ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཁྲིད་ངོས་ཟིན་ལས་ཐོབ་པའི་མྱོང་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཏམ་བཤད་པ།བསོད་ནམས་ལྷ་མོ།

ཟིན་འགོད་པ། མགར་ཐང་དཀར།

ས་གནས། འབྲི་སྟོད་རྫོང་ཆ་ཚང་སློབ་ཆུང་།

གུས་པར་འོས་པའི་འགོ་ཁྲིད་དང་། སྙིང་ཉེ་བའི་དགེ་རྒན་རྣམ་པ།ལྷན་རྒྱས་སྐུ་ཁམས་བཟང་། རང་ཉིད་ནི་སློབ་གསོའི་ལས་རྐང་ལ་ཞུགས་ནས་དུས་ཡུན་རིང་བོ་སོང་མེད་པས། མིང་དོན་མཚུངས་པའི་སློབ་ཁྲིད་ཀྱི་ཉམས་མྱོང་སོགས་ཤིན་ཏུ་ཞན་ཁར། ཐེངས་འདིར་སློབ་ཁྲིད་ཉམས་མྱོང་གི་གླེང་སྟེགས་ཚོགས་འདུ་འདིའི་སྟེང་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་རྣམ་པ་དང་ལྷན་དུ་མཉམ་ཞུགས་བྱས་ན་དགོད་བྲོ་བ་ཞིག་ཀྱང་ལོས་ཡིན་སྙམ། གང་ལྟར་བཀའདྲིན་ཆེ། གཤམ་ནས་ངས་དུས་ཐུང་སློབ་ཁྲིད་ཀྱི་ངོས་ཟིན་དང་འབྲེལ་ནས་བབས་བསྟུན་གྱི་སློབ་ཁྲིད་བྱེད་པའི་བསམ་ཚུལ་མདོར་བསྡུས་ཤིག་བཤད་རྒྱུ་ཡིན། ཕྲན་གྱི་ལྟ་སྟངས་ཐད་འཐུས་ཤོར་དང་ཞན་ཆ་གང་རུང་འབྱུང་སྲིད་པས་དགེ་རྒན་ལྷན་རྒྱས་ནས་སྐྱོན་བརྗོད་དང་དག་ཐེར་བྱེད་པའི་རེ་བ་ཡོད། བཀའ་དྲིན་ཆེ།

དང་པོ། སློབ་མ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པའི་ལམ་པ།

སློབ་མ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་དགོས་ན། ལྷག་བསམ་ཟོལ་མེད་དང་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་ཡ་རབ་ཚུལ་མཐུན་གྱི་སློབ་མ་ཞིག་སྐྱེད་སྲིང་བྱེད་རྒྱུ་གཙོ་བོ་འཛིན་དགོས།

སྤྱིར་དགེ་རྒན་གྱི་འགན་འཁྲི་ནི་དཔེ་ཁྲིད་ལས་གཞན་མི་གཤིས་གཙང་མ་ཅན་གྱི་སློབ་མ་ཞིག་སྐྱེད་སྲིང་བྱ་རྒྱུ་གཙོ་བོར་འཛིན་པ་ནི་སྨྲ་མི་དགོས། དེ་བས་ཀྱང་གལ་ཆེ་བ་ནི་སློབ་མ་ཡང་དག་པའི་སློབ་གསོའི་མ་ལག་ལས་ལག་ལེན་དངོས་ལ་ཞུགས་སུ་འཇུག་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་སྙམ། ད་དུང་རྒྱུན་ལྡན་འཚོ་བའི་ཁྲོད་དུ་དགེ་རྒན་གྱིས་སློབ་མ་ཚོར་ཚད་ལྡན་གྱི་ཕུགས་བསམ་ལེགས་ཤོས་ཤིག་ཆགས་སུ་འཇུག་རྒྱུའང་གཙོ་ཆེ་བར་འདོད།

གཉིས་པ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་བྱ་རྒྱུ།

དགེ་རྒན་གྱིས་ཅི་ནུས་ཀྱི་སྒོ་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་བྱས་རྗེས། ད་གཟོད་སློབ་མར་དོན་སྙིང་གི་སྒང་ནས་སློབ་སྦྱོང་ལ་དགའ་བ་དང་། སློབ་མས་རང་འགུལ་ངང་སློབ་སྦྱོང་བྱ་ཐུབ་པར་བྱེད་དགོས། དེ་བས་ངས་སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཇེ་ལེགས་སུ་གཏོང་ཆེད། རྒྱུན་དུ་ཐབས་ཤེས་འདི་འདྲ་ཞིག་སྤྱད་པ་ཡིན། སློབ་ཚན་གསར་པ་ཞིག་ཁྲིད་མགོ་རྩོམ་པའི་སྐབས་སུ། བསླབ་དེབ་ནང་གི་མི་སྣ་དང་སྲོག་ཆགས། ཡང་ན་དངོས་པོ་དེ་དག་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དངོས་དཔེ་དང་འབྲེལ་ནས་སློབ་ཁྲིད་བྱས་པ་ཡིན། ཡང་དཔེར་ན། དཔེ་དེབ་ནང་གི་མི་སྣའི་མིང་དེ་ང་ཚོའི་འཛིན་གྲྭའི་ནང་གི་སློབ་མའི་མིང་དུ་བསྒྱུར་ནས་བེད་སྤྱོད་བྱེད་པ་ལྟ་བུ། གཞན་ཡང་རོལ་རྩེད་ཀྱི་རྣམ་པའི་ཐོག་ནས་ཤེས་བྱ་སློབ་ཁྲིད་བྱས་ཏེ་རོལ་རྩེད་ཁྲོད་ནས་ཤེས་བྱའི་དཀའ་གནད་འགྲེལ་བཤད་བྱས་པ་ཡིན། དེ་ལྟར་བྱས་ན་སློབ་མའི་སློབ་སྦྱོང་ལ་སྤྲོ་བ་རྒྱས་ཏེ་ཡི་ག་འཕེལ་ཞིང་རྣམ་རིག་ཀྱང་ཕྱོགས་གཅིག་ཏུ་བསྡུ་རུ་འཇུག་ཐུབ། ངས་རྒྱུན་དུ་སློབ་ཁྲིད་བྱེད་པའི་སྐབས་སུ། སློབ་མ་ཚོའི་སློབ་སྦྱོང་གི་ཆུ་ཚད་བཟང་ངན་གང་འདྲ་ཞིག་ཡིན་ཡང་། ཚང་མར་རང་རང་གི་ལེགས་ཆ་དར་སྤེལ་གཏོང་བའི་གོ་སྐབས་སྤྲད་ནས་འོས་མཐུན་གྱི་བསྔགས་བརྗོད་བྱས་པ་ཡིན། དེ་ལྟར་རིམ་བཞིན་སློབ་མ་ཚོར་ཕྱོགས་ཡོངས་ནས་བསླབ་གཞིའི་གཙོ་གནད་དག་ལ་གོ་བ་ལོན་ཅི་ཐུབ་བྱེད་དུ་བཅུག་པ་ཡིན། མཚམས་འདི་ནས་འཕྲོས་དོན་ཞིག་ཡོད་དེ། དེ་ནི་གང་ཡིན་ཟེར་ན། སྤྱིར་ཡིག་ཐོག་སློབ་སྦྱོང་རྐྱང་རྐྱང་གི་སྟེང་ནས་ཐོབ་པའི་གྲུབ་འབྲས་ལ་བརྟེན་ནས་སློབ་མའི་རྒྱ་གྲངས་མཇལ་བ་དེའི་ཁོ་ཚོའི་ཡིད་ཆེས་དང་བསམ་བློ་འདོན་སྤེལ་གྱི་ཐད་དུ་སྟོང་ཆ་ཆེན་པོ་ཞིག་བཞག་ལོས་ཡོད་ཀྱང་སྙམ། 

གསུམ་པ། ལས་བྱའི་སྤུས་ཚད་མཐོ་རུ་གཏོང་བ།

སློབ་མའི་དགོས་མཁོ་ལྟར། དམིགས་ཡུལ་གསལ་བའི་ངང་ནས་དོན་སྙིང་ལྡན་པའི་ལས་བྱ་བཀོད་སྒྲིག་བྱེད་དགོས། དཔེར་ན། ལས་བྱའི་རྣམ་པ་སྣ་མང་ཅན་དང་ཁྱད་ཆོས་ཅན་དུ་བསྒྱུར་རྒྱུ་གཙོ་བོར་འཛིན་པ། གང་ལྟར་ཐབས་ཤེས་ཟུང་དུ་འབྲེལ་ཏེ་སློབ་མའི་ཚོར་སྣང་དང་དགའ་ཕྱོགས་སྣ་ཚོགས་ལ་སྐུལ་སློང་བྱས་ནས་ལས་བྱ་བཀོད་སྒྲིག་འོས་འཚམ་བྱེད་དགོས།

བཞི་བ། སློབ་སྦྱོང་རྗེས་ལུས་ཀྱི་སློབ་མར་དོ་ཁུར་བྱེད་པ།

སློབ་སྦྱོང་རྗེས་ལུས་ཀྱི་སློབ་མ་ཞེས་པ་ནི་དེང་སྐབས་གཙོ་བོ་ཡིག་ཐོག་སློབ་སྦྱོང་ལ་འབད་བརྩོན་མི་བྱེད་པ་དང་། དེར་ཡིད་ཆེས་མེད་པ།རྨང་གཞིའི་ཤེས་བྱ་ཞན་པའམ་ཡང་ན་ཁྱིམ་ཚང་གི་སྐུལ་ལྕག་ནུས་པ་ཞན་པའི་སློབ་མར་གོ་དགོས། དེ་བས་ངས་བསམ་ན་སློབ་གྲོགས་དེ་ལྟ་བུ་དག་ལ་སྐབས་སྐབས་སུ་ཕྱོགས་གང་ཅིའི་ཐད་ནས་བསྔགས་བརྗོད་དང་བྱ་དགའ་ཆུང་ཆུང་རེ་སྤྲད་དེ། སློབ་སྦྱོང་གི་འདུན་མ་ཇེ་ཆེ་དང་ཧུར་བརྩོན་གྱི་རེ་འདུན་ཇེ་ཟབ་ཏུ་གཏོང་ཨེ་ཐུབ་ལྟ་དགོས་སྙམ།

ལྔ་བ། ཁྱིམ་བདག་དང་འབྲེལ་འདྲིས་བྱེད་པ།

སྤྱིར་ཁྱིམ་ཚང་གི་སློབ་གསོ་ནི་སློབ་གསོའི་རྨང་རྡོ་ཡིན་ལ། དགེ་རྒན་གྱི་སློབ་གསོ་ནི་སློབ་གསོའི་ཡང་དག་ཡིན་ཟེར། དེ་བས་དགེ་རྒན་གྱིས་སློབ་མ་ཚོའི་ཁྱིམ་ཚང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ངས་དུས་རྒྱུན་དུས་ངེས་མེད་དུ་སློབ་མའི་ཁྱིམ་ཚང་ལ་འཚམས་འདྲིར་འགྲོ་བའི་རྣམ་པ་སྤྱད་ནས་སློབ་མར་རྒྱུས་ལོན་བྱེད་ཀྱིན་ཡོད། མདོར་ན་ཁྱིམ་བདག་དང་དགེ་རྒན་ཟུང་འབྲེལ་བྱས་ནས་སློབ་མའི་ཤེས་བྱའི་ཆུ་ཚད་མཐོར་འདེགས་བཏང་སྟེ་མ་འོངས་སྤྱི་ཚོགས་སུ་འོད་སྣང་ཕྲན་བུ་རེ་སྦྱིན་ཐུབ་པར་བྱ་རྒྱུ་ནི་དགེ་རྒན་དང་ཁྱིམ་བདག་ཕྱོགས་གཉིས་ལ་འགན་འཁུར་ཡོད་པས་དེར་བརྩོན་ལེན་བྱ་རྒྱུ་གཙོར་འཛིན་དགོས་ཀྱི་འདུག།

དྲུག མཇུག་བསྡུ་བའི་ལེའུ།

(1)མཇུག་མཐར། ཚིག་ཀ་འགའ་ཡིས་མཇུག་བསྡུ་རྒྱུ་ཡིན། སློབ་གསོ་ནི་ཉི་འོད་ཡིན་ལ། ཉི་འོད་ཀྱིས་འཇིག་རྟེན་སྟེང་དྲོད་སྣང་སྦྱིན་ཐུབ་ལ་འོད་སྣང་ཡང་སྟེར་ཐུབ། སློབ་མ་ནི་མྱུ་གུ་ཡིན་ལ། ལྗང་མྱུག་གིས་སྤྱི་ཚོགས་ལ་བག་ཕེབས་གནང་ཐུབ་ཅིང་མཛེས་སྡུག་ཀྱང་སྤྲོད་ཐུབ། དེ་བས་ང་ཚོས་དགེ་སློབ་ཀྱི་བརྩེ་བ་ལྷན་དུ་འབྲེལ་ནས་མ་འོངས་པར་དབུ་ཁྱུད་འབྲི། སློབ་གསོ་ཡི་གད་རྒྱངས་མཐོན་པོར་སྒྲོག་གིན་ད་ལྟ་བའི་ལས་ལ་བརྩོན།

(2)ངས་དེ་རིང་འདིར་བཞུགས་ཀྱི་འགོ་ཁྲིད་དང་དགེ་གྲོགས་ལྷན་རྒྱས་ལ་བསམ་ཚུལ་མཉམ་རོལ་བྱེད་ཐུབ་པ་བསོད་ནམས་ཏུ་བསམ་ཡོད། ཚང་མ་བཀའ་དྲིན་ཆེ། ཆེས་མཇུག་མཐར་མཐའ་དག་གི་བྱ་བ་ལམ་འགྲོ་དང་ཅི་བསམ་དོན་ཀུན་འགྲུབ་པར་སྨོན། ཐུགས་རྗེ་ཆེ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།