ཀྲུང་གོ་བོད་ཀྱི་དྲ་བ།

སློབ་མར་ཁ་གྲགས་པའི་གོ་སྐབས་ཤིག་སྟེར་རོགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བླ་མ་བཀྲ་ཤིས།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་འགའི་སྔོན་ལ་དྲ་རྩོམ་ཞིག་ཀློག་སྐབས་གཏམ་རྒྱུད་འདི་འདྲ་ཞིག་མཐོང་བྱུང་སྟེ། འཇར་པན་གྱི་སློབ་ཆུང་སྐད་ཡིག་སློབ་ཐུན་ཞིག་གི་སྐབས་སུ། དགེ་རྒན་གྱིས་སློབ་མ་ཡོངས་ལ། ངའི་ལག་ཏུ་རྩི་ཤིང་བྲིས་པའི་ཤོག་བྱང་འགའ་ཡོད། ཚང་མས་ཞིབ་ཏུ་བལྟས་རྗེས་རང་ཉིད་ཀྱི་བསམ་ཚུལ་ཤོད་ཅེས་སྨྲས། སྐབས་དེར་བུ་མོ་ཆུང་ཆུང་ཞིག་གིས་མགྱོགས་མྱུར་ངང་ལག་པ་ཡར་བཏེགས་པ་དང་། དགེ་རྒན་གྱིས་མོ་ལ་ལན་འདེབས་སུ་བཅུག འོན་ཀྱང་བུ་མོ་དེ་ཡར་ལངས་པའི་མོད་ལ་སྐད་ཆ་ཚིག་གཅིག་ཀྱང་མ་ཤོད། སྐར་མ་གཅིག་འདས་སོང་། སྐར་མ་གཉིས་འདས་སོང་། སྐར་མ་གསུམ་འདས་སོང་། བུ་མོ་དེས་སྔར་བཞིན་ཁ་མ་གྲགས་པར་བསྡད། དགེ་རྒན་གྱིས་ཀྱང་ང་ཚོས་བསམ་པ་ནང་བཞིན་མོ་ལ་ལན་འདེབས་དགོས་མིན་གྱི་སྐུལ་མས་མ་བཙིར་ལ། སློབ་གྲོགས་གཞན་གྱིས་མོ་ལ་དྲིས་ལན་འདེབས་རོགས་བྱེད་ཐུབ་བམ་ཞེས་ཀྱང་མ་དྲིས་པར། སྐར་མ་ཁ་ཤས་རིང་དེ་ལྟར་སྐད་ཆ་གང་ཡང་མ་བཤད་པར་ཧ་ཅང་ལྷིང་འཇགས་ངང་ཇི་མི་སྙམ་པར་ལངས་ནས་བསྡད། དེ་བཞིན་སློབ་གྲོགས་ཚོས་ཀྱང་ཅི་ཡང་མི་བཤད་པར་ཁ་རོག་གེར་བསྒུགས་ནས་བསྡད་པ་ལ། འདི་ལྟ་བུའི་གནས་ཚུལ་ལ་སྔ་མོ་ནས་གོམས་ཡོད་པ་ལྟར་སྣང་།

སྐབས་དེར། རྒྱལ་ཁབ་གཞན་ནས་སློབ་སྦྱོང་ལ་ཕེབས་པའི་དགེ་རྒན་དང་སློབ་གསོའི་ལས་ཀ་བྱེད་མཁན་རྣམས་ནི་ཕན་ཚུན་གྱི་གདོང་ལ་བལྟས་ཏེ་ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་བ་ཡིན་ནམ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་གནས། ལྷིང་འཇགས་ཀྱི་རྣམ་པ་དེ་ནི་སེམས་ལ་འཚུབ་ཆ་སློང་བ་ཞིག་རེད། གང་ལྟར་ཧ་ལམ་སྐར་མ་ལྔ་ཙམ་འདས་རྗེས། དགེ་རྒན་གྱིས་གཞི་ནས་འཛུམ་དམུལ་བཞིན་བུ་མོ་ཆུང་ཆུང་དེར་བལྟས་ཤིང་། སྐད་ངག་འཇམ་པོའི་ངང་དུ་འདི་སྐད་བཤད་པ་སྟེ། ཁྱོད་ཀྱིས་མ་གཞི་རྩི་ཤིང་འདི་དག་ལ་མིང་ཞིག་འདོགས་བསམ་པ་ཨེ་ཡིན་ཞེས་དྲིས། གློ་བུར་དུ་བུ་མོ་ཆུང་ཆུང་དེས་ཀྱང་ཁ་གྲགས་སོང་། མོས་ངུ་ཞོར་དུ་སུས་ཀྱང་ཐོས་མི་ཐུབ་པའི་སྐད་ཆ་ཞིག་བཤད་མགོ་བརྩམས་ལ། མོས་དེ་ལྟར་བཤད་པའི་སྐབས་སུ་དགེ་རྒན་དང་སློབ་མ་ཚང་མས་ཁ་རོག་གེར་ཉན་ཏེ་འདུག་པ་ལས་དངངས་འཚབ་སྐྱེས་པའི་རྣམ་པ་ཅི་ཡང་མི་མཐོང་། མོས་བཤད་ཚར་རྗེས་དགེ་རྒན་གྱིས་འཛུམ་དམུལ་དམུལ་ངང་མོ་རང་ཙོག་ཏུ་བཅུག་པ་དང་ད་གཟོད་སློབ་ཁྲིད་ཀྱི་རྒྱུན་བསྐྱངས།

བུ་མོ་ཆུང་ཆུང་དེ་སར་བསྡད་པའི་དུས་དེ་ཉིད་ནས། སློབ་ཁྲིད་ལ་ཉན་མཁན་ཀུན་གྱིས་མ་བགྲོས་གཅིག་མཐུན་ངང་བྱུང་མ་ཐག་པའི་དོན་དག་འདི་ཅི་ཡིན་པ་དང་། འདི་འདྲའི་སློབ་ཁྲིད་གལ་ཆེན་ཞིག་ཏུ་དོན་དག་འདིའི་རིགས་བྱུང་ན། སློབ་ཁྲིད་ཀྱི་འཆར་གཞི་འགྲུབ་ཐུབ་མིན་སོགས་ལ་བསམ་བློ་གཏོང་མགོ་བརྩམས། སློབ་ཐུན་གྲོལ་རྗེས། སློབ་ཁྲིད་དེ་ལ་ཉན་དུ་ཕེབས་པའི་ཀྲུང་གོའི་དགེ་རྒན་རྣམས་དགེ་རྒན་དེའི་གམ་དུ་བཅར་ཏེ། ཁོ་ཚོའི་སེམས་ཀྱི་ཐེ་ཚོམ་དེ་དག་འདྲི་སྐབས། དགེ་རྒན་དེས་ལན་དུ། བྱིས་པ་འདི་ནི་མ་གཞི་སློབ་མ་ཕུལ་དུ་བྱུང་བ་ཞིག་ཡིན་ཡང་། སྐྱོན་ཆ་ཞིག་ཡོད་པ་ནི་མི་མང་ཚོགས་ས་ནས་རྒྱུན་ལྡན་ལྟར་བརྡ་སྤྲོད་མི་ཐུབ་པ་དེ་ཡིན། དེའི་ཁར་དེ་རིང་ལྟ་བུ་ཡིན་ན། སློབ་ཁྲིད་ལ་ཉན་མཁན་མང་པོ་ཡོད་ལ། གནས་ཚུལ་འདི་འདྲའི་འོག་ཏུ་མོ་རང་ལྷག་པར་འཚབ་སྟེ་སྐད་ཆ་ཚིག་གཅིག་ཀྱང་མི་འཁྱོངས། དེ་ལྟར་རིམ་གྱིས་རིམ་གྱིས་སློབ་ཁྲིད་ཀྱི་སྐབས་སུ་མོས་ལག་པ་གཏན་ནས་ཡར་མི་འགྱོགས་ལ། སྐྱོན་ཆ་དེ་ང་དང་སློབ་གྲོགས་ཚང་མས་ཀྱང་ཤེས་ཡོད། ཡིན་ནའང་། དེ་རིང་གི་སློབ་ཁྲིད་སྐབས་སུ་ངས་དྲི་བ་དང་པོ་དྲིས་མ་ཐག་མོས་ཆེས་ཐོག་མར་ལག་པ་ཡར་བཀྱགས་བྱུང་། ངས་ཀྱང་མོ་ལ་ལན་འདེབས་པའི་གོ་སྐབས་བྱིན་ན་སློབ་ཁྲིད་ཀྱི་འཆར་གཞི་ལ་གཏོར་བརླག་ཐེབས་ངེས་པ་ཚོད་དཔག་ཐུབ་པས་དང་ཐོག་ཐེ་ཚོམ་ཞིག་སྐྱེས་བྱུང་མོད། དེ་མ་ཐག་ངའི་བསམ་པར། སློབ་ཐུན་འདི་ནི་ང་ལ་མཚོན་ན་ཧ་ཅང་གལ་ཆེ་ཡང་། མོའི་མི་ཚེའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་དེ་བས་ཀྱང་གལ་ཆེ་སྟེ། གཅིག་བྱས་ན་འདི་ནི་མོ་རང་གིས་མི་མང་ཚོགས་སར་བརྡ་ཡང་དག་པར་སྤྲོད་ཐུབ་པའི་ནུས་པ་སླར་གསོ་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན་པར་ངེས་པས། མོ་རང་ལ་ལན་འདེབས་སུ་འཇུག་དགོས་པ་དང་། མོ་རང་འགུལ་ངང་སར་བསྡད་དེ་ལན་མ་བཏབ་ན་མ་གཏོགས་སྐད་ཆ་བཤད་རག་བར་དུ་སྒུག་དགོས་སྙམ་སོང་ལ། སློབ་མ་རྣམས་ཀྱིས་ཀྱང་ངའི་ཤུགས་རྐྱེན་གྱི་དབང་གིས་ལྷིང་འཇགས་ངང་སྒུག་ནས་བསྡད་སོང་། ཞེས་བཤད།

དགེ་རྒན་དེའི་སྐད་ཆ་དེ་དག་གིས་དེར་ཡོད་ཀྱི་སློབ་ཁྲིད་ལ་ཉན་དུ་ཕེབས་པ་ཚང་མ་ཧ་ལས་སུ་བཅུག་བྱུང་སྟེ། དགེ་རྒན་དེ་ནི་ལོ་ན་ཉི་ཤུ་ལྷག་ལས་སོན་མེད་པའི་ན་གཞོན་དགེ་རྒན་གསར་པ་ཞིག་ཡིན་ཡང་། སློབ་མ་གཅིག་ལ་ཁ་གྲགས་པའི་གོ་སྐབས་ཤིག་སྟེར་བའི་ཆེད་དུ། རང་ཉིད་ཀྱི་འཇོན་ཐང་ངོམ་རྒྱུ་དང་བྱིས་པའི་འཚར་ལོངས་ལ་འགན་ཁུར་བ་གཉིས་ཀྱི་ནང་ནས་ཕྱི་མ་དེ་བདམས་སོང་བས་རེད།

གཏམ་རྒྱུད་འདིར་བལྟས་རྗེས། ཁོ་བོས་རང་ཉིད་དང་རང་ཉིད་ཉེ་འཁོར་གྱི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཡིད་ལ་དབང་མེད་དུ་ཤར་བྱུང་སྟེ། དེ་ནི་སློབ་ཐུན་སྐབས་སུ་དགེ་རྒན་གྱིས་དྲི་བ་གཅིག་བཏོན་པར་སློབ་མས་ལན་མ་ཐོབས་པའམ་ལན་མ་བཏབ་པ་གང་གི་དུས་སུའང་སློབ་མར་སྐུལ་སློང་དང་ངང་སྒུག་བྱེད་མི་ཐུབ་པར། དེ་མུར་དགེ་རྒན་རང་ཉིད་ཀྱིས་དྲིས་ལན་བཤད་འགྲོ་བ་དེའོ། ། དེ་འདྲའི་གོམས་སྲོལ་གྱི་དབང་གིས། ང་ཚོའི་སློབ་མ་རྣམས་ཀྱང་ལོ་ན་ཆེ་རུ་སོན་པ་དང་ལོ་རིམ་མཐོ་རུ་འཕར་བ་དང་ལྷན་དུ་སློབ་ཁྲིད་སྐབས་དྲིས་ལན་འདེབས་མཁན་ཇེ་ཉུང་ནས་ཇེ་ཉུང་དང་། སྐད་མགོ་ཇེ་དམའ་ནས་ཇེ་དམའ། སློབ་ཁྲིད་སྐབས་དགེ་སློབ་ཟུང་འབྲེལ་གྱི་སྦྱོར་བ་ཇེ་དཀོན་ནས་ཇེ་དཀོན་དུ་གྱུར་ཏེ། མཐར་སློབ་ཁྲིད་མང་ཆེ་ཤོས་ཤིག་དགེ་རྒན་གྱིས་གོང་ནས་བཤད་པ་དང་སློབ་མས་འོག་ནས་ཉན་པ་ཙམ་གྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད་པ་དང་། དེ་བཞིན་དགེ་རྒན་གཙོ་བོ་དང་སློབ་མ་ཕལ་བར་བཞག་པའི་སློབ་ཁྲིད་དེའི་རིགས་ཀྱི་སྦྱངས་འབྲས་ཀྱང་འཕེལ་མེད་སོར་གནས་སམ་ཐ་ན་ཇེ་ཞན་དུ་འགྲོ་བའི་སྣང་ཚུལ་ཡོད་པ་ཀུན་གྱིས་ཕལ་ཆེར་ཤེས་གསལ་རེད། དེས་ན། གཏམ་རྒྱུད་འདི་ནི་རང་སྟེང་གི་མུན་པ་སེལ་བྱེད་ཀྱི་སྒྲོན་མེ་ཞིག་ཏུ་ངོས་བཟུང་སྟེ། ཕྱོགས་སྣ་ཚོགས་ནས་བསམ་བློ་ཞིབ་ཏུ་བཏང་ན། འདི་ལས་བློ་སྐྱེད་དང་འཆར་སྒོ་གང་མང་འབྱུང་ཐུབ་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།