ་ཕྲིས་ལ་ཤོག་ཟེར་བ་ནི། ཆུ་པས་ཆུ་རྫིང་ཁ་ནས་ཆུ་རྐྱལ་སྦྱོང་མཁན་དག་ལ་རྐྱལ་ཚུལ་བཤད་ཚར་རྗེས་རྐྱལ་གྱི་སློབ་ཁྲིད་ཡོངས་སུ་མཇུག་བསྡུས་པ་དང་མཚུངས་ཏེ། དེས་ནི་ནམ་ཡང་ཆུ་པ་ཞིག་བསྐྱེད་བསྲིང་བྱེད་མི་ཐུབ་པ་ཇི་བཞིན་ཡིན་ནོ།  །གལ་ཏེ་དེ་རིང་སློབ་མར་<<ངེད་ཚང་གི་ཞི་ལ་>>ཁྲིད་ན་ནངས་ཀ་སློབ་མ་ལ་<<ངེད་ཚང་གི་ཁྱིག་ལི་>>འབྲི་རུ་འཇུག་དགོས་ལ། གལ་ཏེ་དེ་རིང་སློབ་མར་<<རྒྱབ་གཟུགས་>>ཁྲིད་ན་ནངས་ཀ་སློབ་མ་ལ་<<ཨ་ཕ་>>འབྲི་རུ་བཅུག་ན་སྦྱངས་འབྲས་ཐོན་པ་ཁོ་ཐག་ཡིན། ཡང་ན། དགེ་རྒན་གྱིས་ཚོགས་པའི་དབུས་སུ་རང་ཁོ་ན་ལ་གཏོགས་པའི་<<ཨ་ཕ་>>དང་<<ཁྱིག་ལི་>>ཞིག་སྒྲོག་འདོན་བྱེད་བཞིན་དུ། སློབ་མ་རེ་རེས་གཟུགས་ཀྱི་ཆེ་ཆུང་དང་། ཚུགས་ཀ ། ཁ་ངོ་། བྱ་བྱེད། རྣམ་འགྱུར། ལས་ཐོབ། ནུས་པ་སོགས་ཐུན་མོང་མ་ཡིན་པའི་རང་རང་གི་<<ཨ་ཕ་>>དང་<<ཁྱིག་ལི་>>གཞན་དང་མི་མཚུངས་པ་ཞིག་འབྲི་བ་ལ་ཁ་བསྒྱུར་པའི་ཐབས་ཀྱང་རྩོམ་ཡིག་འབྲི་བའི་མྱུར་ལམ་མཆོག་ཏུ་གྱུར་པ་ཞིག་ཏུ་སེམས་སོ། །

ལྔ། སྐད་ཡིག་དགེ་རྒན་གྱིས་བསྒྱུར་རྩོམ་ལེགས་པར་ཁྲིད་ན་མ་རྩོམ་ལ་བལྟ་དགོས། 

སློབ་གྲྭའི་སློབ་དེབ་གང་ཞིག་ཡིན་རུང་། བསྒྱུར་རྩོམ་གྱིས་བརྒྱ་ཆའི་མང་པོ་ཟིན་ཡོད། བསྒྱུར་རྩོམ་དེ་དག་ལས་ཁ་ཤས་ཆབ་སྲིད་དང་བསྟུན་ནས་བཞག་པ་དང་། ལ་ལ་རྩོམ་སྟངས་ཀྱིས་བཞག་པ། ལ་ལ་ནང་དོན་གྱི་ཆ་ནས་བཞག་པ་ཡོད། གང་ལྟར་བརྡ་འཕྲིན་དུས་རབས་ཀྱི་བསྒྱུར་རྩོམ་ལ་མཚོན་ན། སློབ་ཚན་གྱི་ཁོག་དབུབས་ཙམ་དུ་མ་ཟད། རྩོམ་པ་པོའི་ངོ་སྤྲོད་དང་། རྩོམ་གྱི་ལོ་རྒྱུས་རྒྱབ་ལྔོངས། སློབ་ཚན་ཀློག་སྟངས། ཐ་སྙད་འགྲེལ་བཤད། རང་བྱུང་ཚན་པའི་ནང་དོན། རྩོམ་སྟངས། ཁྲིད་ཡིག ། ཁྲིད་གཞི། ཁྲིད་ཆས་སོགས་ཀྱི་"གཏེར་སྒོ་"ཕྱེས་ནས་ལེན་རྐྱང་དུ་ཡོད་པ་རེད། སྐད་ཡིག་དགེ་རྒན་མང་པོས་བསྒྱུར་རྩོམ་གྱི་མ་རྩོམ་དང་རྒྱབ་ཡིག་ཡོད་མེད་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་ཐད་ཀར་བོད་ཀྱི་གོ་བ་ལེན་སྟངས་ལྟར་འཁྲིད་པར་བྱེད། བསྒྱུར་རྩོམ་ཡིན་ཀྱང་མ་རྩོམ་གྱི་ཚིག་དང་དོན་ལ་བསྟུན་ཡོད་མེད་དང་། བསྟུན་ཤེས་མིན། བསྟུན་ཐུབ་མིན་གཉིས་ཀ་ཡོད་པའང་ཤེས་དགོས། དེ་ལྟ་མ་ཡིན་ན། ལོ་རིམ་བདུན་པའི་སློབ་ཚན་<<ཧྥན་ཁའི་>>ནང་དུ།"愿上帝保佑你"ཞེས་པ་ནི་“ངས་ནམ་ཡང་ཁྱེད་ལ་གོང་མ་ལྷས་སྐྱབས་སུ་འཛིན་པའི་སྐྱབས་འཇུག་ཞུ།”⑤ཞེས་བསྒྱུར་ཉེས་བྱུང་སྟེ་ཡུན་རིང་འགོར་ཡོད་རུང་། སྐད་ཡིག་དགེ་རྒན་མང་པོས་མ་དག་རྒྱུན་འབྱམས་ལ་ཁ་ཡ་མ་བྱས་པར་ལུས་སོ།  །ད་ནི་“ཁྱེད་ལ་ལྷ་ཆེན་གྱིས་མགོན་སྐྱབས་གནང་བར་སྨོན།”ཞེས་ལེགས་པར་བཅོས་ཡོད་པས་མཚོན། མཐོ་འབྲིང་གི་<<རྨོངས་ཤེས་ལས་ཇི་ལྟར་འབྲལ་ཚུལ་>>ལྟ་བུ་ཡིན་ན། མ་རྩོམ་དང་དེའི་རྒྱབ་ཡིག་ལ་མ་བལྟས་ན་སློབ་ཚན་གཞུང་ཁོག་གི་ནང་དོན་ཕར་ཟད། དགེ་བཤེས་དང་མཁན་པོ་ཚོས་ཀྱང་ཁ་བྱང་གི་གོ་བའང་མི་ལོན་པའི་ཚད་རེད། འོན་ཀྱང་མ་རྩོམ་གྱི་ནང་དོན་དང་སློབ་ཁྲིད་བྱེད་གཞི་ལ་འདོར་ལེན་དང་བཅོས་ཁྱེར་ཅི་ཡང་མེད་པར་སྔོན་མ་ཇི་བཞིན་ཁ་སླ་བསྒྱུར་ཙམ་གྱིས་ཁྲིད་ན་རང་རེའི་ཡུལ་དུས་རང་བཞིན་དང་མཐུན་པའི་ངེས་པ་མེད་དེ། དགེ་རྒན་ཞིག་གིས་འབྲོག་པའི་ཡུལ་དུ་<<གག་ཕྲུག་བཙོག་པོ་>>ཁྲིད་སྐབས་ཀྱང་རྒྱ་ཡིག་གི་རྒྱུ་ཆ་ལྟར་"བྱ་གག་པ་ནི་འུ་ཅག་གིས་ནམ་རྒྱུན་དུ་མཐོང་ཐུབ་པའི་བྱ་ཞིག་རེད་"ཅེས་མ་བརྟག་མ་དཔྱད་པས་མཚོན་ནོ།  །མདོར་ན། སྐད་ཡིག་དགེ་རྒན་ཚོས་གྲ་སྒྲིག་མེད་པ་དང་འགྲེལ་ལོག་བརྒྱབ་ཅིང་།རྒྱ་ཡིག་དགེ་རྒན་ཚོས་མ་རྩོམ་ཤ་ལྡོད་ལྡོད་དང་རྩམ་པ་ཟ་ཟ་བྱེད་བཞིན་ཡོད་པས། སྐད་ཡིག་དགེ་རྒན་གྱི་ཕར་ནང་ཚུར་ནང་དང་།  ཡར་ཁུངས་མར་ནང་། རང་བཞིན་དེ་ཉིད་དེ་མ་ཐག་ཤེས་པར་འགྱུར་ལ། དེ་ལས་ཀྱང་ཚབས་ཆེ་བ་ནི་བོད་ཀྱི་སྐད་ཡིག་དགེ་རྒན་དང་སྐད་ཡིག་གཉིས་ལ་ཡི་ཆད་པའི་རྐྱེན་དུ་གྱུར་ན། སྐད་ཡིག་དགེ་རྒན་ཕལ་བ་ཞིག་ལ་མཚོན་ན་དེ་ལས་ལྷག་པའི་ཉེས་པ་ཞིག་གང་ན་ཡོད། ཡང་གཅིག་ཞུས་ན། དགེ་རྒན་རང་ལ་མཚོན་ཀྱང་། དགེ་རྒན་དགེ་རྒན་ཞེས་ལེགས་པོ་ཞིག་འདོད་བཞིན་"ཆོས་ཀྱིས་སླར་ཡང་ངན་སོང་དུ་སྐྱེས་པའི་རྒྱུ་བྱེད་"ན། དེ་ལས་སྡུག་པའི་ལས་ཤིག་ཀྱང་གང་ན་ཡོད་དམ།

དྲུག སྐད་ཡིག་དགེ་རྒན་གྱིས་སློབ་མ་ལ་སྐད་ཡིག་གི་བྱང་ཚད་དང་ནུས་པ་ལྡན་དུ་འཇུག་དགོས།

སྐད་ཡིག་སློབ་ཁྲིད་ལེགས་འགྲུབ་བྱུང་ཡོད་མེད་ནི་མཐར་གཏུགས་ན། སློབ་མ་ལ་སྐད་ཡིག་གི་བྱང་ཚད་ཡོད་མེད་དང་། སློབ་མ་ལ་སྐད་ཡིག་གི་ནུས་པ་འཛོམས་སུ་འཇུག་ཐུབ་མིན་ལ་ཐུག་ཡོད། སྐད་ཡིག་བྱང་ཚད་ཅེས་པ་ཚིག་གཅིག་གིས་ཞུས་ན། སྐད་ཡིག་སློབ་ཁྲིད་ལ་བརྟེན་ནས་སློབ་མའི་ལུས་ངག་ཡིད་གསུམ་སྨིན་ཡོད་མེད་དེ་ཡིན། གལ་ཏེ་<<གོང་མའི་ན་བཟའ་གསར་པ་>>ཁྲིད་ཚར་རུང་། ད་དུང་སུ་ཞིག་ཁ་ཡག་གིས་ཚེ་གང་པོར་སྦྲིད་ནས་དྭངས་པར་མི་བྱེད་པ་དང་། <<སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག་>>ཁྲིད་ཀྱང་། སྔར་བཞིན་སློབ་མ་རྣམས་ད་དུང་སྣོད་ལྡན་མིན་པ་དང་། <<དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་པ་>>ཁྲིད་པ་གང་ཞིག་མཁས་པ་དང་དཔོན་པོའི་གོ་ས་ལ་བསྡད་རྗེས། རང་གི་དགེ་རྒན་དག་གི་བཀའ་དྲིན་དྲན་པ་ཕར་ཟད།ད་དུང་ཡོད་ཚད་རང་ཉིད་ཤངས་པར་འདོད་དེ་དགེ་རྒན་རྣམས་དགྲ་རུ་མཐོང་ཞིང་། ནམ་རྒྱུན་མིག་ནང་དུ་མི་འཇོག་པ་དང་ཕན་ཚུན་འཕྲད་དུས་ཡར་ལངས་ཙམ་ཡང་མི་བྱེད་ན། མི་དེས་སྐད་ཆ་བཤད་ཤེས་པ་དང་རྩོམ་ཡིག་འབྲི་ཤེས་རུང་། ཁོ་ལ་མཚོན་བྱེད་རྟགས་ཀྱི་སྐད་ཡིག་གི་བྱང་ཚད་ཙམ་ལས་མཚོན་བྱ་དོན་གྱི་སྐད་ཡིག་གི་བྱང་ཚད་གཞར་ཡང་མེད་སོང་བ་ཡིན།

སྐད་ཡིག་གི་ནུས་པ་ཞེས་པར་ཡན་ལག་དང་ཉིང་ལག་གི་དབྱེ་བ་མཐས་ཡས་ཀྱང་། རྩ་བའི་ཆ་ནས་འབྲི་ཀློག་ཉན་བཤད་བཞི་ལ་འདུས་པ་ཡིན། མི་ཞིག་ཡིན་ན་ཉན་བཤད་གཉིས་ཀྱི་ནུས་པ་ནི་སློབ་གྲྭ་མ་འགྲིམས་ཀྱང་། ཁྱིམ་ཚང་དང་། སྡེ་བ། སྤྱི་ཚོགས་ཁྲོད་དུ་ཐག་གཅོད་ཐུབ་པའི་གནད་དོན་གཉིས་ཡིན། གལ་ཏེ་སློབ་མ་རྣམས་སློབ་གྲྭར་ཡོང་ནས་ཉན་བཤད་གཉིས་ཀྱི་ནུས་པ་ཇེ་བཟང་ལ་མ་སོང་ན་སྐད་ཡིག་བསླབས་མ་བསླབས་མེད་ལ། སློབ་གྲྭ་འགྲིམས་ནས་ཉན་བཤད་གཉིས་ཇེ་སྡུག་ལ་སོང་ཚེ་སྐད་ཡིག་བསླབས་ནས་ལོག་ལམ་དུ་ཕྱིན་པའི་རྟགས་ཡིན། གལ་ཏེ་སློབ་མ་རྣམས་སློབ་གྲྭར་ཡོང་ནས་རྒྱུན་སྤྱོད་ཡིག་རིགས་ཙམ་ཡང་འབྲི་མ་ཤེས་པ་དང་། རྩོམ་ཡིག་གི་ཚིག་དོན་དང་མཐུན་པར་ཀློག་ཀྱང་མ་ཤེས་ན་སློབ་གྲྭས་སྐད་ཡིག་གི་ནུས་པ་གསོས་མེད་པའི་རྟགས་རེད།

སློབ་གྲྭའི་ནང་དུ་རྩོམ་ཡིག་འབྲི་ཚུལ་སློབ་ཐུབ་པའི་སྐད་ཡིག་དགེ་རྒན་ཤིན་ཏུ་ཉུང་། སྐད་ཡིག་དགེ་རྒན་རང་གིས་ཚིག་ཕུན་སུན་ཚོགས་པ་ཞིག་སྒྲིག་མྱོང་མེད་ལ། རྩོམ་ཚད་ལྡན་ཞིག་དེ་བས་ཀྱང་བྲིས་མྱོང་མེད་པས། སློབ་མས་ཚིག་སྒྲིག་པའི་གེགས་དང་བར་ཆད་སེལ་ཐབས་མེད་ལ། རྩོམ་ཡིག་འབྲི་ཚུལ་གྱི་མན་ངག་ཧ་ལམ་གནང་རྒྱུ་མེད། ནམ་རྒྱུན་དུ་སློབ་མ་རྣམས་ལ་"མདོ་དབུས་ཁམས་གསུམ་གྱིས་གོ་ཞིང་ཡིག་སྐད་ཀྱི་ཚིག་རིང་པོ་དང་རྩོམ་ལེགས་པོ་ཕྲིས་ཤོག་"ཟེར་བ་ཁོ་ནས་དུས་འདའ་བར་བྱེད། དོན་ལ་དེང་སང་གི་སློབ་མའི་བློ་ན་ཕ་མས་གནང་བའི་ཁ་སྐད་དང་སྤྱི་ཚོགས་ཀྱིས་བསྐྱེད་པའི་སྦྲགས་སྐད་60%ནི་ངེས་པར་ཡོད་ངེས་ཡིན།སྐད་ཡིག་དགེ་རྒན་གྱིས་རྦད་དེ་ཁ་སྐད་ཅེས་དགག་ཕྱོགས་སུ་བཅད་པས། སློབ་མའི་ཁ་ནང་གི་དགེ་རྒན་ཙ་ཡ་རེད་དང་། ནད་པ་ན་རག་ཆེ། བུ་ཐུ་མོ་རེད། རྐང་པ་ཁོལ། བུ་ངན་ན་རེད། བུ་ངར་བ་ཡིན། དེ་རིང་ཙག་ཆེ། ཆུང་མ་གྲོས་མེད་ལ་སོང་། ཇ་མེད་ན་རྩམ་པ་ཁ་ནས་མི་ཐྲིལ་གི ། བྱིས་པས་ཕྲིལ་གིན་མེད་ཀི ། ཨ་ཞང་རྣམས་ལ་དྲི་སྐོལ་ཁྱེར། མི་སུ་ཡིན་རུང་ཁ་གོང་ལ་རྒྱ་དགོས་སོགས་མིང་དང་བྱ་བྱེད་ལས་ཚིག་མང་པོ་དང་། གཞན་ཡང་ཉེ་འཁོར་གྱི་རི་ཆུ་དང་། རྩྭ་རྩི་ཤིང་། ལྡུམ་བུའི་མིང་ཚུན་ཆད་ནས། མདའ་འཕེན་པ་དང་། གྱང་རྡུང་བ། གཡུལ་གཅོག་པ། སྦྲ་ཕུབ་པ། རུ་འགེལ་བ། རྟ་ལ་ཞོན་པའི་སྐོར་གྱི་མིང་དང་ཐ་སྙད། ལས་ཚིག་མང་པོ་འབྲི་མི་ཤེས་པའི་ཁར། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་ནས་མྱི་ཆེན་དག་གིས་སྦྲགས་སྐད་གང་འདོད་དུ་བཤད་པ་དང་། གལ་ཏེ་སྦྲགས་སྐད་མི་བཤད་ཀྱང་充电机ལ་གློག་གསོག་སྤྱད་པོ་དང་། 电笔ལ་གློག་ཡོད་མེད་ལྟ་སྤྱད་པོ་སོགས་སློབ་མས་ཡི་གེར་ཕབ་ན་དགེ་རྒན་གྱིས་མིན་རྟགས་རྒྱག་ངེས་པ་ཁོ་ན་བཤད་པས། སློབ་མ་སྤྱི་དང་ཁྱད་པར་དུ་དམའ་འབྲིང་མན་ཆད་ཀྱི་སློབ་མ་ལ་མདོ་དབུས་ཁམས་གསུམ་གྱིས་གོ་བའི་ཚིག་སྒྲིགས་དང་། མདོ་དབུས་ཁམས་གསུམ་གྱིས་གོ་བའི་རྩོམ་ཕྲིས་ཟེར་བ་ནི། བྱིས་པ་ཐང་ནས་གོག་མི་ཤེས་པ་ཞིག་ལ་རྒྱལ་སྤྱིའི་རྒྱུག་འགྲན་ལ་ཞུགས་པ་ལྟར་རྒྱུག་དགོས་ཞེས་པ་དང་ཀུན་ནས་མཚུངས་སོ། །དེ་ནི་དམིགས་ཡུལ་ཕུན་སུམ་ཚོགས་པ་ཞིག་ཏུ་ཟད་ཀྱང་། ཐབས་ལམ་ནི་ཇི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། དེ་བཞིན་དུ་"སློབ་མས་ཞ་སྨྱུག་གིས་སློབ་ཁང་གི་གྱང་ངོས་སུ་གང་འདོད་དུ་བཤལ་ནས་ལྟ་སྲོལ་མེད་པར་བཏང་འདུག་"ཅེས་པའི་"བཤལ་"ཡིག་ནི། གཤལ་བྱ།གཤལ་བྱེད། བཤལ་ཟིན། གཤོལ་ཞིག་ཅེས་ཡིན་པར་མ་ཤེས་ན། རྩོམ་པ་པོ་"ཤེས་རབ་"ལྡན་པ་རྣམས་དང་འདྲ་བར་གཤལ་ནི་ཕར་རྒྱ་ཡིག་གི་划ལ་ལོ་ཙཱ་བྱས། རྒྱ་ཡིག་དེ་རྒྱ་བོད་ཤན་སྦྱར་ལས་བཙལ་ཏེ་བོད་སྐད་དུ་རྟགས་བརྒྱབ་ཅེས་པར་བརྗེས་པ་སྟེ།"སློབ་མས་ཞ་སྨྱུག་གིས་སློབ་ཁང་གི་གྱང་ངོས་སུ་གང་འདོད་དུ་རྟགས་བརྒྱབ་ནས་ལྟ་སྲོལ་མེད་པར་བཏང་འདུག་"ཅེས་བྲིས་པ་ནི། སྨན་པ་དག་གིས་སྨན་སྡེབ་སྐབས་སུ་གླང་ཆེན་གྱི་གི་ཝང་གི་ཚབ་ལ་ཕག་གི་མཁྲིས་པ་འཕེན་པ་དང་ཀུན་མཚུངས་ཏེ། "སློབ་མས་ཞ་སྨྱུག་གིས་སློབ་ཁང་གི་གྱང་ངོས་སུ་གང་འདོད་དུ་རྟགས་བརྒྱབ་ནས་ལྟ་སྲོལ་མེད་པར་བཏང་འདུག་"ཅེས་པ་ལ་མ་གཞིའི་"བཤལ་"བའི་ཚིག་གི་བསྟན་དོན་ཇི་བཞིན་མེད་པར་གྱུར་བ་མངོན་སུམ་མོ། །བོད་ཀྱི་སློབ་གྲྭར་སོང་ན་སློབ་མས་བོད་ཡིག་གི་རྩོམ་ཐུང་ཙམ་ཡང་འབྲི་མི་ཤེས་པ་དང་བོད་ཡིག་གི་རྩོམ་མང་པོར་བོད་སྐད་ཀྱི་བྲོ་བ་མེད་པའི་གནད་འགག་གཅིག་ཀྱང་གནད་དོན་འདིའི་རིགས་ལ་ཐུག་ཡོད་པ་ཀུན་གྱིས་མཁྱེན་པར་མཛོད་ཅེས་ཀྱང་ཞུ་འདོད།

སྤྱིར་ཡིན་ན། རྣམ་དབྱེ་བརྒྱད་པོ་རེ་རེ་ནི། བོད་སྐད་ཀྱི་ཚིག་སྒྲིག་བྱེད་ཀྱི་རྨང་གཞི་ཡིན་མོད། འོན་ཀྱང་དགེ་རྒན་དག་གིས་རྣམ་དབྱེ་ནི་དཔེ་བརྗོད་འཇོག་བྱེད་ཁོ་ནར་སྤྱད་པས་རྣམ་དབྱེ་དང་ཚིག་སྒྲིག་གཉིས་ཀ་འབྲེལ་མེད་དོན་གཞན་དུ་བུད་སོང་། དེ་ཡང་ཤར་ཕྱོགས་སུ་སོང་རྣམ་དབྱེ་གཉིས་པ་ཡིན་པ་ཤེས་ཀྱང་། ལྷོ་ཕྱོགས་སུ་སོང་རྣམ་དབྱེ་གཉིས་པ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་ཁར། ཤར་ཕྱོགས་སུ་སོང་། མཚོ་སྔོན་གྱི་ཤར་ཕྱོགས་སུ་སོང་། མཚོ་སྔོན་གྱི་ཤར་ཕྱོགས་སུ་སློབ་གྲྭར་སོང་། མགོ་ལོག་གི་སློབ་མ་རྣམས་མཚོ་སྔོན་གྱི་ཤར་ཕྱོགས་སུ་སློབ་གྲྭར་སོང་། ན་ནིང་ནས་བཟུང་། མགོ་ལོག་གི་སློབ་མ་རྣམས་མཚོ་སྔོན་གྱི་ཤར་ཕྱོགས་སུ་སློབ་གྲྭར་སོང་། ན་ནིང་ནས་བཟུང་། མགོ་ལོག་གི་སློབ་མ་རྣམས་མཚོ་སྔོན་གྱི་ཤར་ཕྱོགས་སུ་ཡོད་པའི་དཔའ་ལུང་རྫོང་ཐོག་ལ་སློབ་གྲྭར་སོང་། ཞེས་ཡུལ་དང་། དུས། རང་བཞིན། གྲངས་ཀ  ། རྒྱན་ཚིག ། དོན་དག་སོགས་ཚིག་ལ་ཁ་སྣོན་བྱེད་ཚུལ་ཙམ་ཡང་མ་བསླབས་པར་སློབ་མས་ཚིག་རིང་པོ་དང་རྩོམ་ཚད་ལྡན་ཞིག་ཇི་ལྟར་འབྲི་ཤེས་སམ། གཞན་ཡང་། སློབ་གྲོགས་བཀྲ་ཤིས་ནི་ཡ་རབས་གུས་ཞབས་ལྡན་པ་ཞིག་ཡིན་ལྟ་བུའི་ཚིག་སྒྲུབ་རྐྱང་མ་དང་། སློབ་གྲོགས་བཀྲ་ཤིས་ནི་ཡ་རབས་གུས་ཞབས་ལྡན་པ་ཞིག་ཡིན་པར་མ་ཟད། སློབ་སྦྱོང་ལ་བརྩོན་འགྲུས་དང་ལྡན་པ་ཞིག་ཀྱང་ཡིན་ལྟ་བུའི་ཚིག་སྒྲུབ་ཟུང་སྦྲེལ་དང་། སློབ་གྲོགས་བཀྲ་ཤིས་ནི་ཡ་རབས་གུས་ཞབས་ལྡན་པ་ཞིག་ཡིན་པར་མ་ཟད། སློབ་སྦྱོང་ལ་བརྩོན་འགྲུས་དང་ལྡན་པ་ཞིག་དང་གཙང་སྦྲ་ལ་དོ་སྣང་བྱེད་མཁན་ཞིག་ཀྱང་ཡིན་ལྟ་བུའི་ཚིག་སྒྲུབ་སྦྲགས་མ་སྒྲིག་པའི་ཐབས་སོགས་བསླབས་ན་བོད་ཀྱི་སློབ་མས་བོད་སྐད་ཀྱི་ཚིག་སྒྲིག་མི་ཤེས་པ་ག་ལ་སྲིད། ཚིག་སྒྲིག་ཤེས་ན་རྩོམ་རང་བཞིན་གྱིས་འབྲི་ཤེས་པར་འགྱུར་བ་ནི་ཆོས་ཉིད་བསླུ་བ་མེད་པ་ཡིན་ནོ།  །

བདུན། སྐད་ཡིག་དགེ་རྒན་ཡིན་ཕྱིན་སློབ་མ་ལ་ཟུར་ཁྲིད་བྱེད་དགོས།

དེང་སང་དགེ་སློབ་གཉིས་ཀས་སློབ་ཁྲིད་ཁོ་ན་བྱས་པས་ཆོག་པར་སེམས་ཀྱིན་ཡོད། དོན་ལ་དེ་ལྟ་བུ་ཞིག་མ་ཡིན་ཏེ། སློབ་གསོའི་གཞུང་ལུགས་སུ་ཟུར་ཁྲིད་ནི་སློབ་ཁྲིད་ཀྱི་ཆ་ལག་ཅིག་ལ་བཞག་ཡོད། རང་རེའི་བོད་ཀྱི་སྲོལ་རྒྱུན་སློབ་གསོར་མཚོན་ནའང་། ཁག་ཐེག་དགེ་རྒན་དང་། དཔེ་ཆའི་དགེ་རྒན། ཟུར་ཁྲིད་དགེ་རྒན་གསུམ་དུ་དབྱེ་བར་སློབ་གསོ་བ་དུང་དཀར་ཚང་གིས་གསུངས། དགེ་རྒན་གཅིག་གིས་ཐམས་ཅད་ཡོང་མིན་ཅི་རིགས་ཡོད་ཀྱང་། སློབ་མའི་ངོས་ཐད་ནས་དགེ་རྒན་གསུམ་ག་མ་ཚང་ཐབས་མེད་ཡིན། རང་གི་བུ་རྟ་འདྲ་བ་ཞིག་དང་གཞན་གྱི་བུ་བོང་བུ་འདྲ་བ་གཉིས་མི་དོ་བའང་མཐར་གཏུགས་ན་ཟུར་ཁྲིད་བྱས་ཡོད་མེད་ལ་ཐུག་ཡོད།

ཟུར་ཁྲིད་བྱ་ཡུལ་གྱི་ཆ་ནས། སློབ་མ་དབང་པོ་རྣོན་པོ་དང་རྟུལ་བོ་གཉིས་སུ་དབྱེ་ཆོག་ལ། ཟུར་ཁྲིད་བྱེད་ཚུལ་ནི་དབང་པོ་རྣོ་བ་ལ་དེའི་ཚོད་ཀྱི་"རྣོ་"འཇོག་པ་དང་རྟུལ་བོ་ལ་གང་ལ་གང་འདུལ་བྱེད་པ་དེ་ཡིན། གང་ལྟར་སློབ་གྲྭ་ལ་ཟུར་ཁྲིད་ཀྱི་ལམ་ལུགས་མེད་ན་འཕེལ་རྒྱས་མེད་པ་དང་། དགེ་རྒན་ལ་ཟུར་ཁྲིད་ཀྱི་ཐབས་ཤེས་མེད་ན་ཐུགས་སྲས་བུ་ཆེན་མེད་པར་འགྱུར་ཅིང་། སློབ་མ་ལ་ཟུར་ཁྲིད་ཀྱི་རམ་འདེགས་མེད་ན་གསར་བཏོད་ཀྱི་ནུས་པ་དང་སྒེར་གཤིས་ཡོད་དཀའ་བར་འགྱུར་རོ། །

བརྒྱད། སྐད་ཡིག་དགེ་རྒན་ཡིན་ཕྱིན་མུ་མཐུད་དུ་སློབ་གཉེར་བྱེད་དགོས། 

དགེ་རྒན་ལ་མཐར་ཕྱིན་འཛིན་ཡིག་ཡོད་པ་ནི་གནས་སྐབས་དགེ་རྒན་བྱས་ན་ཆོག་པའི་རྟགས་ཡིན་གྱི། ཚེ་གང་བོར་དགེ་རྒན་བྱས་ཆོག་པའི་ཐོབ་དཔང་མིན། ཡིན་ནའང་། མྱི་མང་པོ་ཞིག་དགེ་རྒན་བྱས་རྗེས་ཚེ་གང་བོར་དགེ་རྒན་ལ་མི་བསྟེན། སློབ་ཁྲིད་ལ་མི་ཉན།   དཔེ་ཆ་ལ་མི་ལྟ། ཐ་ན་དཔེ་ཆ་ཚར་གཅིག་བླུས་ཀྱང་མ་མྱོང་བ་མང་པོ་ཡོད། སྐད་ཡིག་དགེ་རྒན་མང་པོ་ཡང་དེའི་རིགས་ལ་གཏོགས། དེ་བས་སྐད་ཡིག་དགེ་རྒན་ཚོས་<<ལེགས་བཤད་འཕྲུལ་གྱི་དྲ་བ་>>དང་<<བྱ་སྤྲེལ་གཏམ་རྒྱུད་>>ཀྱིས་མཚོན་པའི་སློབ་ཚན་མང་པོ་ཞིག་རང་ལ་དགེ་རྒན་གྱིས་རྩ་བ་ནས་ཁྲིད་མ་མྱོང་བས། མ་རྟོགས་དང་། ཕྱོགས་རྟོགས། ལོག་རྟོགས་ཀྱིས་ཁྲིད་རྐྱང་བྱེད་པ་ནི་ལོང་བས་ལོང་བ་ཁྲིད་པ་ཇི་བཞིན་ཡིན་ནོ།  །   

དགེ་རྒན་གྱིས་རང་གི་ཡོན་ཏན་ཇེ་ཆེར་མ་བཏང་ན། སློབ་དེབ་དང་དཔེ་ཆའི་ངོས་ཀྱི་ཡིག་ནོར་དང་ཚིག་སྐྱོན་སོགས་སེལ་མ་ཤེས་པར་ནོར་ཡོད་པ་ཇི་བཞིན་དུ་སློབ་མའི་རྒྱུད་ལ་འཇོག་རྐྱང་བྱེད་དེ། དཔེར་ན། སློབ་ཆུང་གི་<<ས་བོན་གྱི་སྟོབས་ཤུགས་>>ཀྱི་སློབ་ཁྲིད་བྱེད་གཞི་རུ། རྡོ་རྗེ་ཞེས་པ་ནི་རྒྱ་ཡིག་གི་金刚སྟེ་ཕྱི་རྒྱལ་གྱི་རྩོམ་པ་པོ་ཞིག་གིས་རྟོག་བཟོ་བྱས་པའི་སེམས་ཅན་ཞིག་ཡིན་པ་མ་ཤེས་པར། རྡོ་རྗེ་ནི་གསང་བདག་ཕྱག་ན་རྡོ་རྗེ་ཞེས་ལོག་འགྲེལ་བྱས་པ་བཞིན་འདོར་ལེན་མེད་པར་ཁྲིད་པ་དང་། སློབ་ཚན་<<རྟ་>>ལས་"སྲོག་ཆགས་ཀྱི་ཤ་ལ་དང་བ་ཆ་ཙམ་ཡང་མ་མཆིས་པའི་ཕྱིར།"⑥ཞེས་པའི་ཚིག་གི་གཅོད་མཚམས་ཙམ་ཡང་མ་ཤེས་པར་"ཤ་ལ་"དང་"བ་ཆ་"ཡི་དོན་ཅི་ཡིན་དག་ཡིག་ལ་འཚོལ་བའི་ངལ་བ་བསྟེན་པ་ལྟ་བུ་རེད།

སྤྱིའི་ཆ་ནས་སྐད་ཡིག་དགེ་རྒན་གྱི་ཡོན་ཏན་ནི་སློབ་མ་ལས་ལྷག་ཏུ་ཆུགས་ཀྱང་། དགེ་རྒན་གྱི་ཡིག་གཟུགས་དང་། སྐད་ཆ། སྤྱོད་པ་སོགས་སྐྱོན་ཡོན་བྱེ་བྲག་པ་རེ་རེས་ཀྱང་སློབ་མ་བཟང་ལམ་དུ་འཇུག་ལྡོག་བྱེད་རྐྱེན་དུ་འགྱུར་བས། དགེ་རྒན་ཞིག་ཡིན་ན་རང་གི་སྤྱོད་པ་ཇེ་ཡག་དང་། ཡོན་ཏན་ཇེ་ཆེ། ཐབས་ལམ་ཇེ་འཛོམས་སུ་གཏོང་བ་ནི་གནད་ཀྱི་དོན་པོ་སྟེ་ཉིན་རེའི་ཟས་ལྟར་ཚེ་གང་ལ་ཆག་མི་ཉན་པའི་གདམས་པ་ཁོ་ན་ཡིན་ནོ། །

མཇུག་བསྡུ་བའི་གཏམ། 

ད་ལྟའི་སྐད་ཡིག་སློབ་གསོའི་གནས་བབ་འདི་ལེགས་པར་བསྒྱུར་འདོད་ན། སྐད་ཡིག་དགེ་རྒན་དག་གིས་ཚེ་གང་པོར་དགེ་རྒན་བསྟེན་ཞིང་། རྒྱ་བོད་དང་ཕྱི་གླིང་བའི་སྐད་ཡིག་གི་གཞུང་དང་བསྟན་བཅོས། སྐད་ཡིག་འཕེལ་བའི་ལོ་རྒྱུས། སློབ་ཚན་ཁྲིད་ཐབས། ཁྲིད་ཡིག་ཇུས་འགོད། སློབ་ཁྲིད་བརྙན་ཕབ་དག་ལ་ཐོས་བསམ་ལག་ལེན་ཡང་ཡང་བྱེད་དགོས་པ་དང་། སློབ་གསོ་སྤྱི་དང་ཁྱད་པར་དུ་སྐད་ཡིག་སློབ་གསོའི་ཁ་འཕྲོ་ན་བཞུགས་པའི་མགོ་ཁྲིད་དེ་རྫོང་དཔོན་རྒན་གཞོན་དང་། ཅུའུ་ཀྲང་རྒན་གཞོན། སློབ་ཁྲིད་ཞིབ་འཇུག་མི་སྣ། སློབ་གཙོ་རྒན་གཞོན། སློབ་སྟོན་ཁང་གི་མི་སྣ། སློབ་དཔྱོད་ཀྱི་འགན་ལེན་པ་རབས་དང་རིམ་པས་སྐད་ཡིག་སློབ་གསོ་འཕེལ་རྒྱས་ཁྲོད་ཀྱི་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་སྡོངས་གྲོགས་དམ་པ་མཛད་པར་ཞུ་ཞེས་གསོལ་བ་བཏབ་པ་ལགས།   

མཇུག་མཆན།

①འཇུ་མི་ཕམ། འཇུ་མི་ཕམ་བཀའ་འབུམ། འ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། 2012ལོའི་དཔར་ཐེངས་16པ། ཤོག་ངོས་16ཏུ་གསལ།

②ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས།《སྐད་ཡིག》ལོ་རིམ་བརྒྱད་པའི་སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་ཟླ1པོའི་དཔར་ཐེངས་15བ། ཤོག་ངོས་199རུ་གསལ།

③ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས།《སྐད་ཡིག》ལོ་རིམ་ལྔ་བའི་སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་ཟླ་1པོའི་དཔར་ཐེངས་12པ། ཤོག་ངོས་25དང་26ན་གསལ།

④ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས།《སྐད་ཡིག》ལོ་རིམ་བརྒྱད་པའི་སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020ལོའི་ཟླ་7པའི་དཔར་ཐེངས་15བ། ཤོག་ངོས་36ན་གསལ།

⑤ལྗོངས་ཞིང་ལྔའི་འགན་བབས་སློབ་གསོའི་སྐད་ཡིག་སློབ་གཞི་རྩོམ་སྒྲིག་ལས་ཚན་གྱིས་བསྒྲིགས།《སྐད་ཡིག》ལོ་རིམ་བདུན་པའི་སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020ལོའི་ཟླ་8པའི་དཔར་ཐེངས་དང་པོ། ཤོག་ངོས་63ན་གསལ།

⑥ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས།《སྐད་ཡིག》ལོ་རིམ་བརྒྱད་པའི་སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020ལོའི་ཟླ་7པའི་དཔར་ཐེངས་15བ། ཤོག་ངོས་100རུ་གསལ།

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།