བྱིས་པར་ཕན་ནུས་ལྡན་པའི་དཔེ་ཀློག་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས།

ཆ་འཕྲིན་སྣ་ཚོགས་ཀྱི་ཡོ་ལང་རྒོད་པའི་དུས་རབས་འདིར་མགྱོགས་མྱུར་ཅན་དང་ཁ་འཐོར་ཅན་གྱི་དཔེ་ཀློག་གིས་མི་རྣམས་ཀྱི་འཚོ་བ་དང་བསམ་གཞིགས་གཏོང་སྟངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། དེར་བརྟེན། བྱིས་པ་འཚར་ལོངས་འབྱུང་བ་དང་ལྟ་ཀློག་གི་གོམས་གཤིས་བཟང་པོ་ཇི་ལྟར་སྐྱེད་སྲིང་བྱེད་པར་བསྐྱར་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། འདིར་བྱིས་པའི་ལྟ་ཀློག་གི་བརྗོད་བྱ་དང་། ཆེད་མཁས་པའི་ལྟ་ཚུལ། ཁྱིམ་ཚང་གི་ཉམས་མྱོང་སོགས་རགས་བསྡུས་སུ་བྲིས་ཡོད་ལ། དེའི་ཁྲོད་ཕ་མས་སྣེ་ཁྲིད་དང་འགྲོ་རོགས་འདུག་རོགས་བྱས་པ་དེས་བྱིས་པའི་ལྟ་ཀློག་གོམས་གཤིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཤེས་ཐུབ།

1.བྱིས་པའི་སྤྲོ་སྣང་ལ་སྐུལ་སློང་བྱས་ནས་ཀློག་འདོན་གྱི་རྣམ་པ་གསར་པ་བསྐྲུན་དགོས།

བྱིས་པའི་ལྟ་ཀློག་གི་སྤྲོ་སྣང་ལ་སྐུལ་སློང་དང་གསོ་སྐྱོང་བྱ་རྒྱུ་ནི་གནད་འགག་ཡིན་ཏེ། བྱིས་པ་ལོ་ན་ཆུང་བའི་དབང་གིས་སེམས་ཤུགས་དང་སྤྲོ་སྣང་སོགས་གཅིག་བསྡུས་བྱེད་དཀའ་བའི་སྐབས་སུ། ཕ་མས་གོ་སླ་བའི་གཏམ་རྒྱུད་ཀྱི་དཔེ་ཆའམ་ཡང་ན་རི་མོའི་དེབ་གང་རུང་བདམས་ནས་བྱིས་པ་དང་མཉམ་དུ་བཀླགས་ནས་བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་དགོས།

ཀློག་འདོན་བྱེད་པའི་མགྱོགས་ཚད་ལ་དོ་སྣང་བྱས་ཏེ་བྱིས་པའི་སློབ་སྦྱོང་གི་ཐང་ཆད་པའི་སྣང་བ་ཇེ་ཡང་དུ་གཏོང་དགོས་ལ། དར་མས་དཀའ་ཁག་ཅུང་ཆེ་བའི་ལས་ཀ་སྒྲུབ་སྐབས། རྟག་ཏུ་སྒྱིད་ལུག་དང་སུན་སྣང་གིས་གཙེས་ནས་ལས་དོན་དེ་ནར་འགྱངས་བྱེད་པ་ལྟར། བྱིས་པ་ཡང་དེ་བཞིན་ཡིན་ལ། ཁོ་ཚོ་ཐང་ཆད་པའི་སྐབས་སུ་ལྷོད་གཡེང་ངམ་ངལ་གསོ་འོས་འཚམ་བྱས་ནས་ཀློག་འདོན་ནི་སྡུག་བསྔལ་གྱི་བྱ་བ་འབའ་ཞིག་ལ་འགྱུར་དུ་འཇུག་མི་རུང་། ཕ་མས་གཏམ་རྒྱུད་བཤད་པ་བརྒྱུད་ནས་བྱིས་པའི་ཀླད་པར་འགུལ་སྐྱོད་བྱེད་དུ་འཇུག་པ་དེ་ནི་ཐབས་ཤེས་ནུས་ལྡན་ཞིག་རེད། བྱིས་པ་ཅུང་ཙམ་ནར་སོན་རྗེས། ཡི་གེ་ཉུང་བའི་དཔེ་དེབ་བདམས་ནས་ཁྱིམ་བདག་གིས་གཏམ་རྒྱུད་བཤད་ཞོར་དུ་སྐད་གསེང་མཐོན་པོས་ཀློག་འདོན་དང་བྱིས་པར་ལད་ཟློས་ཀྱི་ཚུལ་གྱིས་ཀློག་ཏུ་བཅུག་ཆོག

ན་གཞོན་ཕ་མ་གང་མང་ཞིག་གིས“བྱིས་པ་དང་མཉམ་དུ་ཉིན་ལྟར་ཆུ་ཚོད་ཕྱེད་ཀ་ཙམ་གྱི་དུས་ཚོད་སྤྱད་ནས་ཀློག་འདོན་བྱས་ན་ལོ་ཁ་ཤས་སོང་རྗེས་གཏམ་རྒྱུད་བཤད་ཤེས་ལ་ཡི་གེ་ཡང་ཀློག་ཐུབ”ཅེས་བཤད་ཀྱིན་ཡོད། བྱིས་པ་སློབ་ཆུང་དུ་སོང་རྗེས། རིམ་བཞིན་ཕ་མས་རང་ཐག་རང་གཅོད་ཀྱིས་གདམ་གསེས་བྱེད་པར་ཁྲིད་སྟོན་བྱེད་ཆེད། བྱིས་པ་རྒྱུན་དུ་དཔེ་མཛོད་ཁང་དུ་ཁྲིད་དེ་རང་མོས་ཀྱིས་སློབ་སྦྱོང་བྱེད་པར་དགའ་བའི་དཔེ་ཆ་འདེམས་སུ་འཇུག་དགོས། དེབ་གཅིག་བླངས་ནས་ཅུང་ཙམ་ལ་བལྟས་རྗེས། དེ་གཡུག་ནས་ཡང་བསྐྱར་དེབ་གཞན་ཞིག་ཀློག་ཀྱང་སྐྱོན་མེད་དེ། བྱིས་པར་བློ་རྒྱ་ཆེར་བསྐྱེད་ཀྱིས་ཚོད་ལྟ་བྱེད་དུ་བཅུག་སྟེ་རང་གི་དགའ་ཕྱོགས་ངོ་མ་རྙེད་དུ་འཇུག་དགོས།

བྱིས་པས་རང་རྐྱ་འཕེར་བའི་དཔེ་ཀློག་བྱེད་སྐབས་ཕ་མས་སྒྲུབ་དགོས་པ་ནི་གམ་དུ་ཁ་རོག་གེར་འདུག་རོགས་བྱེད་པའམ་ཡང་ན་དཔེ་ཆར་བལྟ་བའམ་ལས་ཀ་བྱེད་པ་ལས། ཟུར་དུ་བརྙན་འཕྲིན་ལ་བལྟ་བ་དང་ཁ་པར་གཏོང་བ་སོགས་མི་བྱེད་པར་ལྷིང་འཇགས་ཀྱི་དཔེ་ཀློག་ཁོར་ཡུག་ཅིག་བསྐྲུན་དགོས། ཕ་བུས་མཉམ་ཀློག་ནས་མགོ་བརྩམས་ཏེ་རིམ་བཞིན་བར་བརྒལ་བྱས་ཏེ་བྱིས་པར་རང་རྟོགས་སྒོས་བརྩམས་ཆོས་ཀློག་ཏུ་འཇུག་དགོས། སྦྱོང་བརྡར་འདི་ལྟ་བུས་ཤེས་བྱའི་སྒྲོམ་གཞི་དང་འཆར་ཡན་ནུས་པ་འཐུས་ཚང་དུ་གཏོང་ཐུབ་པར་མ་ཟད། བྱིས་པའི་གསར་གཏོད་ནུས་པ་དང་། བརྩེ་དུང་མཉམ་མྱོང་གི་ནུས་པ་སོགས་གསོ་སྐྱོང་བྱེད་ཐུབ་པས་ཁྱིམ་བདག་ལ་སྦྱོང་བརྡར་གྱི་འདུ་ཤེས་འདི་ངེས་པར་ཡོད་དགོས། ཕ་བུའི་མཉམ་ཀློག་གི་གོམས་གཤིས་དང་རྒྱུ་སྤུས་ཀྱང་བྱིས་པའི་མ་འོངས་པའི་ནུས་པ་གསོ་སྐྱོང་དང་བསམ་གཞིགས་བྱ་ཐབས་ཤིག་ཏུ་བསྒྱུར་ན། སློབ་སྦྱོང་དང་འཚོ་བའི་ལག་ལེན་ལ་ཤུགས་རྐྱེན་མངོན་གསལ་ཐེབས་ངེས།

2.བྱིས་པའི་བསམ་གཞིགས་ཀྱི་ནུས་པ་ཇེ་བརྟན་དུ་གཏོང་ཆེད་དུས་ཚོད་དམ་འཛིན་དང་བཀོད་སྒྲིག་བྱེད་དགོས།

ཆ་འཕྲིན་ཅན་གྱི་དུས་རབས་འདིར་བྱིས་པའི་བསམ་གཞིགས་དང་བསམ་བློར་འགལ་རྐྱེན་ཧ་ཅང་མང་པོ་ཡོད་པས། བྱིས་པའི་བསམ་གཞིགས་ཀྱི་བརྟན་འཇགས་རང་བཞིན་དང་བློ་རྩེ་གཅིག་སྒྲིམ་གྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་གལ་ཆེ་སྟེ། དཔེ་ཀློག་ནི་བྱིས་པའི་བློ་ཁ་དང་བསམ་གཞིགས་ཀྱི་བརྟན་འཇགས་དང་།སློབ་སྦྱོང་གི་གོམས་གཤིས་ལེགས་པོ་སྐྱེད་སྲིང་བྱེད་པའི་ཐབས་ལམ་བཟང་ཤོས་ཡིན། མིས་བཟོས་རིག་ནུས་ཀྱི་དུས་རབས་སུ་མི་རྣམས་ཀྱི་དོ་སྣང་བྱེད་ས་གཅིག་བསྡུས་བྱེད་དཀའ་བས། བྱིས་པ་ཚོར་མཚོན་ན་ཡང་ལས་སླ་པོ་ཞིག་གཏན་ནས་མིན། ཁོ་ཚོས་སློབ་གྲྭའི་ཉིན་གཅིག་གི་བསླབ་ཚན་རྫོགས་ནས་ཡུལ་ལ་ལོག་རྗེས་ད་དུང་མུ་མཐུད་དུ་ལས་བྱ་འབྲི་བ་དང་ཀློག་འདོན་སོགས་བྱེད་དགོས་པས། བློ་རྩེ་གཅིག་སྒྲིམ་གྱིས་ཉིན་གཅིག་གི་བྱ་བའི་ལས་ཆོད་ཆེ་རུ་གཏོང་བར་རོགས་རམ་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེ། བྱིས་པའི་ཀླད་པ་ནི་ཁྱད་མཚར་པོ་ཞིག་ཡིན། དེའི་ཡིད་འཛིན་ནི་མི་དར་མ་ལས་བཟང་ཡང་དེ་དང་བསྟུན་ནས་དུས་ཚོད་ཐུང་ངུའི་ནང་བརྗེད་འགྲོ ཕ་མས་འདྲི་ཚིག་སྟབས་བདེ་ལ་ལན་འདེབས་སུ་འཇུག་པའམ་ཡང་ན་བྱིས་པར་བསྐྱར་ཟློས་ཀྱིས་གཏམ་རྒྱུད་བཤད་དུ་བཅུག་ནས་སྦྱོང་བརྡར་བྱེད་དགོས།

“ཀྲོ་མ་ཀྲུའི་ཆུ་ཚོད”ནི་དུས་ཚོད་ཀྱི་དོ་དམ་བྱེད་ཐབས་ཡག་པོ་ཞིག་རེད། སློབ་སྦྱོང་གི་ལས་འགན་ཆེན་པོ་ཞིག་སྐར་མ་ཉི་ཤུ་རེ་བྱས་ནས་ལས་འགན་ཆུང་ཆུང་དུ་བགོ་བ་དང་། བར་སྐབས་སུ་སྐར་མ་ལྔ་ནས་བཅུའི་བར་ངལ་གསོ་བྱེད་དགོས། དུས་ཚོད་དོ་དམ་བྱེད་ཐབས་འདིས་བྱིས་པའི་ངལ་དུབ་སེལ་ཞིང་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱ་ཐུབ་པས། བྱིས་པའི་ལྟ་ཀློག་དང་སློབ་སྦྱོང་ལ་ཤིན་ཏུ་ཕན།

བྱིས་པས་དཔེ་ཆ་ཀློག་པའི་བརྒྱུད་རིམ་ཁྲོད་རྒྱུན་མ་ཆད་པར་དཔེ་ཀློག་ཟིན་ཐོ་འབྲི་བ་སྦྱོང་བརྡར་བྱས་ཆོག དེ་ལྟར་བྱས་ན་ཡིག་འབྲུ་ཁྲི་འགའ་ཡོད་པའི་དཔེ་ཆ་ཡིན་ཡང་། ཟིན་བྲིས་ཀྱིས་ནང་དོན་གཙོ་བོ་གསལ་བཀྲོལ་བྱེད་ཐུབ་པར་མ་ཟད། བསམ་གཞིགས་ལ་སྦྱོང་བརྡར་ཧ་ཅང་ཡག་པོ་ཞིག་བྱེད་ཐུབ། བྱིས་པ་མི་འདྲ་བར་བསམ་གཞིགས་དང་བསམ་ཤེས་བྱེད་སྟངས་མི་འདྲ་བ་ཡོད་པ་སྨོས་ཅི་དགོས། དཔེར་ན། བྱིས་པ་ལ་ལ་ནི་མཐོང་ཚོར་ཅན་དང་ལ་ལ་ནི་ཐོས་ཚོར་ཅན་ཡིན་པར་བརྟེན། ལ་ལས་ཀློག་འདོན་ལ་ཉན་ནས་དྲན་ཤེས་གསོ་བར་བྱེད་པ་དང་། ལ་ལས་དཔེ་ཆར་བལྟས་ནས་དྲན་ཤེས་གསོ་བར་བྱེད་པ་ལྟ་བུའོ། །

ཞིབ་འཇུག་ལས་ཤེས་གསལ་ལྟར། ཕ་མས་དཔེ་ཀློག་ཅི་ཙམ་བྱས་ན། བྱིས་པའི་མ་འོངས་པའི་བསམ་གཞིགས་གཏོང་སྟངས་དང་བློ་རིག་གི་འཕེལ་རྒྱས་ལ་དེ་ཙམ་གྱིས་རོགས་རམ་བྱེད་ཐུབ། ཕ་མས་རང་གི་བྱིས་པས་ཤེས་བྱ་བྱེ་བྲག་ལ་བསམ་གཞིགས་དང་། སློབ་སྦྱོང་བྱེད་སྟངས་གི་རྣམ་འགྱུར་ལ་ལྟ་ཞིབ་དང་རྒྱུས་ལོན་གཏིང་ཟབ་བྱས་རྗེས། བྱིས་པར་འཚམ་པའི་ལྟ་ཀློག་བྱེད་ཐབས་སྤྱད་དེ་གོམས་གཤིས་ལེགས་པོ་ཆགས་སུ་བཅུག་ན། ད་གཟོད་དེར་མཐུན་གྱི་གྲུབ་འབྲས་འབུར་དུ་ཐོན་པ་ཡོང་ཐུབ་བོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།