ཀྲུང་གོ་བོད་ཀྱི་དྲ་བ།

གཟེངས་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་གསོའི་སྐོར་གླེང་བ།

ཡོང་ཁུངས། : ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ལས་དྲངས།   རྩོམ་པ་པོ། : གདུགས་དཀར་རྒྱལ།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པ།   སྤེལ་དུས། : 2022-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཚོགས་འཕེལ་རྒྱལ་སོང་བ་དང་བསྟུན་སློབ་གསོའི་ངོས་ཐད་ལ་ཚ་རླབས་གསར་བ་ཞིག་འཕྱུར་ཞིང་འགྲན་རྩོད་ཀྱི་ཛ་དྲག་ཆེ་རུ་གྱུར་ནས་སློབ་མའི་འགན་ཁུར་ཇེ་ལྕི་རུ་སོང་བ་མ་ཟད་ཁྱིམ་བདག་གིས་སློབ་མར་བཟུང་བ་རེ་བ་ཇེ་མཐོར་གྱུར། དེ་ལ་བརྟེན་ནས་སློབ་མ་གསོ་སྐྱོང་བྱེད་པར་སློབ་གསོའི་ཐབས་ཤེས་གཉིས་ཡོད་པ་ནི་གཟེངས་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་གསོ་ལས་མ་འདས། དེ་གཉིས་ལས་གང་ནི་སློབ་མ་གསོ་སྐྱོང་གི་གོ་རིམ་ཁྲོད་དུ་གཙོ་བོ་ཡིན་ཚུལ་ལ་སློབ་གསོ་བ་སུས་ཀྱང་ཁ་ཚོན་ཡང་དག་ཅིག་བཅད་མེད།  དེ་བས་རང་གི་ལྟ་བ་དང་ཉམས་མྱོང་ལ་བརྟེན་དགོས་ཤིང་སློབ་མའི་གནས་ཚུལ་དངོས་ལ་གཞིགས་ཏེ་སློབ་གསོ་གཏོང་ཐབས་གང་ཞིག་བཀོལ་རྒྱུ་ནི་སློབ་མ་སྐྱེད་བསྲིང་གི་ས་བོན་ལེགས་ཤོས་ཤིག་ཡིན།  

གཅིག   གཟེངས་བསྟོད་སློབ་གསོའི་སྐོར་གླེང་བ། 

སློབ་མར་སྤྱོད་ལམ་ཡག་པོ་ཞིག་ཆགས་དགོས་པའི་གོ་རིམ་ཁྲོད་དུ་དགེ་རྒན་གྱི་གཟེངས་བསྟོད་དང་སྐུལ་འདེད་ནི་མེད་དུ་མི་རུང།  “སྐུལ་འདེད་དང་གཟེངས་བསྟོད་ཀྱི་ཕན་ནུས་དེ་སྐྱོན་བརྗོད་དང་ཆད་གཅོད་ཀྱི་ཕན་ནུས་ལས་ཆེ།  དགེ་རྒན་གྱིས་སློབ་མར་གཟེངས་བསྟོད་བྱེད་པའི་གོ་རིམ་ཁྲོད་དུ་སློབ་མའི་བཟང་ཆ་འདོན་སྤེལ། རང་ལ་ཡིད་ཆེས་དྲག་པོ་ཡོད་དགོས་ཚུལ།  སྔར་ལས་ཕུལ་བྱུང་ཅན་དུ་འགྱུར་བ།  སྤྱོད་ལམ་ཡག་པོ་མིན་པ་དོར་དགོས”(1)ཞེས་པ་བཞིན་གཟེངས་བསྟོད་ལ་དགའ་བ་ནི་མིའི་རིགས་ཀྱི་གཤིས་སུ་གྲུབ་པའི་ངོ་བོ་ཞིག་ཡིན།     སློབ་མའང་དེ་བཞིན་ཡིན་པས་གཟེངས་བསྟོད་སློབ་གསོ་ལ་ལེགས་པའི་ཆ་ལྔ་ཡོད་པར་འདོད།    དེ་ལས་གཅིག་ནི་དགེ་རྒན་ལ་དགའ་བ་དང་གཉིས་ནི་རང་ལ་ཡིད་ཆེས་ཀྱི་ཚད་ཇེ་མཐོ།    གསུམ་ནི་སློབ་སྦྱོང་བྱེད་འདོད་པའི་སྒུལ་ཤུགས། བཞི་ནི་ཡིད་ཆད་ཀྱི་སྣང་བ་དོར་བ།     ལྔ་ནི་འཕེལ་རྒྱས་ཀྱི་ལམ་ལ་སྙེག་པ་བཅས་ཡིན།       

གཟེངས་བསྟོད་སློབ་གསོ་ནི་སློབ་མ་སྐྱོང་བར་ཕན་པའི་ཐབས་ཤེས་མཆོག་གྱུར་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ཡིན། སློབ་གསོ་གཏོང་ཐབས་འདི་བཀོལ་སྤྱོད་བྱེད་པར་སློབ་གྲྭ་ཆུང་འབྲིང་གི་སློབ་མ་སོ་སོར་གང་ལ་གང་འཚམ་བཀོལ་ན་ཆོས་ཉིད་དང་མཐུན་པ་བརྡར་ཤ་གཅོད་རྒྱུ་ཤིན་ཏུ་གལ་ཆེ།  

སློབ་མ་ཚང་མར་གཟེངས་བསྟོད་སློབ་གསོའི་ཐབས་ལམ་སྤྱད་ན་མི་ལེགས་པ་དང་མི་འཚམ་པའི་ཆ་རེ་འགའ་ཡོད་སྲིད།  དེ་ལས་གཅིག་ནི་ཚོགས་ར་ནས་བསྟོད་བསྔགས་བྱས་ན་རེ་འགའ་ཞིག་ལ་ང་རྒྱལ་སྐྱེ་བ་དང་ཁ་ཤས་ཤིག་ངོ་ཚ་སྐྱེ་བ། གཉིས་ནི་ཆོག་ཤེས་ཀྱིས་ཡིད་ཚིམ་ནས་མདུན་སྐྱོད་ཀྱི་གོམ་འཚམས་འཇོག་པ། གསུམ་ནི་ཁ་ཡག་ཚིག་སྙན་ཡིན་པར་འདོད་ནས་དང་ལེན་མི་བྱེད་པ། བཞི་ནི་གནས་སྐབས་ཙམ་ལས་ཡུན་རིང་དུ་སེམས་ལ་འཛིན་མི་ཐུབ་པ།   ལྔ་ནི་རང་གཤིས་གྱོང་བོ་ཅན་ལ་ཕན་ཐོགས་མེད་པ། དྲུག་ནི་རྩེ་གྲས་སློབ་མར་འཕེལ་རྒྱས་སུ་གཏོང་བར་ཕན་ནུས་འབུར་ཐོན་འབྱུང་མི་སྲིད།   

གཉིས།   སྐྱོན་བརྗོད་སློབ་གསོའི་སྐོར་གླེང་བ།   

སྐྱོན་བརྗོད་བྱེད་པ་ནི་སློབ་མ་སྐྱོང་ཐབས་ཀྱི་ཐབས་ལམ་ལེགས་ཤོས་ཡིན་པ་མ་ཟད་སློབ་གསོའི་མ་ལག་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན།   སློབ་མ་སུ་དང་གང་ཡིན་ཡང་ནོར་འཁྲུལ་བཟོ་སྲིད་ལ་དེའི་ཡང་ལྕི་ལྟར་སྐྱོན་བརྗོད་བྱས་ནས་ཐག་གཅོད་བྱེད་དགོས།  གལ་ཏེ་སྐྱོན་བརྗོད་མ་བྱས་ན་ཁོ་ཚོ་བདེ་འཇགས་དང་བདེ་ཐང་ངང་འཚར་ལོངས་བྱུང་མི་ཐུབ་ལ་བྱ་བ་ཁ་ཤས་ཤིག་ལེགས་འགྲུབ་འབྱུང་དཀའ།  དེ་བས་སྐྱོན་བརྗོད་སློབ་གསོ་ཡང་ལེགས་ཆ་མེད་པ་མིན་ཏེ།  དེ་ལས་གཅིག་ནི་སྐྱོན་བརྗོད་ལ་བརྟེན་ནས་རང་ཉིད་ཀྱི་སྐྱོན་ཆ་དེར་ངེས་ཟིན་གསལ་བོ་ཆགས་སུ་འཇུག་པ།  གཉིས་ནི་སྐྱོན་བརྗོད་ཀྱི་རྗེས་སུ་རང་སྐྱོན་རང་བརྗོད་བྱས་ནས་བཅོས་བསྒྱུར་བྱེད་པ།  གསུམ་ནི་སྐབས་དེའི་སྐྱོན་བརྗོད་དང་བསྟུན་ནས་མ་རབས་ཀྱི་བྱ་བར་ཞུགས་པ་ཚོད་འཛིན།  བཞི་ནི་ཡ་རབས་སྤྱོད་བཟང་ལ་སློབ་སྦྱོང་བྱེད་པ།  ལྔ་ནི་ཁ་མིག་ཡར་ལྟ་བྱེད་པའི་བཅས་ཡིན།     

 “སྐྱོན་བརྗོད་བྱས་ན་ནུས་པ་གཉིས་ཐོན་ཐུབ་པ་ནི་ཕྱི་ཚུལ་རྣམ་པ་བསྒྱུར་པ་དང་གཅིག  བསམ་ཚུལ་བསྒྱུར་ཐུབ་པ་དང་གཉིས”(2)ཞེས་པ་ལྟར།   སྐྱོན་བརྗོད་བྱེད་པ་མང་དྲག་ན་སློབ་མ་སུན་སྣང་སྐྱེ་བ་དང་སྐྱོན་མེད་ཀྱང་སྐྱོན་བརྗོད་བྱས་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཐུབ།    

སྐྱོན་བརྗོད་སློབ་གསོ་ནི་གཟེངས་བསྟོད་སློབ་གསོ་དང་མི་འདྲ་བར་སྐྱོན་བརྗོད་བྱེད་ཐབས་ལ་བརྟག་ཤིང་ཡིད་གཟབ་བྱེད་དགོས།    ད་ལྟ་ནི་གོང་རིམ་གྱི་ལམ་ལུགས་བཙན་ཞིང་སློབ་མ་ཡི་གནོན་ཤུགས་ལྕི་བ།    ཁྱིམ་བདག་གི་ཀླད་པ་གསལ་བའི་དུས་སྐབས་ཤིག་ཡིན་པས་སློབ་མ་སྐྱོན་བརྗོད་བྱེད་པར་མཉམ་འཇོག་བྱེད་རྒྱུ་ཤིན་ཏུ་གལ་ཆེ།  སྐྱོན་བརྗོད་བྱེད་པའི་ཐབས་ལམ་དང་སྐྱོན་བརྗོད་བྱེད་པའི་ཚད་ཐིག་ལ་གསལ་བོར་དཔྱད་དགོས།       དུས་རྒྱུན་སྐྱོན་བརྗོད་སློབ་གསོ་བཏང་ན་མི་ལེགས་པའི་ཆ་རེ་འགའ་འབྱུང་སྲིད།     གཅིག་ནི་རང་སྐྱོན་རང་བརྗོད་བྱེད་པ་ཚོད་འཛིན།  གཉིས་ནི་སྐྱོན་ཆ་མང་པོར་སྦྱར་ཏེ་སྐྱོན་བརྗོད་བྱས་ན་སྐྱོན་གྱི་དུག་ཕོག་མཁན་ཞིག་ཏུ་འགྱུར། གསུམ་ནི་སྐྱོན་བརྗོད་བྱས་པ་མང་དྲག་ན་སུམ་སྣང་སྟེར་བ་དང་དོ་སྣང་མི་བྱེད་པ། བཞི་ནི་དོན་མེད་དུ་སྐྱོན་བརྗོད་བྱས་ན་དགེ་སློབ་བར་ཐག་ཇེ་རིང་དུ་འགྱུར།  ལྔ་ནི་ཚོགས་ར་ནས་སྐྱོན་བརྗོད་བྱས་ན་རང་བརྩིའི་བསམ་པ་ཤི་འགྲོ།  དྲུག་ནི་སྐྱོན་བརྗོད་བྱེད་པ་ཚད་ལས་བརྒལ་ན་སེམས་ཁམས་ལ་གནོད་པ་ཐེབས་འགྲོ།

གསུམ།  གཟེངས་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་གསོ་གང་ལ་གང་འཚམ་བྱེད་པ།  

“འཇིག་རྟེན་སྟེང་དུ་ཡོངས་སུ་འདྲ་བའི་སྡོང་ལོ་རིགས་གཉིས་མེད”ཅེས་པའི་གནས་ལུགས་ལྟར་རང་གཤིས་ཡོངས་སུ་འདྲ་བའི་མི་གཉིས་ཡོད་མི་སྲིད།   ང་ཚོས་བྱིས་པ་ལ་སློབ་གསོ་གཏོང་སྐབས་ཁོང་ཚོ་དང་འཚམ་པར་བྱེད་རྒྱུ་ལས་ཐབས་ཤེས་གཅིག་འདྲ་བཀོལ་ན་འོས་འཚམ་མིན།  བྱིས་པ་རེ་རེ་ལ་རང་གཤིས་དང་ཁྱད་ཆོས་འདྲ་མིན་སྣ་ཚོགས་ཤིག་ཡོད་པས་གཟེངས་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་སློབ་གསོ་གང་ཡིན་ཡང་དེ་ཁ་གཏད་སའི་མི་ལ་བསྟུན་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ལས་སྤྱི་འགྲོས་ལྟར་བཀོལ་མི་རུང་།  དེ་ལ་ཁུང་ཙིས་སྣོད་བསྟུན་སློབ་ཁྲིད་ནི་སློབ་མ་སློབ་གསོ་གཏོང་སྟངས་ཡིན་ཞེས་གསུངས་པ་བཞིན་ཐོག་མར་སློབ་མའི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་སློབ་མ་རང་གི་གཤིས་ཀ་ལ་རྒྱུས་ལོན་བྱས་ཏེ་སློབ་གསོ་གཏོང་རྒྱུ་ཤིན་ཏུ་གཙོ།    

ལོ་ངོ་མང་པོའི་སློབ་ཁྲིད་དང་སློབ་མ་སྐྱོང་ཐབས་ཀྱི་ཉམས་མྱོང་ལྟར་ན།  གཤིས་ཀ་གྱོང་བོ་ཅན་དང་དྭ་ཕྲུག   བདག་མེད་བྱིས་པར་གཟེངས་བསྟོད་སློབ་གསོ་བྱས་ན་ཡར་ཐོན་གྱི་སྒྲུལ་ཤུགས་སུ་འགྲོ་ཐུབ།  ང་རྒྱལ་ཆེ་བ་དང་ཡིད་ཆེས་ཀྱིས་ཁེངས་པར་བྱིས་པར་སྐྱོན་བརྗོད་སློབ་གསོ་བྱས་ན་འོས་འཚམ་ཡིན།  ད་དུང་སློབ་མ་རེ་རེར་དབྱེ་ཞིབ་བྱས་དང་བརྟག་དཔྱད་བྱས་ཏེ་སློབ་གསོ་གཏོང་ཐབས་ཕྱོགས་ལ་ཕྱོགས་སྡོམས་བྱས་པ་ནི།   

གཟེངས་བསྟོད་སློབ་གསོ་འཚམ་པའི་སློབ་མའི་རིགས།

དྭ་ཕྲུག་དང་གཤིས་ཀ་གྱོང་པོ་ཅན།  བདག་མེད་བྱིས་པ།  ཕ་མ་དང་རྒྱང་ཐག་རིང་བ།  ལོ15མན་གྱི་བྱིས་པ།  རིགས་འདི་དག་ལ་གཟེངས་བསྟོད་སློབ་གསོ་བྱེད་པར་སྐད་ཆ་ཁོ་ན་མིན་པར་བྱ་སྤྱོད་ཀྱིས་བསྟོད་བསྔགས་བྱེད་པ།  བྱ་དགའ་བྱིན་ནས་སྤྲོ་རུ་འཇུག་པ།   ཁྱིམ་བདག་བརྒྱུད་ནས་བསྟོད་བསྔགས་བྱེད་པའི་ཐབས་ཤེས་སྣ་མང་སྤྱད་ན་སྐྱོན་གྱི་ཁུངས་དང་བྲལ་ཏེ་འཕེལ་རྒྱལ་ཀྱི་ལམ་ལ་སྙེག་པ།  

སྐྱོན་བརྗོད་སློབ་གསོ་འཚམ་པའི་སློབ་མའི་རིགས།    ང་རྒྱལ་ཆེ་བ།  མགོ་འཕང་མཐོ་བ།  ཡིད་ཆེས་ལྡན་པ།  ཀུན་སྤྱོད་ཞན་པ།  སྒྱིད་ལུག་ཆེ་བ།  གོང་གི་རིགས་འདི་དག་ལ་སྐྱོན་བརྗོད་བྱེད་སྐབས་མི་གཞིའི་རྩིས་ཐང་ལ་དམའ་འབེབས་མི་བྱེད་པ་དང་ཁེ་དབང་ལ་གནོད་པ་མི་བྱེད་པར་ལུགས་མཐུན་གྱི་སྒོ་ནས་སྐྱོན་བརྗོད་བྱེད་རྒྱུ་གལ།   

མཐོ་འབྲིང་ལོ་ངོ་གསུམ་གྱི་རིང་ལ་གཟེངས་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་གསོ་གང་ལ་གང་འཚམ་བྱེད་སྟངས།  དེ་མིན་སློབ་སྦྱོང་དང་སྒྲིག་ལམ།   གཙང་སྦྲའི་ཕྱོགས་ཕྱོགས་ནས་ཐབས་ཤེས་ག་འདྲ་སྤྱད་ན་ནུས་པ་ཐོན་ཐུབ་མིན་ཆ་ནས་དབྱེ་ཞིབ་བྱས་པ་གཤམ་ལྟར།   མཐོ་གཅིག་སྐབས་སུ་དགེ་སློབ་ཀྱི་རྒྱང་ཐག་རིང་བར་ཕྱེས་ཏེ་འདུག་དགོས་ལ་དམའ་འབྲིང་སྐབས་ཀྱི་སྲོལ་ངན་དག་བཅོས་བསྒྱུར་བྱེད་པ་དང་སློབ་སྦྱོང་ལ་ཤུགས་རྒྱག་པར་སྐྱོན་བརྗོད་སློབ་གསོ་བྱས་ཏེ་མཐོ་འབྲིང་གི་འཚོ་བ་གསར་བའི་གོམས་གཤིས་ཆགས་སུ་འཇུག་དགོས།   མཐོ་གཉིས་སྐབས་སུ་སྐུལ་འདེད་སློབ་གསོ་བརྒྱུད་ནས་རང་རྟོགས་ཀྱི་ནུས་པ་མཐོར་འདེགས་གཏོང་བ།   ཕ་མ་དང་དགེ་རྒན་གྱི་དྲིན་ཤེས་པའི་སློབ་མ་ཡ་རབས་ཤིག་ཡོང་བ།   མཐོ་གསུམ་སྐབས་སུ་གནོན་ཁུགས་ཀྱི་ཁུར་བོ་ཇེ་ལྕི་རུ་མི་གཏོང་བའི་ཆེད་གཟེངས་བསྟོད་སློབ་གསོའི་ཐབས་ལམ་བརྒྱུད་ནས་མཛུབ་སྟོན་བྱས་ཏེ་མདུན་སྐྱོད་ཀྱི་ལམ་ཁ་སྟོན་པ།    གཞན་འཛིན་གྲྭ་དང་སློབ་གྲྭའི་བཀོད་སྒྲིག་ལྟར་གཙང་སྒྲ་མི་བྱེད་མཁན།  རང་རྟོགས་ཀྱི་ནུས་པ་མེད་པ། ཆེ་བཀུར་ཆུང་བྱམས་མེད་པ།  སྤྱི་རྫས་ལ་གཅེས་སྤྲས་མི་བྱེད་པ།  དགེ་རྒན་གྱི་ཁ་ལེན་ཚིག་བརྩི་མི་བྱེད་མཁན་དག་ལ་སྐྱོན་བརྗོད་བྱེད་པ།  སློབ་ཁྲིད་ལ་དུས་ལྟར་ཉན་པ་མ་ཟད་དུས་ཚོད་དམ་འཛིན་བྱེད་པ།   འབད་བརྩོན་ལྷོད་མེད་བྱེད་པའི་སློབ་མར་གཟེངས་བསྟོད་སློབ་གསོ་བྱས་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་བ།  

བཞི། གཟེངས་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་གསོ་ཇི་ལྟར་བྱེད་དགོས་པའི་ཚུལ།  

1.གཟེངས་བསྟོད་སློབ་གསོའི་ནང་དོན་ལ་གཙིགས་ཆེན།  སྐྱོན་བརྗོད་སློབ་གསོའི་ཐབས་ཤེས་ལ་མཉམ་འཇོག

གཟེངས་བསྟོད་བྱེད་ས་ནི་སློབ་མའི་ཡ་རབས་ཀྱི་ཆ་དེ་ཡིན།   དེ་ལ་རྒྱུགས་སྐར་དང་ཀུན་སྤྱོད།   ནུས་པ་སོགས་ཀྱི་ཕྱོགས་ནས་བསྟོད་བསྔགས།   དེ་མིན་སྐྱོན་བཅོས་བསྒྱུར་བྱེད་མཁན་གྱི་སློབ་མར་དུས་ལྟར་གཟེངས་བསྟོད་བྱེད་རྒྱུ་གལ་ཆེ།  སློབ་མའི་ལེགས་ཆ་མི་མཐོང་བ་དང་གཞིར་འཛིན་ས་མེད་པར་བསྟོད་བསྔགས་བྱས་ན་སྐུལ་འདེད་ཀྱི་ནུས་པ་ཐོན་མི་ཐུབ་ལ་སློབ་མ་གཞན་ལ་མིག་དཔེ་ལྟ་ས་རུ་འགྱུར་མི་རུང་།  སློབ་མ་ལ་སྐྱོན་མེད་པར་སྐྱོན་བརྗོད་བྱས་ན་དགེ་སློབ་བར་ཐག་ཇེ་རིང་དུ་གྱུར་འགྲོ་ལ་སྐྱོན་ཡོད་ཀྱང་སྐྱོན་དེར་ཁ་གཏད་ནས་སྡུག་དམོད་བྱེད་རྒྱུ་ལས་འདས་ཟིནཔའི་སྐྱོན་དང་སྐབས་དེའི་སྐྱོན་ལ་སྒྲོ་འདོགས་བྱས་ཏེ་གླེང་ན་མི་འགྲིག  ལྷག་པར་དུ་སྐྱོན་བརྗོད་བྱེད་སྐབས་སྐད་ཆའི་བཤད་སྟངས་ལ་བཟབ་དགོས།  དམའ་འབེབས་དང་འཕྱ་སྨོད།  ཟུར་ཟ།  མཚང་མིང་སོགས་ཀྱིས་སྐྱོན་བརྗོད་མ་བྱས་ན་འགྲིག

2.སློབ་མ་རེ་རེར་གཟེངས་བསྟོད་སློབ་གསོ་བྱེད་པ།    བཅོས་བསྒྱུར་མི་བྱེད་མཁན་དག་ལ་སྐྱོན་བརྗོད་བྱེད་པ།

སློབ་སྦྱོང་ལ་ཞན་པ་དང་ཀུན་སྤྱོད་མི་ལེགས་པའི་སློབ་མས་དགེ་རྒན་གྱི་གཟེངས་བསྟོད་མཐོང་བ་ཉུང་བས་དེ་ལ་རེ་སྒུག་བྱེད་མཁན་ཧ་ཅང་མང་།  དེ་ཕྱིར།  སློབ་མ་སོ་སོའི་ལེགས་ཆ་རེ་མཐོང་ན་དེ་ལ་དམིགས་ནས་གཟེངས་བསྟོད་བྱེད་པ།  དེ་ལྟར་བྱས་ན་སློབ་མ་སོ་སོ་འཕེལ་རྒྱལ་འགྲོ་ཐུབ་ལ་སློབ་གསོའི་ལེགས་ཆ་བོར་མི་སྲིད།   གོ་བ་མེད་པའི་གླང་རྒན་ལ།  རྒྱལ་བོའི་བཀའ་ཡི་དབྱུག་པ་སྟེར་ཟེར་བ་བཞིན་སྐྱོན་ཆ་བཅོས་བསྒྱུར་མི་བྱེད་པ་དང་ཁ་ལེན་ཚིག་བརྩི་མི་བྱེད་པའི་སློབ་མར་སྐྱོན་བརྗོད་བྱེད་རྒྱུ་ལས་ཐབས་གཞན་མེད།   

3.  གཟེངས་བསྟོད་ཚད་ལས་མི་བརྒལ་བ།   སྐྱོན་བརྗོད་གནད་ལ་ཁེལ་བ།  

  སློབ་གསོ་གཏོང་བའི་གོ་རིམ་ཁྲོད་དུ་ལེགས་ཆ་སྤུ་ཙམ་ལ་བསྟོད་བསྔགས་རི་འདྲ་བ་ཞིག་བྱས་ན་ཁ་ཡག་ངོ་དགའ་ཡི་ཕྱོགས་ལ་འགྲོ་བར་བསམ་མཁན་ཡོད་པས་ནུས་པ་ཆེན་པོ་ཐོན་མི་ཐུབ།  མི་མང་ཚོགས་ས་ནས་བསྟོད་བསྔགས་བྱས་པ་མང་དྲག་ན་ངོ་ཚ་བའི་གནས་ཚུལ་ཡོད་ལ་གཞན་གྱིས་ཕྲག་དོག་བྱེད་མཁན་ཡང་ཡོད།    སློབ་མའི་སྐྱོན་ལ་དབྱེ་ཞིབ་དང་བརྟག་དཔྱད་ནན་མོ་བྱས་ཏེ་ཇི་ལྟར་སྐྱོན་བརྗོད་བྱེད་པའི་ཕྱོགས་ལ་བསམ་བློའི་གྲ་སྒྲིག་བྱེད་པ།  དགེ་རྒན་གྱིས་སྐྱོན་བརྗོད་བྱེད་པའི་དོན་དང་སློབ་མའི་རང་གི་སྐྱོན་ཆ་རྟོགས་ན་ད་གཟོད་སྐྱོན་བརྗོད་སློབ་གསོ་དེ་བཟང་ཆ་ལྡན་ལ་སྐྱོན་བཅོས་བསྒྱུར་བྱེད་པར་ཕན་ཐོགས་མི་དམན་པ་ཐོན་ཐུབ།  

“སློབ་གསོས་འགྲོ་བ་མིའི་ཐོབ་ཐང་དང་མི་གཞི་ལ་བརྩི་བཀུར་བྱ་དགོས། ལུས་ཆད་གཅོད་པ་དང་སྐད་ཆ་མ་རུང་བས་སློབ་མ་སྡུག་དམོད་བྱེད་པ་བཅས་ནི་སློབ་མའི་མི་གཞི་ལ་གནོད་པ།  མིའི་རྩིས་ཐང་ལ་གནོད་པའི་སྤྱོད་ལམ་ཡིན་པ་མ་ཟད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རེ་འདུན་དང་འགལ་བ་ལྟག་སྤྲོད་དུ་གྱུར་བས་ནན་གྱིས་འགོག་དགོས་སོ”(3)ཞེས་པ་དང“ཤེས་ལྡན་མི་སྣ་སྐྱེ་བསྲིང་བྱེད་པར་བཅོས་བསྒྱུར་བྱེད་དགོས་པ།  སྣོན་བསྟུན་སློབ་ཁྲིད་བྱེད་པ།   སློབ་མའི་ཁྱད་ཆོས་གཙིགས་ཆེན་དུ་འཛིན་པ། སློབ་མ་རེ་རེར་འོས་འཚམ་གྱི་སློབ་གསོ་མཁོ་སྤྲོད་བྱེད་པ།  སློབ་མ་ཁྱད་པར་ཡོད་པ་ནི་ཁོར་ཡུག་དང་རང་བྱུང་གི་ཁྱད་ཆོས་ཡིན་པ། དེ་ལ་སྣོན་བསྟུན་སློབ་ཁྲིད་བྱེད་པ་ནི་སློབ་མ་མི་འདྲ་བའི་རང་གཤིས་ལ་གཞིགས་ནས་ཇུས་འགོད་བྱེད་པ།  སློབ་མ་རེ་རེ་འཕེལ་རྒྱས་འགྲོ་བའི་རྒྱུ་ཡིན་པ་ཤེས་དགོས”(4)ཞེས་པ་བཞིན་སློབ་མ་སྐྱོང་མཁན་གྱི་དགེ་རྒན་ཚོའི་ཆེས་དཀའ་ཁག་ཆེ་ས་ནི་ཐབས་ལམ་གང་ཞིག་སྤྱད་དེ་སློབ་མ་ཡ་རབས་ཤིག་སྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།  ད་ལྟའི་དུས་ནི་གོང་རིམ་གྱི་སྒྲིག་ཁྲིམས་བཙན་པ་དང་སློབ་མའི་གཤིས་ཀ་འགྱུར་བའི་སྐབས་ཤིག་ལ་ཐོན་ཡོད།    སྐབས་འདིར་སློབ་གསོའི་ཐབས་ག་འདྲ་ཞིག་བཀོལ་ཏེ་སློབ་མ་སྐྱེད་བསྲིང་བྱེད་རྒྱུ་ནི་གལ་དང་གནད་ལ་ཐུག་ཡོད།  གཟེངས་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་གསོ་གང་ཡང་མ་བྱས་པར་ལེགས་ལམ་དུ་སོང་བའི་སློབ་མ་ཉུང་ཉུང་ཡིན།  སློབ་མ་སྐྱོང་མཁན་གྱི་དགེ་རྒན་སུ་དང་གང་ཡིན་ཡང་དུས་ཀྱི་འགྱུར་ལྡོག་ལ་བསྟུན་ཞིང་སྐབས་ཀྱི་སློབ་མར་དམིགས་ཏེ་གཤེ་གཤེ་གཏོང་དགོས་ལ་བཟང་བསྟོད་ཀྱང་བྱེད་དགོས། 

དཔྱད་གཞིའི་ལུང་ཁུངས།

(1) 朱永新著作《我的教育理想》P11  2014年漓江出版社

(2) 王晓春著作《做一个专业的班主任》P58 2008华东师范大学出版社

(3)ཀྲུའུ་མིང་ཡོན་གྱིས་བརྩམས་ཤིང་སྐལ་བཟང་དོན་གྲུབ་དང་སྒྲོལ་དཀར་ཚེ་རིང་གཉིས་ཀྱིས་བསྒྱུར་བའི《སློབ་གྲྭའི་སློབ་གསོའི་མན་ངག》P48  2020ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་གིས་དཔར།

(4)王英杰著作《顾明远教育思想研究》P126   2018教育科学出版

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།