ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོའི་སྐོར་གྱི་གཏམ་གླེང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་བཀྲ་ཤིས།   སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

———གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་པོའི་སློབ་གཙོ་འབྲོང་བུ་རྡོ་རྗེ་རིན་ཆེན་ལ་བཅར་འདྲི་བྱས་པ།

微信图片_20191017103854.jpg

 འབྲོང་བུ་རྡོ་རྗེ་རིན་ཆེན།1967ལོར་མཚོ་སྔོན་གཅན་ཚ་རྫོང་དུ་སྐྱེས།ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པའི་ཁོངས་མི་ཡིན།ཞིང་ཆེན་རིམ་པའི་དུས་དེབ་སོགས་སུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཡོད།་སྙན་ངག《བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་བསྔགས་ཚིག》ལ་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པ་དང《སྦྲང་ཆར》རྩོམ་སྒྲིག་པུའི་རྩོམ་ཡིག་དཔྱད་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། བརྩམས་སྒྲུང《གཞིས་བྱེས་ལྷན་འཛོམས》ལ《སྦྲང་ཆར》རྩོམ་སྒྲིག་པུས་བསྡུས་པའི“མི་རིགས་མཐུན་སྒྲིལ་དང་ཡར་ཐོན” གྱི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》ཏུ་བཀོད་ཡོད་པ་དང་། བརྩམས་སྒྲུང《ལམ་འགྲམ་གྱི་ཉིན་ཐོ》ཨ་རི་ནས་དབྱིན་ཡིག་ཏུ་བསྒྱུར་ནས་སྤེལ་ཡོད། གཞན་ཡང་བརྩམས་དེབ་ལ་ལོ་རྒྱུས་སྒྲུང་རིང《གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག》དང《རྩོམ་ལ་འཇུག་པའི་སྒོ》སོགས་ཡོད་ཅིང་། དཔྱད་རྩོམ་ལ་《མི་གཤིས་ཀྱི་བཅིངས་འགྲོལ》དང《འཇིག་རྟེན་ཆོས་བརྒྱད་ལས་འདས་པའི་ཆོས》《སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་ལ་དཔྱད་པ》སོགས་སྤེལ་ཡོད། ད་ལྟ། རྨ་ལྷོ་གཅན་ཚ་རྫོང་དུ་སློབ་གསོའི་ལས་ཀ་གཉེར་བཞིན་ཡོད་དོ།།


དྲི་བ། ཐོག་མར་ཁྱེད་ཀྱིས་ཆུང་དུས་སློབ་གསོ་མྱོང་སྐབས་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཙམ་ངོ་སྤྲོད་གནང་རོགས།

དྲིས་ལན། 1976ལོའི་ལོ་མཇུག་ཏུ་རང་རྒྱལ་སྤྱི་ཚོགས་ཀྱི“རིག་གསར”མཇུག་རྫོགས་ཤིང་། ཤེས་ཡོན་ཅན་དང་རྒྱ་ཆེ་བའི་མང་ཚོགས་ཀྱིས་ལོ་རབས་བརྒྱད་ཅུ་པའི་བསམ་བློའི་བཅིངས་འགྲོལ་ལས་འགུལ་ལ་བརྟེན་ནས་མི་ཚེའི་མདུན་ལམ་འཚོལ་མགོ་བརྩམས་པ་དང་རང་རྟོགས་དང་རང་འདོད་ཀྱིས“དུས་སྐབས་གསར་པ”ཡི་དེང་རབས་ཅན་གྱི་ལམ་དུ་ཞུགས། ལོ་རབས་བརྒྱད་ཅུ་པའི་བསམ་བློའི་བཅིངས་འགྲོལ་ནི་ཕྱོགས་ངོས་གསུམ་དུ་མངོན་པར་ཤར་བ་ཞིག་སྟེ། གཅིག་ནི་བསམ་བློའི་མཛུབ་སྟོན་གྱི་ཐད་དང་། ཅིག་ཤོས་ནི་ཆབ་སྲིད་ཀྱི་ཐད་དང་། གཞན་ཞིག་ནི་རྩོམ་རིག་སྒྱུ་རྩལ་གྱི་ཐད་ཡིན་ལ། རྩོམ་རིག་གཞུང་ལུགས་འགར་ལོ་རབས་བརྒྱད་ཅུ་པའི་སྐབས་རིམ་འདི་ལ་བློ་འབྱེད་དུས་རབས་ཟེར་ཞིང་། དུས་རབས་འདིའི་སྤྱི་ཚོགས་འཕེལ་རྒྱས་ནི་སྐབས་དེའི་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ་སོགས་དང་འབྲེལ་བ་དམ་པོ་ཡོད་ལ། ཁྱད་པར་དུ། 1985ལོའི་ཟླ5པའི་ནང་དུ《ཀྲུང་གུང་ཀྲུང་དབྱང་གི་སློབ་གསོའི་ལམ་ལུགས་བཅོས་སྒྱུར་སྐོར་གྱི་ཆོད་དོན》ཞེས་པ་དངོས་སུ་སྤེལ་བ་ནས་བཟུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་ཚན་དུ་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་སོགས་བདམས་ཏེ་སློབ་གསོ་དང་རྩོམ་རིག་གི་འབྲེལ་བར་གསལ་ཁ་བཏོད་པར་བརྟེན། རང་རྒྱལ་གྱི་སློབ་གསོ་སྤྱིའི་རྣམ་པ་ཡང་དེ་སྔའི“གོ་རིམ་སླར་གསོའི་དུས་སྐབས”ནས“ཚོད་ལྟའི་བཅོས་སྒྱུར་གྱི་དུས་སྐབས(试点改革时期)”སུ་བར་བརྒལ་བྱུང་སྟེ་འཚོལ་སྙེག་དང་ལག་ལེན་གྱི་གོ་རིམ་དངོས་སུ་ཞུགས་པ་རེད། ཕྲན་གྱིས་ནི་ལོ་རྒྱུས་ཀྱི་མཁའ་དབུགས་དེ་འདྲ་ཞིག་གི་འོག་ཏུ་སློབ་གསོའི་སྐལ་བ་མྱངས་ཏེ་མི་ཚེའི་འགྲུད་བཞུད་ཀྱི་མགོ་བརྩམས་པ་ཡིན།

དྲི་བ། ཁྱེད་རང་གིས་འགན་ཁུར་ཡོད་པའི་གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་པོའི་གནས་ཚུལ་ག་འདྲ་ཡིན།

དྲིས་ལན། གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་པོ་ནི་རྫོང་གི་སློབ་གསོའི་བཀོད་པ་ལེགས་སྒྲིག་བྱས་པའི་རྗེས་ཀྱི་རྫོང་མཁར་གྱི་བཅའ་སྡོད་ལུགས་ཀྱི་སློབ་ཆུང་ཐོག་མ་ཡིན། སློབ་གྲྭ་འདིས2013ལོའི་ཟླ3པའི་ནང་དངོས་སུ་སློབ་མགོ་བརྩམས་ཤིང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ13108ཡོད་ཅིང་། ད་སྔ་འཛིན་གྲྭ་ཉེར་ལྔ་དང་དགེ་སློབ་སྟོང་ཕྲག་ལྷག་མཆིས་ལ། འདི་གའི་དགེ་རྒན་རྣམས་ནི་གཞི་རིམ་གྱི་དགེ་རྒན་དཔུང་སྡེའི་ཁྲོད་ནས་རྒྱུགས་བླངས་ཏེ་བསྡུས་པ་ཡིན་པས་ཆུ་ཚད་དང་སྤྱོད་ལམ་ཉིས་ཆ་ནས་ལེགས་གྲས་སུ་བགྲང་ཆོག་པ་ཡིན། སློབ་གྲྭ་འདིས་ད་སྔ་མི་ལོ་དྲུག་ལྷག་གི་རིང་ལ་སློབ་འབྲིང་ཁག་ཏུ་སློབ་མ་སྟོང་གཉིས་ལ་ཉེ་བ་ཙམ་བསྐྱལ།

དྲི་བ། ཁྱེད་ཀྱིས་བལྟས་ན་བཅའ་སྡོད་ལུགས་ཀྱི་སློབ་གྲྭར་དགེ་མཚན་དང་སྐྱོན་ཆ་ཅི་མཆིས།

དྲིས་ལན། བཅའ་སྡོད་ལུགས་ཀྱི་སློབ་གསོར་དགེ་མཚན་མང་ལ་སྐྱོན་ཆ་ཡང་མཆིས།

དགེ་མཚན། གཅིག ཁྱིམ་གྱི་ཆ་རྐྱེན་བཟང་མིན་དང་སྐྱེ་ཁུངས་དང་རིགས་རུས་སོགས་གང་ལ་ཡང་མ་ལྟོས་པར་རྫོང་མཁར་གྱི་བྱིས་པ་རྣམས་དང་ཚད་གཞི་གཅིག་གི་སྟེང་ནས་སློབ་གསོའི་སྐལ་བ་མཉམ་པོ་མྱོང་ཐུབ་པར་མ་ཟད། སློབ་གྲྭའི་དོ་དམ་དང་སྒྲིག་ལམ། བསླབ་བྱ་དང་རེ་བ་སོགས་གང་གི་ཐད་ནས་ཀྱང་སྒྲིག་རིམ་ཚང་ཞིང་མ་ལག་ལྡན་པ། ཚད་ལྡན་ཅན་གྱི་ལམ་དུ་ཕྱོགས་ཡོད་པ། གཉིས། སློབ་མར་ཐུན་མོང་རིང་ལུགས་ཀྱི་འདུ་ཤེས་ཆགས་ཏེ། འགྲོ་འདུག་ཉལ་འཆག་ལ་སོགས་པའི་སྤྱོད་ལམ་ལེགས་སྒྱུར་ཡོང་བ་དང་། སློབ་གྲོགས་བར་ལ་མཐུན་སྒྲིལ་ཆགས་པ། འདྲ་མཉམ་དང་རོགས་རེས་ཡོང་བ། ལུགས་མཐུན་གྱི་འགྲན་རྩོད་ཆགས་ཐུབ་པ། འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། ཁོར་ཡུག་ལ་སྲུང་སྐྱོབ་དང་འཕྲོད་སྟེན་ལ་དོ་སྣང་བྱེད་པའི་འདུ་ཤེས་ཆགས་པ་ལྟ་བུ། གསུམ། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་འགྲོ་གྲོན་ལ་ཆུད་ཟོས་ཇེ་ཉུང་དུ་ཕྱིན་པ་དང་སློབ་མའི་འཚོ་བའི་འགྲོ་གྲོན་ཚད་གཞི་མཐོར་འདེགས་བྱུང་བ། དགེ་རྒན་ལ་དོན་མེད་ཀྱི་ཁུར་པོ་ཡང་ཇེ་ཡང་དུ་སོང་བ་ལྟ་བུ།

སྐྱོན་ཆ། གཅིག མི་རིགས་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་འདུག་སྟངས་ཀྱི་སློབ་གསོ་མྱོང་བའི་གོ་སྐབས་ཇེ་ཕྲར་སོང་ནས་བྱིས་པའི་རྒྱུད་ལ་མི་རིགས་ཀྱི་འདུ་ཤེས་ཆགས་དཀའ་བར་གྱུར་པ། གཉིས།བྱིས་པར་ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་མྱོང་བའི་སྐལ་བ་ཇེ་ཕྲར་གྱུར་པ། གསུམ། བྱིས་པར་གཉེན་ཉེ་དང་དྲིན་ཆེན་ལ་དྲིན་གཟོ་བྱེད་པའི་ཡ་རབས་སྤྱོད་བཟང་གི་བསམ་པ་དང་འདུ་ཤེས་སྐྱེ་དཀའ་བ་ལ་སོགས་སོ། །

དྲི་བ། ཁྱེད་ནི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། རྩོམ་རིག་གིས་རིག་གནས་གཞན་གྱི་མདུན་དུ་ས་རྒྱ་ཆོད་དགོས་ན་ཅི་ལྟ་བུའི་ལམ་བརྒྱུད་དགོས་སམ།

དྲིས་ལན། བོད་བཙན་པོའི་དུས་སུ་སྒྲུང་ལྡེའུ་དང་མགུར་གླུ་ཆེས་ཆེར་དར་བ་དང་། དུས་སྐབས་སོ་སོར་མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་མང་དུ་བྱུང་བ་དེ་དག་གིས་ཆོས་སྲིད་ལུགས་གཉིས་ཀྱི་བརྗོད་བྱ་གང་རུང་གི་སྒྱུ་རྩལ་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་བརྩམས་ཡོད་པ་དང་། མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་པ་ནི་གཙོ་བོར་བགྲང་གིན་ཡོད་ལ། རྗེ་ཙོང་ཁ་པས་ཀྱང་སྙན་ངག་ནི་ས་སྟེང་གི་རིན་པོ་ཆེ་རྣམ་གསུམ་གྱི་ཡ་གྱལ་དུ་བརྩིས་པས་རྩོམ་རིག་གི་སྤྱི་ཚོགས་གོ་གནས་དང་ནུས་པ་ཤིན་ཏུ་མཐོ། ཀྲུང་གོའི་དེང་རབས་རྩོམ་རིག་གི་དབུ་བརྙེས་པ་ནས“རིག་གསར”གྱི་སྔོན་བར་དུ་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། འཁྲབ་གཞུང་སོགས་ཀྱི་རྣམ་པ་སྔར་ལས་གཞི་རྒྱ་ཇེ་ཆེར་གྱུར་པ་དང་། “རིག་གསར”མཇུག་རྫོགས་པ་ནས་བཟུང་སླར་ཡང་རྩོམ་རིག་གི་བསྟན་པ་བླ་ལྷག་ཏུ་དར་ལ། ཁྱད་པར་དུ་ལོ་རབས་བརྒྱད་ཅུ་པའི་ནང་དུ་རྩོམ་རིག་གི་བློ་འབྱེད་ཐེངས་གཉིས་པ་བྱུང་བ་དེས། དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་ཡང་སྐུལ་འདེད་ཀྱི་ནུས་པ་རྒྱ་ཆེན་པོ་ཞིག་ཐོབ། ཡིན་ན་ཡང་། མིག་སྔའི་ཚོང་རའི་དཔལ་འབྱོར་ལམ་ལུགས་སམ་རིག་གནས་བཟོ་ལས་ཀྱི་ཤུགས་རྐྱེན་གྱིས་ད་ལྟའི་རྩོམ་རིག་གི་གོ་གནས་དང་སྤྱི་ཚོགས་ནུས་པ་ཉམས་དམས་སུ་བཏང་ནས་མི་རྣམས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་དགོས་མཁོ་སྐོང་དཀའ་བའི་གནས་བབ་ཏུ་ལྷུང་འདུག་པ་ནི་དོན་དངོས་ཀྱིས་བདེན་དཔང་བྱས་འདུག་པ་རེད།

འོ་ན། རྩོམ་རིག་གིས་རིག་གནས་གཞན་གྱི་མདུན་དུ་ས་རྒྱ་ཆོད་དགོས་ན་ཅི་ལྟ་བུའི་ལམ་བུ་བརྒྱུད་དགོས་སམ།

གནད་དོན་འདི་ལ་བདག་གིས་འདི་ལྟར་སེམས་བཞིན་ཡོད། གཅིག་ནི་ང་ཚོའི་རྩོམ་པ་པོ་རྣམས་ཀྱིས་གནད་དོན་དེ་སྣང་མེད་དུ་བཏང་ནས་མུ་མཐུད་ནས་རང་གི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་སྔར་ལམ་འདེད་པ་དང་། གཉིས་ནི་ཚོང་རའི་འཕེལ་རྒྱས་ཀྱི་དང་ལེན་ལ་གདོང་བསུ་བྱེད་དགོས་པ་སྟེ། དེ་ཡང་ཚོང་རའི་དང་ལེན་ལ་གདོང་བསུ་བྱེད་པའི་ཐབས་ཤེས་ནི་མི་རབས་གཅིག་གི་ཀློག་མཁན་གསོ་སྐྱོང་དང་བསྒྱུར་བཅོས་ལེགས་པོ་བྱེད་རྒྱུ་དེ་རེད། ཡིན་ཏེ། རྒྱའི་སྙན་ངག་པ་ཏུའུ་ཧྥུ་ཡིས་རྩོམ་རིག་ནི་བསྐལ་བ་སྟོང་གི་ལས་དོན་ཞིག་ཡིན་པའི་བཤད་ཚུལ་ལྟར། མིག་སྔར། ང་ཚོས་རང་རྒྱལ་གྱི་དཔལ་འབྱོར་དང་རིག་གནས། རྩོམ་རིག་སོགས་ཀྱི་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ལ་འཇིགས་སྣང་མི་འཛིན་པར། སྔར་བཞིན་རླབས་ཆེ་བའི་བརྩམས་ཆོས(པེ་ལེན་ཟི་ཅིའི་སྐད་ཆ)འབོར་ཆེན་གསར་རྩོམ་དང་དེ་དག་ལ་དཔྱད་འཇོག་དང་རྒྱུན་འཛིན། དར་སྤེལ་སོགས་གཏོང་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད། རླབས་ཆེ་བའི་བརྩམས་ཆོས་ཤིག་ཡིན་ན་དེ་ལ་ཕུན་སུམ་ཚོགས་པའི་གོ་རིམ་ཞིག་ཡོད་པ་དང་། གོ་རིམ་དེ་རེ་རེར་རང་ཉིད་ཀྱི་རྒྱུན་ཆད་མི་སྲིད་པའི་ཀློག་མཁན་ཡོད་ངེས་ཡིན། དཔེར་ན། རང་རེའི་ས་སྟེང་ན་འགྲན་ཟླ་དབེན་པའི་མཁས་པའི་དབང་པོ་སྔ་མ་དག་གི་སྙན་ངག་ཇི་སྙེད་པ་དང་། ཡང་ན་ཕྱི་གླིང་གི་ལེ་ཧྥུ•ཐོར་ཟི་ཐེ་དང་ཧྲ་ཧྲི་པེ་ཡ་སོགས་རྩོམ་པ་པོ་གྲགས་ཅན་གྱི་བརྩམས་ཆོས་འབོར་ཆེན་དང་། རྒྱ་ནག་གི་ལུའུ་ཞུན་ལྟ་བུའི་བརྩམས་ཆོས་ལ་དུས་ད་ལྟའི་བར་དུ་ཀློག་མཁན་གྱི་རྒྱུན་ཆད་མ་མྱོང་ལ། རྩོམ་རིག་གི་སྤྱི་ཚོགས་ནུས་པ་ནམ་ཡང་ཉམས་དམས་སུ་གྱུར་མ་མྱོང་བ་ནི་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་ཀྱི་དེབ་ཐེར་དུ་གསལ་བ་དེ་ལྟར་རེད། དེ་བས། ང་ཚོས་ཐབས་ཤེས་དེ་གཉིས་འགལ་བའི་ཕུང་བོ་ཞིག་ཏུ་ལྟ་མི་རིགས་པར་གཅིག་རམ་གཅིག་འདེགས་ཀྱིས་མིག་སྔའི་སྤྱི་ཚོགས་གནས་བབ་དང་ཟུང་འབྲེལ་བྱས་ཏེ་སྙིང་སྟོབས་ཆེན་པོས་དུས་ད་ལྟའི་ཀློག་པ་པོའི་ཆེད་དུ་རྩོམ་རིག་དར་སྤེལ་བཏང་སྟེ་རྩོམ་རིག་གི་འགན་འཁྲི་ལྷུར་བླངས་ན་རིག་གནས་གཞན་དང་རིག་ཚན་དང་འདྲ་མཉམ་ཡོང་བའམ་ཡང་ན་རྩོམ་རིག་རང་ངོས་ཀྱི་མདུན་ལམ་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་གཏོང་ཐུབ་པ་ཡིན་ནོ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།