ཀྲུང་གོ་བོད་ཀྱི་དྲ་བ།

ང་རང་ཆེས་འགྱུར་བར་མི་འདོད་པ་གསུམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལེ་ཀྲིང་ཐོ་ཡིས་བརྩམས། གཅན་གླག་མིག་གིས་བསྒྱུར།   སྤེལ་དུས། : 2023-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་ཆེས་འགྱུར་བར་མི་འདོད་པ་གསུམ།

— སློབ་ཁྲིད་བྱེད་མི་ཤེས་པ་དང་། དཔེ་ཀློག་ལ་མི་མོས་པ། དཔེ་ཀློག་བྱེད་མི་ཤེས་པ་བཅས་སོ། །

དེ་རིང་། ང་ཚོས་དཔེ་ཀློག་གླེང་བར་བྱ། འདི་ནི་གནའ་བོའི་གླེང་གཞི་ཞིག་རེད། ངས“དཔེ་ཀློག་གི་དོན་སྙིང”ལྟ་བུའི་སྤྱི་མཚན་གྱི་གནས་ལུགས་བརྗོད་འདོད་མེད་དེ། གང་དེ་གནའ་དེང་གི་དཔེ་ཆ་པས་གླེངས་ནས“རྙིངས”འདུག ངས་སློབ་ཁང་སློབ་ཁྲིད་དང་སྦྱར་ཏེ་དཔེ་ཀློག་གི་ཉམས་མྱོང་གླེང་བར་འདོད། དགེ་རྒན་ཕལ་མོ་ཆེ་དང་ཆ་འདྲ་བར་ངའི་སློབ་ཁང་སློབ་ཁྲིད་ལ་བཀའ་བཀྱོན་དང་སྐྱོན་བརྗོད་མང་དུ་ཐེབས་མྱོང་། སྐྱོན་བརྗོད་མཐའ་དག་ལས་ངས་ཆེས་དང་དོད་བྱེད་བཞིན་པ་དང་ཆེས་གཡོལ་བར་འདོད་པ་ནི་འདི་ལྟ་སྟེ། སློབ་ཁྲིད་བྱེད་མི་ཤེས་པ་དང་། དཔེ་ཀློག་ལ་མི་མོས་པ། དཔེ་ཀློག་བྱེད་མི་ཤེས་པ་བཅས་ཡིན། འདི་གསུམ་པོའི་བར་ལ་འབྲེལ་བ་ངེས་ཅན་ཡོད་དེ། དཔེ་ཀློག་ལ་མ་དགའ་ན་སློབ་ཁྲིད་ལ་མི་དགའ། དཔེ་ཀློག་ལ་རྨོངས་ན་སློབ་ཁྲིད་བྱེད་མི་ཤེས།

གལ་ཏེ་སློབ་ཁང་སློབ་ཁྲིད་ནི་དགེ་རྒན་གྱི་ངོ་སོ་ཡིན་ན། དཔེ་ཀློག་ནི་སློབ་ཁང་སློབ་ཁྲིད་ཀྱི་ངོ་སོའོ། ། ཁྱོད་ཀྱིས་དཔེ་ཆ་ག་ཚོད་བཀླགས་པ་དང་། དཔེ་ཆ་གང་དག་བཀླགས་པ་དང་། སེམས་ཁོང་དུ་དཔེ་ཆ་ག་ཚོད་ཀྱི་གཏིང་ཚུགས་ཡོད་པ་གང་དེས་ཁྱོད་ཀྱི་སློབ་ཁང་སློབ་ཁྲིད་ཀྱི་རྣམ་པ་མཚོན་པར་བྱས་ཏེ་དཔེ་ཀློག་ལ་བརྟེན་ནས་བྱུང་བའི་སློབ་ཁང་སློབ་ཁྲིད་ཀྱི་ཁྱད་ཆོས་དང་ཉམས་འགྱུར་མངོན་པར་བྱེད། འདི་ནི་དཔེ་ཀློག་གི་རིན་ཐང་སྟེ། དཔེ་ཀློག་གིས་སེམས་ཁམས་ལ“བྱབས་ཁྲུས”བྱས་པ་བརྒྱུད་དེ་སློབ་ཁང་ལ“བྱབས་ཁྲུས”བྱེད། དེ་བས། སློབ་ཁྲིད་ཅི་འདྲའི་མང་པོ་བྱས་པ་དང་། སློབ་ཁྲིད་ཅི་འདྲའི་མང་པོར་ཉན་རུང་། ཀུན་པོས་སློབ་ཕྱིའི་དཔེ་ཀློག་གི་ཚབ་ཡེ་ནས་བྱེད་མི་ཐུབ་སྟེ། སློབ་ཁང་སློབ་ཁྲིད་ཀྱི་མཛེས་པའི་རྩ་བ་ནི་དཔེ་ཀློག་ལ་རག་ལས་སོ། །

དགེ་རྒན་གང་དེ་ཆེས“ཁ་སྐྱེངས”དགོས་པ་ནི། དཔེ་ཀློག་ལ་མི་དགའ་བ་དང་དཔེ་ཀློག་ལ་རྨོངས་པ་དེ་དང་། དགེ་རྒན་གང་དེ་ཆེས“ངོ་གནོང”དགོས་པ་ནི། དཔེ་ཆ་བཀླགས་པ་ཉུང་དྲགས་པ་དང་། ཐ་ན་སློབ་མ་ལ་ཡང་མི་དོ་བ་དེའོ། ། ཕྱོགས་གཅིག་ཏུ་སློབ་མ་ལ་དཔེ་ཆ་ཀློག་དགོས་ལུགས་དང་། དཔེ་ཆ་ཀློག་ཤེས་དགོས་རབས་བཤད་ཅིང་། ཕྱོགས་གཞན་ཏུ་རང་ཉིད་དཔེ་ཀློག་ལ་མི་དགའ་ཞིང་དཔེ་ཆ་ཀློག་ཀྱང་མི་ཤེས་པ་འདི་ནི་དགེ་རྒན་མི་ཉུང་བ་ཞིག་ལ་གནས་པའི་མི་གཞིའི་གས་ཆག་གོ ། ད་ནི་ངས་དཔེ་ཀློག་གིས་སློབ་ཁང་སློབ་ཁྲིད་ལ་ཐོན་པའི་ནུས་པ་དང་རིན་ཐང་མི་གླེང་བར་ཆེས་གནད་འགག་གི་གནད་དོན་ཏེ། དཔེ་ཀློག་ལ་འཇུག་ཚུལ་གླེང་བར་བྱའོ། །

གཅིག “སློབ་དེབ་དང་། སློབ་ཁྲིད་དཔྱད་གཞི། དུས་དེབ་བཅས་ཀློག་པ”ནི་དཔེ་ཀློག་ཏུ་རློམ་མི་རུང་།

ང་རང་འཕྲད་མྱོང་བའི་དགེ་རྒན་མི་ཉུང་བ་ཞིག་གིས་དཔེ་ཆ་ཀློག་པའི་དབང་དུ་བཏང་རུང་། སློབ་དེབ་དང་། སློབ་ཁྲིད་དཔྱད་གཞི། སློབ་སྐབས་གང་དེའི“ཁྲིད་ཐབས”སྣ་ཚོགས་ལ་ཕན་པར་འགྱུར་བའི་དུས་དེབ་བཅས་མ་གཏོགས་མི་ཀློག་པ་དང་། རིམ་གྱིས་ངས་ཁོ་རང་ཚོར་ཡོངས་ཁྱབ་ཏུ་སློབ་དེབ་ཀྱི་ངོ་གདོང་དང་སློབ་ཁྲིད་དཔྱད་གཞིའི་ཞལ་རས་ཐོགས་ཡོད་པ་མཐོང་བྱུང་ལ། ཁོ་རང་ཚོར་ཐུན་མོང་དུ་མངའ་བའི་ཁྱད་ཆོས་ཤིག་ནི་སྣ་གཅིག་གི་ཕྱོགས་ཁོ་ན་བལྟ་བའི་གནད་དོན་གནས་པ་དེ་རེད། དཔེ་ཀློག་ལ་འཇུག་ཚུལ་འདི་ལྟ་བུ་ནི་དགེ་རྒན་གྱི་བསམ་པའི་འཚོ་བ་རྒུད་པའི་གཡང་ལ་ལྷུང་བའི་རྩ་བ་ཡིན།

གཉིས། “སྐད་འཕྲིན་ལ་ལྟ་བ”དེས“དཔེ་ཀློག”གི་ཚབ་བྱེད་མི་རུང་།

ངས་ནི“གློག་རྡུལ་དཔེ་ཆ”ཡིས་ཡུལ་དུས་ངེས་མེད་ལ“དཔེ་ཆ་དཔར་མ”ཡི་ཚབ་ཡོངས་སུ་བྱས་ཆོག་མིན་མི་ཤེས་མོད། ཡིན་ནའང་ངས་ཁ་ཚོན་བཅད་དེ་སྨྲ་བར་སྤོབས་པ་ནི་སྐད་འཕྲིན་ལས་ཤེས་རྟོགས་བྱུང་བའི་ཤེས་བྱ་ཐར་ཐོར་དེས་དུས་ནམ་ཡང“དཔེ་ཆ་དཔར་མ”ཀློག་པའི་ཚབ་བྱེད་ག་ལ་ནུས་ཏེ། སྐད་འཕྲིན་གྱིས་ཆེས་སྟབས་བདེ་དང་མགྱོགས་མྱུར་ངང་རླབས་རིས་ལྟ་བུའི་བརྡ་འཕྲིན་མཁོ་སྤྲོད་བྱེད་པའི་དུས་མཚུངས་སུ་མི་རྣམས་ཀྱི་བསམ་གཞིག་དང་སེམས་ཁམས་གཅོད་གཏུབ་བྱས་ཤིང་། དཔེ་ཀློག་ཁོ་ནས་བསྐྲུན་པའི་འཐུས་ཚང་གི་ཞོད་འཇགས་དང་དཔྱོད་ཤེས་ལ་གཏོར་བརླག་ཐེབས་ནས་མི་རྣམས“ཁྲ་མེ་ཁྲུམ་མེར”བཏང་ཡོད་སྟབས། དཔེ་ཀློག་གིས་བསྐྱེད་པའི་གནའ་བོའི་མཛེས་ཉམས་དེ་ཤར་ཤར་དུ་ཡལ་གྱིན་ཡོད་ན་ཡང་། ངའི་བསམ་པར་མཛེས་པ་དེ་ལ་འཚོལ་ཞིབ་དང་གཅེས་སྐྱོང་བྱེད་པ་རྒྱུན་བསྐྱངས་ན། གང་དེ་དགེ་རྒན་གྱི་སློབ་ཁང་སློབ་ཁྲིད་ཀྱི་འགན་ནུས་ཀྱི་ཡན་ལག་ཏུ་འགྱུར་བར་ཐེ་མི་ཚོམ།

གསུམ། “བྲེལ་འཚུབ”དང“ངལ་དུབ”ནི་དཔེ་ཀློག་དང་བྲལ་བའི་ཁ་གཡོར་ས་མིན།

དགེ་རྒན་རྣམས་ཀྱིས་རྟག་ཏུ་བྲེལ་འཚུབ་ཆེ་རབས་ཀྱིས་རང་ཉིད་དཔེ་ཀློག་ལ་མི་སྤྲོ་བའི་སྲོལ་ངན་དེ་ལས་གཡོལ་བར་བྱེད།“ངལ་དུབ”ནི་རྟག་ཏུ་སྒྱིད་ལུག་དང་ལེ་ལོའི་མདའ་འགོག་བྱེད་ཀྱི་འབེན་དུ་གྱུར་ཡོད། དོན་དུ་དེ་དག་ནི“གོང་མའི་ན་བཟའ་གསར་པ”ལས་མ་འདས་ཏེ། དཔེ་ཀློག་ལ་དགའ་མིན་གོམས་མིན་དང་། དཔེ་ཀློག་ནི་རང་གི་དད་མོས་ཤིག་ཏུ་སྒོམ་མིན་དེ་ནི་ད་གཟོད་གནད་འགག་ཡིན། འབད་པ་དང་བཅས་དཔེ་ཀློག་ནི་རང་གི་དད་མོས་ཤིག་དང་། དད་མོས་དེ་རང་གི་གོམས་སྲོལ་དུ་འགྱུར་ཐུབ་མིན་ལ་ཚོད་ལྟ་ཞིག་བྱོས་དང་། ཏག་ཏག་མུའུ་སི་ལིན་པས་ཉིན་རྒྱུན་བསྔོ་སྨོན་ལན་ལྔར་ཞུ་བ་དང་། ཡེ་ཤུ་མ་ཤི་ཀ་པས་གཟའ་མཇུག་ཆོས་ཁང་དུ་ཕྱག་འཚལ་བ་དང་ཆ་འདྲ་སྟེ། ཁོ་རང་ཚོས“ཐོག་གིས་འགོག་མི་ཐུབ་པའི”ཆོད་སེམས་ཀྱིས“དད་མོས”དང“གོམས་སྲོལ”གྱི་ཡང་སྙིང་ལ་འགྲེལ་བརྒྱབ་ཡོད།

བཞི། རིངས་པར“བམ་ཀློག”མི་བྱེད་པར་སེམས་རྣལ་ལ་ཕབ་སྟེ“འབྱོངས་ཀློག”བྱེད་དགོས།

དུས་རབས་དང་བསྟུན་ཏེ་དཔེ་ཆ་འདེམ་པ་དང་། དར་སྲོལ་དང་བསྟུན་ཏེ་དཔེ་ཀློག་ལ་འཇུག་པ་ནི་མི་ཕལ་མོ་ཆེའི་གོམས་སྲོལ་དུ་སྣང་། མདོག་འགྱུར་ད་བྱིད་ལྟ་བུའི་དཔེ་ཀློག་འདི་ནི་སེང་རས་དང་འདྲ་སྟེ། གང་དེས་རིན་ཐང་ཅན་གྱི་དངོས་ཟོག་རུམ་ལ་འཇུག་རྒྱུ་དང་སེམས་སུ་ཉར་རྒྱུ་དཀའ། དེར་བརྟེན། ངས་རྟག་ཏུ“ཆེད་མི་དཔེ་ཀློག་གི་ཐབས”དར་སྤེལ་གཏོང་གི་ཡོད་དེ། དགེ་རྒན་ནམ། ཤེས་ལྡན་པ། རྩོམ་པ་པོ་མཚན་སྙན་དང་ལྡན་པ་ཞིག(དཔེར་ན། སོ་ཧུའུ་མུའུ་ལིང་སི་ཅི་ལྟ་བུ)བདམས་རྗེས། ལོ་འགའི་ཡུན་ལ་བློ་རྩེ་གཅིག་སྒྲིམ་དང་ངང་རྒྱུད་རིང་པོས་མི་སྣ་གང་དེའི་བརྩམས་ཆོས་མཐའ་དག་བཀླགས་གྱུར་ཚེ། མི་སྣ་གང་དེ་ཁྱོད་ཀྱི་ནུས་སྟོབས་ཀྱི་རྩ་བ་དང་། སློབ་ཁང་གི་རྨང་གཞིའོ། ། དཔེ་ཀློག་གི་ཐབས་འདི་ལྟ་བུ་ལ་སྔར་ལྟར“སྡུག་རུས”ཆེ་དགོས། མདོར་དེད་ན། ཁེར་རྐྱང་གི་འཇབ་རྒོལ་ལ་གདོང་གཏོད་ཐུབ་དགོས། དཔེ་ཀློག་ནི་མ་གཞི་ནས་ཁེར་རྐྱང་གི་འཚོ་བ་ཞིག་ཡེ་ནས་མིན་ཏེ། དཔེ་ཀློག་ལ་སྤྲོ་བ་དང་དཔེ་ཀློག་ལ་དབང་འབྱོར་བ་ནི་དོན་དུ་ནང་སེམས་ཀྱི་ཁེར་རྐྱང་སྙེག་པ་དེ་ཡིན་པས། ཁེར་རྐྱང་ལ་གོམས་པ་དང་སྡུག་རུས་ལ་མངའ་བརྙེས་པའི་སྒོ་ནས་གོམ་པ་རེ་རེ་རང་གི་སློབ་ཁང་སློབ་ཁྲིད་ཕྱོགས་སུ་སྤོས་ན་ནམ་ཞིག་ཐོན་འབབ་ཡོད་པར་གདོན་མི་ཟ།

ལྔ། དཔེ་ཆ་ལ་ཉེ་དྲགས་པ་དང་རང་སེམས་ལ་བཀྱེད་དྲགས་པ་སྤང་བྱའོ། །

ངེས་དོན་གྱི་དཔེ་ཀློག་ནི་སྦྲེལ་མཐུད་ཅིག་སྟེ། ང་ཚོས་དཔེ་ཀློག་ཁྲོད་རང་གཞན་གཉིས་སྦྲེལ་དགོས་པར་མ་ཟད། ས་རྒྱུས་ཡོད་རྒྱུས་མེད་གཉིས་སྦྲེལ་དགོས་ལ། བར་སྟོང་དང་དུས་ཚོད་ཀྱང་སྦྲེལ་དགོས། ཆེས་ནུས་ལྡན་གྱི་དཔེ་ཀློག་ནི་དམ་ཟབ་ཀྱི་སྦྲེལ་མཐུད་ལས་མ་འདས་པས། གང་དེར་རིམ་པ་གཉིས་བརྒྱུད་དགོས་ཏེ། དཔེ་ཆའི་ཁྲོད་དུ་འཛུལ་པ་དང་རང་ངོས་ཟིན་དགོས་པ། གནས་ཚུལ་མང་པོའི་འོག་ཏུ། དཔེ་ཀློག་བྱེད་དུས་རྩོམ་པ་པོའི་དྲུང་དུ་ཞེན་ཆགས་ལོག་བརྗེད་དང་། དཔེ་ཆའི་ཁྲོད་དུ་རང་སར་གཏན་སྡོད་བྱེད་པ་དང་དུས་མཚུངས་སུ་རང་ངོས་ཟིན་བྱེད་ཀྱི་སྒོ་ཆེན་བརྒྱབ་འགྲོ། ཕུའུ་ལོ་སི་ཐེའུ་ན་རེ།“ཀློག་པ་པོ་གང་དེས་དཔེ་ཆ་ཀློག་དུས་ཀུན་པོས་རང་ཉིད་ཀློག་གི་ཡོད། རྩོམ་པ་པོའི་བརྩམས་ཆོས་ནི་འོད་རིག་གི་ལག་ཆ་ཙམ་སྟེ། དམིགས་ཡུལ་ནི་ཀློག་པ་པོ་ལ་དངོས་ཟོག་རེ་འགའ་མཐོང་དུ་འཇུག་རྒྱུ་དེ་ཡིན་ཞིང་། གལ་ཏེ་དཔེ་ཆ་མེད་ཚེ་དངོས་ཟོག་ལ་ལ་ཁོའི་ཐུགས་སུ་ཆུད་ཐབས་ཡེ་ནས་མེད། ཀློག་པ་པོས་དཔེ་ཆའི་ཁྲོད་ནས་རང་ངོས་ཟིན་པ་དེ་ནི་ཉིང་དགོས་ཡིན།”འདི་ནི་དཔེ་ཀློག་གི་རིན་ཐང་སྟེ། གཞན་ཀློག་པ་ནས་རང་ཀློག་པར་གྱུར་ཏེ་རང་ཉིད་བཅོས་བསྒྱུར་དང་མཐོར་འདེགས་གཏོང་བའི་གོ་རིམ་ཡིན།

དེར་བརྟེན། དཔེ་ཀློག་གི་ལས་འགན་དང་པོ་ནི་དཔེ་ཆ་དང་བདག་ཉིད་གཞི་གཅིག་ཏུ་སྦྲེལ་ཏེ་རང་གི་འཇིག་རྟེན་གྱི་རྒྱུ་ལམ་རྙེད་རྒྱུ་དེ་ཡིན་ཞིང་། མདོར་དྲིལ་ན། དཔེ་ཀློག་ནི། རང་ངོས་དང་འབྲེལ་བ་ཆགས་རྒྱུ་དེ་ཡིན། རང་ངོས་དང་རྒྱབ་བཀྱེད་པའི་དཔེ་ཀློག་བྱས་ཚེ། མཐའ་མར་དཔེ་ཆ་ཡང་རང་ངོས་དང་འབྲལ་ངེས་སོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།