ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ7ཅན་གྱི་སློབ་གསོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2023-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ7ནི་བསམ་བློ་དང་བརྩེ་དུང་ཆེས་ཆེར་འཕེལ་བའི་ན་ཚོད་ཅིག་ཡིན།

བྱིས་པ་ལོ7ཅན་གྱིས་རྒྱུན་པར་གཅིག་པུས་དུས་ཡུན་རིང་པོར་ཁང་པའི་ནང་དཔེ་ཆར་བལྟ་བ་དང་གླུ་དབྱངས་ལ་ཉན་ཞིང་། སྲོག་ཆགས་ཆུང་ངུའམ་ཡང་ན་ཕྱི་གླིང་ཨོ་ལོའི་རྩེད་ཆས་རྩེ་བར་དགའ། སློབ་གྲྭའི་ནང་དུ་ཁོ་ཚོས་རང་ཉིད་དགའ་བའི་བྱ་བ་སྒྲུབ་པ་དང་། ཡང་ན་ལྷིང་འཇགས་ཀྱི་གྲུ་ཟུར་ཞིག་ནས་དཔེ་ཆར་བལྟ་བའམ་ལས་ཀ་སྒྲུབ་པ་དང་། རང་དང་ཆེས་མཛའ་བའི་གྲོགས་པོ་དང་མཉམ་དུ་རྩེད་འཇོར་རོལ་བར་དགའ། གྲོགས་པོའི་བར་གྱི་འབྲེལ་བ་ལན་རེར་མཛའ་ཞིང་ལན་རེར་འཛིང་བའི་དུས་ཀྱང་ཡོད། བར་སྐབས་འདི་ནི་འཚར་ལོངས་ཀྱི་ནང་བསྡུ་དུས་སྐབས་དང་ལེགས་སྒྲིག་དུས་སྐབས་ཡིན། བྱིས་པ་ལོ7ཅན་ལ་ཀུ་རེ་དང་ཟུར་ཟ་བྱས་ཚེ་ཁོ་ཚོར་སྡུག་བསྔལ་ཆེ་ལ། “ལན་བཏབ་པ་ནོར་འདུག”“གླེན་པ་ཡིན་ནམ”ཞེས་གཞན་གྱིས་འཕྱ་དགོད་བྱས་ཚེ་ཁོ་ཚོ་ཁོང་ཁྲོ་ལངས་ནས་ངུ་བ་ཡིན། བྱིས་པ་ལོ6ཅན་གྱིས་གཞན་གྱིས་འཕྱ་དགོད་བྱས་སོང་སྙམ་ཚེ་ཐད་ཀར་རྡུང་རེས་རྒྱག་སྲིད་མོད། ཡིན་ཡང་། བྱིས་པ་ལོ7ཅན་གྱིས་དོན་དག་རང་གི་སེམས་ཀྱི་གཏིང་རིམ་ལ་སྦས་ནས་ཕྱི་ཚུལ་ནས་མི་མངོན། བྱིས་པ་ལོ7ཅན་ལ་སྔར་ལས་ཞིབ་ཕྲ་ཡིན་པའི་དུས་ཚོད་དང་བར་སྟོང་། གྲངས་འབོར་གྱི་གོ་བ་ཆགས་ཡོད་པ་དང་། དུས་མཚུངས་སུ། རྩོམ་འབྲི་དང་རི་མོའི་ཁྲོད་མཚོན་བྱེད་རང་བཞིན་གྱི་སྒོ་ནས་རང་གིས་གོ་བ་བླངས་པ་མཚོན་ཐུབ་པ་དང་། ལོ་ཚོད་འདིར་སྔར་ལས་ལེགས་པའི་སྒོ་ནས་གྲངས་རིག་གི་གོ་དོན་ལ་སློབ་སྦྱོང་བྱེད་ཐུབ། བྱིས་པ་ལོ7ཅན་ནི་བསམ་བློ་དང་བརྩེ་དུང་། འགུལ་སྐྱོད་སོགས་ཆེས་ཆེར་འཕེལ་བའི་ན་ཚོད་ཅིག་ཡིན་པ་དང་། ཧུར་ཐག་གིས་བྱ་བ་སྒྲུབ་པ་དང་རང་ངོས་དཔྱད་འཇོག་གཉིས་ཀྱི་བར་ནས་དོ་མཉམ་ཡོང་བར་འབད་དེ། དེ་ལས་རྒྱལ་ཁའི་ཚོར་བ་འཚོལ་བཞིན་ཡོད།

(གཅིག)དགེ་རྒན་གྱི་ཁ་ལ་ཉན་པའི་བྱིས་པ་ལོ7ཅན།

“དགེ་རྒན་གྱི་ཅི་གསུང་བཀའ་བཞིན་བརྩི།” བྱིས་པ་ལོ7ཅན་གྱིས་དགེ་རྒན་གྱི་སྐད་ཆ“གོང་མའི་བཀའ”ལྟར་བརྩི་བ་དང་། བྱིས་པ་ཕོ་མོ་གང་ཡིན་རུང་དགེ་རྒན་ལ་ཡིད་སྨོན་འཆོར་བ་དང་། དགེ་རྒན་གྱིས་དོ་སྣང་བྱེད་པར་རེ་སྒུག་བྱེད་པ་དང་། ཐ་ན་སློབ་གྲྭའི་ནང་གི་འཚོ་བའི་སྤྲོ་སྐྱིད་ལ་ཡང་དགེ་རྒན་གྱིས་ཤུགས་རྐྱེན་ཐེབས་བཞིན་ཡོད། སློབ་གྲྭའི་ནང་ནས་ལས་བྱ་བྲིས་ཚར་དུ་འཇུག་པར་དགའ་བ་དང་། བྲིས་མ་ཚར་ཚེ་ད་གཟོད་ཕྱིར་ཁྱིམ་དུ་ལོག་ནས་འབྲི་བ་རེད། ལས་བྱ་འབྲི་དུས་ཁོ་ཚོ་མང་ཤོས་ལྷིང་འཇགས་ངང་སྡོད་པ་དང་། དུས་སྐབས་འདིའི་བྱིས་པར་རྒྱང་སྒྲིབ་མིག་གི་ནད་འབྱུང་སླ་བ་དང་། ལས་བྱ་འབྲི་དུས་མགོ་བོ་ཅོག་ངོས་ལ་སྒུར་བ། ཡི་གེ་འབྲི་དུས་སྨྱུ་གུའི་རྩེ་མོ་ཤུགས་ཀྱིས་འཛིན་པ་རེད། འགྱིག་སུབ་ལ་འདང་རྩིས་ཧ་ཅང་ཆེ་ཞིང་། ལས་བྱ་བྲིས་པ་ཡང་གྲ་དག་པ་དང་། གལ་སྲིད་བྲིས་པ་མ་ཡག་ཚེ་ཡང་ནས་བསྐྱར་དུ་འགྱིག་སུབ་ཀྱིས་བསུབ་ནས་འབྲི་དེབ་ཀྱང་རལ་དུ་བཅུག་ཡོད་པ་རྒྱུན་པར་མཐོང་ཐུབ། ཁོ་ཚོའི་རང་བརྟག་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད་པས། བྲིས་ཚར་ཡོད་པ་ཡང་རྒྱུན་པར་བསུབ་བཅོས་བྱས་ནས་ལས་བྱ་ཡག་པོ་ཞིག་འབྲི་འདོད་པ་རེད།

(གཉིས)འབྲི་བ་ལས་བཤད་ལ་མཁས་པའི་བྱིས་པ་ལོ7ཅན།

བྱིས་པ་ལོ7ཅན་གྱི་དཔེ་ཀློག་གི་ནུས་པ་ནི་ཡིག་འབྲིའི་ནུས་པ་ལས་བཟང་བས། མི་དར་མས་ཁོ་ཚོ་བཤད་ལ་མཁས་ཀྱང་སྨྱུ་གུ་ལག་ལ་བཞག་ན་བྲིས་པ་མི་ལེགས་པ་དང་། ཡང་ན་ཡི་གེ་འབྲི་བར་ནར་འགྱང་བྱེད་པ་རྒྱུན་པར་མཐོང་ཐུབ། ཁོ་ཚོའི་ཡིག་འབྲིའི་ནུས་པ་ད་དུང་ལད་འབྲིའི་དུས་རིམ་ན་ཡོད་པ་དང་། གལ་སྲིད་མི་དར་མས་ཡི་གེའི་མ་དཔེ་བྲིས་ནས་མ་བྱིན་ཚེ་སྒེར་ཚུགས་ཀྱིས་འབྲི་མི་ཐུབ། གྲངས་ཀ་འབྲི་བར་མགོ་མཇུག་ལྡོག་ནས་མི་འབྲི་བར་གོ་རིམ་བཞིན་འབྲི་ཤེས། དཔེར་ན། 12ནི21ལྟར་མི་འབྲི། ཡི་གེ་ཡི་ཆེ་ཆུང་དོ་མཉམ་ལ། བར་ཐག་ཀྱང་ཚོད་འཛིན་ཡག་པོ་བྱས་ནས་ཕྱོགས་གཅིག་ལ་བཙིར་ནས་མི་འབྲི།

(གསུམ)ལྷོད་པོར་སྡོད་པའི་བྱིས་པ་ལོ7ཅན།

བྱིས་པ་ལོ7ཅན་ནི་ལོ6ཅན་དང་བསྡུར་ན་ཅུང་ལྷོད་པོ་དང་། ཁོ་ཚོ་ཏོག་ཙམ་མ་འགྲིག་ཚེ་ཁོང་ཁྲོ་ལངས་ལ། ཅོག་ཙེ་ལ་རྡོག་ཐོས་རྒྱག་པ། ཅ་ལག་ག་སར་གཡུག་པ་སོགས་མི་བྱེད་པར་བསམ་ཚུལ་སེམས་ལ་བཅུག་ནས་ལྷིང་འཇགས་ངང་སྡོད་ངེས། སྐབས་ལ་ལར་ཁོ་ཚོའི་སེམས་ན་སྡུག་བསྔལ་ཡོད་ཀྱང་ཕྱི་ལ་མི་མངོན་པར་སེམས་སུ་སྦས་ནས་འདུག རྒྱུན་པར་མི་གཞན་ཁོ་ལ་མི་དགའ་ཞེས་ཟེར་བ་དང་། བདེ་སྣང་མེད་ཅིང་དོན་དག་འབྱུང་བར་སྐྲག གྲོགས་པོ་ཆུང་ཆུང་ཚོ་རང་ཉིད་ལ་མི་དགའ་བ་དང་རང་གིས་བྱ་བ་ག་གེ་མོ་ལེགས་པོར་སྒྲུབ་མི་ནུས་པར་སེམས་ཁྲལ་བྱེད་པ། སློབ་ཁྲིད་ཀྱི་རྗེས་མི་ཆོད་པར་སེམས་ཁྲལ་བྱེད་པ། མུན་ནག་ལ་སྐྲག་ཅིང་རང་ཉིད་གཅིག་པུ་སྤྱོད་ཁང་ལ་འགྲོ་བར་སྐྲག ཁོ་ཚོ་འཚུབ་ཆ་ལངས་པའི་སྐབས་སུ་རྒྱུན་པར་སེན་མོ་ལ་སོ་འདེབས་པ་དང་། མཛུབ་གུ་འཇིབ་པ། ངག་ལྡབ་ལྡིབ་སྨྲ་བ། སྐད་དམའ་མོས་ཁེར་ལབ་རྒྱག་པ་སོགས་བྱེད། ཁོ་ཚོ་ནོར་འཁྲུལ་དང་ཉེན་ཁར་མི་དགའ། དུས་སྐབས་འདིའི་བྱིས་པས་ཉེ་འཁོར་གྱི་མི་དང་བྱ་དངོས་ལ་ཅུང་ནན་ཏན་བྱེད། ཁང་པའི་ནང་དང་ཅོག་ངོས་ཅུང་གྲ་དག་ལ། ཁོ་ཚོར་རྒྱུན་མཐུད་ནས་སྐུལ་མ་བྱེད་དགོས་པ་དང་། དགའ་སྐྱོའི་སེམས་ཚོར་ཅུང་དྲགས་པོ་ཡོད།

(བཞི)ལོ7ནི་རིག་ནུས་འཕེལ་རྒྱས་ཆེས་མགྱོགས་པའི་དུས་སྐབས་ཡིན།

དུས་སྐབས་འདིར་ཁོ་ཚོའི་རིག་ནུས་འཕེལ་རྒྱས་མགྱོགས་པ་དང་། མིང་དང་ཚིག་གི་གོ་དོན་ལ་སྤྲོ་བ་ཆེ་ཞིང་། ཡིག་ཆུང་འབྲི་བ་དང་བརྡ་རྟགས་སྣ་ཚོགས་ལ་དགའ། ཁོ་ཚོས་འཇིག་རྟེན་གྱི་གལ་ཆེའི་ངོ་བོ་འགའ་ཤས་ལྐོག་གྱུར་ཅན་ལ་བསྒྱུར་བ་ཡིན། དཔེར་ན། གྲངས་རིག་ལྟ་བུ། རྩིས་རྒྱག་པའི་ཐད་ནས། བྱིས་པ་མང་ཤོས་ཀྱིས10ནང་ཁུལ་གྱི་སྣོན་འཕྲི་བརྩི་ཤེས་པ་དང་། གལ་སྲིད་ཁ་བྱང་ཁྲོད་ཀྱི་གྲངས་ཀ་ཅུང་ཆེ་ན། གྲངས་ཀ་དབྱེ་ཕྲལ་བྱས་ནས་ཡང་བསྐྱར་སྣོན་འཕྲི་བྱེད་པ་རེད། གྲངས་གནས་གསུམ་ཚུན་ཆད་ཡིན་ན་བྱིས་པ་མང་ཤོས་ཀྱིས་གྲངས་ཀ་རེ་རེ་ཡི་དོན་སྤྱི་དང་ཆེ་ཆུང་། གནས་ཡུལ་སོགས་གསལ་བོར་ཤེས། གྲངས་གནས་གཅིག་དང་གྲངས་གནས་བཅུ། གྲངས་གནས་བརྒྱ་བཅས་ཀྱི་མི་མཐུན་ས་ཡང་གསལ་བོར་ཤེས། དཔེར་ན། 324ཁྲོད་ཀྱི་གྲངས་ཀ་རེ་རེ་ཡི་མཚོན་དོན་མི་མཐུན་པ་ལྟ་བུ། དབྱིབས་དང་ཆེ་ཆུང་། གྲངས་ཀ མཐོ་དམན། སྡུར་ཚད། གང་ཞིག་གང་ལས་མཐོ་བ། གང་ཞིག་གང་གི་རྗེས་ན་ཡོད་པ་སོགས་ཀྱི་འབྲེལ་ཡོད་དོན་སྤྱི་དང་དེ་དག་བར་གྱི་གཏན་ཚིགས་འབྲེལ་བ་ཕལ་ཆེར་ཁོང་དུ་ཆུད་ཡོད། དགེ་རྒན་དང་ལྷན་དུ་ངག་ཐོག་ནས་བསྐྱར་སྦྱོང་བྱེད་པ་དང་དགེ་རྒན་ལ་འབྲེལ་འདྲིས་བྱེད་པར་དགའ། འཚོལ་སྡུད་དང་རིགས་དགར་བྱེད་པར་ཡང་དགའ།

(ལྔ)བྱིས་པ་ལོ7ཅན་གྱི་ཀུན་སྤྱོད་ཀྱི་ལྟ་བ།

བྱིས་པ་ལོ7ཅན་ལ་ཀུན་སྤྱོད་ཀྱི་ཚད་གཞི་མངོན་གསལ་ཡོད། དཔེར་ན། “ངས་མི་གཞན་ལ་རྡུང་རེས་བྱེད་མི་ཉན”“མི་གཞན་ལ་སྡིག་སྨོད་བྱས་ན་བྱིས་པ་བཟང་པོ་མིན”“ང་ཚོའི་དགེ་རྒན་གྱིས་འདི་ལྟར་སྒྲུབ་ན་མི་ཆོག་ཟེར”སོགས་ལབ་པར་དགའ།ཁོ་ཚོས་རྫུན་མི་བཤད་པ་དང་མགོ་སྐོར་མི་གཏོང་བར་གཙིགས་ཆེན་བྱེད་པ་དང་། རང་གི་ནོར་འཁྲུལ་ལ“ངས་བསམ་བཞིན་སྒྲུབ་པ་མིན”ཞེས་ཟེར། འགྲིག་མིན་བརྡར་ཤ་གསལ་བོར་གཅོད་ཐུབ། བྱིས་པས་བྱ་དངོས་ཡོད་ཚད་ལ་བཟུང་བའི་དོན་སྤྱི་ཧ་ཅང་གསལ་བོ་ཡིན། དུས་སྐབས་འདིར་རང་གི་དངོས་པོར་བདག་འཛིན་བྱེད་ཐུབ། དཔེར་ན། ཡིག་ཆས་ལྟ་བུ། རང་གི་དཔེ་ཁུག་གི་ནང་ལ་ཡང་ལེགས་སྒྲིག་བྱེད་ཐུབ།

(དྲུག)བྱིས་པ་ལོ7ཅན་གྱི་ཕ་མས་མཉམ་འཇོག་དགོས་པ་གང་དག་ཡོད།

① བྱིས་པར་གྲོགས་པོ་སྒྲིག་པ་དང་བརྩི་བཀུར་བྱེད་པ། ཁོ་ཚོར་རྒྱུན་པར་བཀའ་རྒྱ་མི་སྒྲོག་པ་དང་། རང་དབང་ལ་ཚོད་འཛིན་མི་བྱེད་པ།

② བྱིས་པར་གདམ་གསེས་ཀྱི་རང་དབང་སྟེར་བ། དཔེར་ན། སྔོན་ལ་ལས་བྱ་འབྲིའམ་རྩེད་མོ་རྩེ་བ། བྱིས་པར་གདམ་གསེས་ཀྱི་རང་དབང་ཡོད་པ་ཚོར་དུ་འཇུག་དགོས།

③ བྱིས་པའི་ཡར་ཐོན་ལ་ངོས་ལེན་བྱེད་པ་དང་། ཁྱིམ་བདག་གིས་སྐུལ་མ་བྱས་ན་བྱིས་པའི་སློབ་སྦྱོང་གི་འདུན་པ་བསྐྱེད་ཐུབ་པར་མ་ཟད། སློབ་སྦྱོང་གི་སྤྲོ་བ་རོལ་མྱོང་བྱེད་ཐུབ།

④ བྱིས་པར་གནོད་འཚེ་གཏོང་མི་རུང་བ་དང་། ཕ་མ་དང་བྱིས་པའི་བར་ལ་ཁ་གཏད་ཀྱི་རྣམ་པ་ཆགས་སུ་འཇུག་མི་རུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།