ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཐིས་དགོན་དགའ་ལྡན་དམ་ཆོས་གླིང་དུ་བསྐྱོད་པའི་རེག་ཟིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྣམ་ཐར་ཚེ་རིང་།   སྤེལ་དུས། : 2021-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2020ལོའི་ཟླ9པའི་ཚེས13ཉིན་ཏེ་སྟོན་ཟླ་མཐའ་མར་ངེད་ནུབ་བྱང་མི་རིགས་སློབ་ཆེན་གྱི2019ལོའི་བོད་རིག་པའི་ཞིབ་འཇུག་འཛིན་གྲྭའི་སློབ་གྲོགས་ཡོངས་ཆར་བ་ཟམ་ཟིམ་གྱི་རྟེན་འབྲེལ་དང་ལྷན་ཅིག་རྨ་ནུབ་ཁྱམས་རིང་དུ་བསྐྱོད་པའི་ཡུལ་སྐོར་གྱི་ལམ་དུ་ཆས་པ་ཡིན།ཐོག་མར་ཏུན་ཧོང་གི་མའོ་ཀའོ་ཕུག་པ་ནས་བྱེ་ཐང་གི་ཟླ་གམ་མཚེའུ་དང་། དེ་ནས་ཀྲང་ཡེ་གྲོང་ཁྱེར་གྱི་མི་ཉག་བྱམས་ཆེན་ལྷ་ཁང་སོགས་ལ་མཇལ་བ་ཡིན་ཞིང་། ཚེས18ཉིན་གྱི་སྔ་དྲོར་ཀྲང་ཡེ་གྲོང་ཁྱེར་ནས་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་དེ་སྤྱི་ལེ60ལྷག་ལ་བསྐྱོད་པས་མཱ་ཐིས་དགོན་དགའ་ལྡན་དམ་ཆོས་གླིང་དུ་འབྱོར།

གཅིག མཱ་ཐིས་ཞེས་པའི་མཚན་གྱི་ཐོགས་སྟངས།

མཱ་ཐིས་ཞེས་པའི་མཚན་དེ་དགོན་པའི་མིང་ཙམ་དུ་མ་ཟད་ཞང་ཧྲིལ་པོའི་མིང་དུ་ཡང་ཐོགས་ཡོད། དེའི་མཚན་གྱི་ཐོགས་སྟངས་སྐོར་ལ་རྒྱ་བོད་གཉིས་ལ་རང་རང་ལུགས་ཀྱི་བཤད་སྟངས་སྣ་ཚོགས་ཤིག་ཡོད་པས་དེ་ལུགས་ཅུང་ཟད་བཤད་ན།སྤྱི་མཐུན་གྱི་བཤད་སྲོལ་ལ་སྒྲོལ་མ་རང་བྱོན་གྱི་ཕུག་པ་ཡོད་སའི་གནས་བརྟན་བཅུ་དྲུག་ལྷ་ཁང་གི་ས་ངོས་རྡོ་ཐོག་ཏུ་རྟའི་རྨིག་རྗེས་རང་བྱོན་ཞིག་ཡོད་པ་དེ་གཞིར་བཟུང་ནས། རྒྱའི་ངག་རྒྱུན་ལ་དེ་ནི་ལྷ་རྟ་མི་ཡུལ་དུ་བྱོན་པའི་རྨིག་རྗེས(天马所践的沙石足印)ཡིན་པར་བཤད་པ་དང་། བཤད་ཚུལ་གཞན་ལ་ལིའང་སྔོན་མ་སྐབས་ཀྱི་རྒྱལ་པོ་ཀྲང་ཐེན་ཞི(张天锡)ཡུལ་དེའི་ལིན་སུང་ཅུན(临松郡)དུ་བཞུགས་སྐབས། ཁོང་གི་བཞོན་རྟའི་རྨིག་རྗེས་ཡིན་ཚུལ་སོགས་ཀྱིས(马蹄)ཞེས་རྒྱ་སྐད་ཀྱི་རྟ་རྨིག་གི་སྒྲ་གདངས་ཐོན་པའི་སྒོ་ནས་འགྲེལ་བ་བྱེད་ཀྱིན་ཡོད།

བོད་ཀྱི་དབང་དུ་བྱས་ན་རྟའི་རྨིག་རྗེས་རང་བྱོན་དེ་གེ་སར་གྱི་རྟའི་རྨིག་རྗེས་ཡིན་པར་བཤད་པ་དང་། དམངས་ཁྲོད་ཀྱི་ངག་རྒྱུན་ལ་ཧོར་དམག་ཆམ་ལ་ཕབ་པ་ན། གླིང་རྗེ་གེ་སར་དང་སེང་ལྕམ་འབྲུག་མོ་གཉིས་རྟ་མཆོག་རྐྱང་རྒོད་གཡེར་བར་བཅིབས་ཏེ་ཕྱིར་གླིང་ལ་ཕེབས་པའི་དུས་སུ། རྟ་མཆོག་བང་གིས་རྒྱུག་བཞིན་པའི་སྐབས་གླིང་རྗེ་གེ་སར་གྱིས་གློ་བུར་རྟ་ཁ་བསྒགས་པས། རྟ་མཆོག་གྱེན་དུ་ལངས་ཏེ་ལག་སུག་གིས་ས་ངོས་རྡོ་ཐོག་དེ་ལ་དྲག་ཏུ་བརྡབས་པས་རྟའི་རྨིག་རྗེས་གསལ་གྱི་ལེར་བཏོད་པ་ཡིན་ཞེས་ངོས་འཛིན་བཞིན་ཡོད། ཡང་ངག་རྒྱུན་གཞན་ཞིག་ལ་འགྲོ་མགོན་འཕགས་པ་ཡབ་སྲས་ལང་ཇུ་སྡེ་བཞིར་ཕེབས་ཏེ་རྒྱལ་པོ་གོ་དན་དང་མཇལ་འཛོམས་ལ་སྒུག་སྐབས། ས་པཎ་མཆོག་ས་དེ་གའི་སངས་རྒྱས་སྟོང་སྐུའི་སྒྲུབ་ཕུག་ཏུ་ཕེབས་པ་ན། རྡོ་ཕ་བོང་ཞིག་གི་འཁྲིས་སུ་གྲུབ་ཆེན་བགྲེས་སོང་ཞིག་གིས་ཕྱག་ཏུ་གསེར་ཕྱེ་སྡེར་གང་བཏེགས་ཏེ། གདན་ས་དེ་ག་རྒྱ་བསྐྱེད་དེ་བཞེང་རྒྱུ་དང་། དེ་ལ་མཚན་སྩོལ་གནང་རྒྱུ་སོགས་ཞུས། དེ་ནས་རྩིག་རྨང་བཤིག་པ་ན་གཡང་ཊིའི་ཐམ་ག་ཞིག་རྙེད། དེའི་སྟེང་ངོས་སུ་གསལ་བྱེད་མ་ཡིག་རང་བྱོན་ཞིག་ཡོད་པས་མ་དང་། ཐམ་ག་ནི་ཐེལ་ཙེ་སྟེ་ཚིག་སྡུད་ཀྱིས་མ་ཐེལ་ཞེས་སྔ་མ་དག་དང་མི་མཚུངས་པའི་བོད་ཀྱི་སྐད་བརྡ་དང་མཐུན་པའི་སྒོ་ནས་འགྲེལ་བཤད་བྱེད་ཚུལ་ཞིག་ཀྱང་བྱུང་ཡོད།

སྔོན་གྱི་རྒྱ་བོད་ཡིག་ཚང་ཁག་ཏུའང་མཱ་ཐིས་ཞེས་པའི་མིང་གསལ་པོར་བྱུང་ཡོད་དེ། སྤྱི་ལོ1565ལོར་རིན་ཧི(任和)ཡིས་བརྩམས་པའི《མཱ་ཐིས་དགོན་པ་བསྐྱར་བཞེངས་ཟིན་ཐོ》(重修马蹄寺记)རུ“ཀན་ཀྲོའུ་མཁར་དང་སྤྱི་ལེ་བརྒྱའི་གནས་ན། མདོ་ལ་རི་བོ་ཡོད། གངས་ཀྱི་རི་བོར་ཡང་བསྙད། རི་སྐེད་དུ་དགོན་པ་བཏབ་ཡོད། མིང་ལ་རྟ་རྨིག(马蹄)ཟེར”ཞེས་དང་། གོང་མ་ཆན་ལུང་ཁྲི་ལོ་ཞེ་བཞི་པའི(1779)སྐབས་གཙོ་སྒྲིག་བྱས་པའི་ཀན་ཀྲོའུ་ས་གནས(甘州府志)ལོ་རྒྱུས་སུ།“བྲག་ངོས་སུ་ལྷ་རྟའི་རྨིག་རྗེས་ཡོད། ལུང་པའི་ནང་གི་རྡོ་ཐོག་ཏུ་རྟའི་རྗེས་ཤུལ་ཡོད། མིང་ལ་རྟ་རྨིག(马蹄)དགོན་པར་གྲགས།”ཞེས་གསལ། དེ་ནི་མཱ་ཐིས་ཞེས་པ་ཁ་གསལ་བའི་སྒོ་ནས་རྟའི་རྨིག་རྗེས་དང་བརྟེན་བྱུང་འབྲེལ་གྱིས་མཚན་དེ་ལྟར་ཐོགས་པར་འདོད་པའི་ཡིག་ཚང་སྔ་ཤོས་སུ་སྣང་ཞིང་། དེ་དང་དུས་རབས་གཅིག་པའི་ནང་བརྩམས་པའི་སུམ་པའི་ཆོས་འབྱུང་དུ་མ་ཐི་སི་ཞེས་དང་མདོ་སྨད་ཆོས་འབྱུང་དུ་མཱ་ཐིས་ཟི་ཞེས་བྱུང་ཡོད།

དེ་ལྟར་གཡང་ཊི་མ་ཡིག་ཅན་དེ་ད་ལྟ་གར་ཡོད་ཆ་མི་འཚལ་བ་དང་ངག་རྒྱུན་གྱི་བཤད་སྟངས་ཙམ་ཡིན་པས་ཚད་ལྡན་དུ་འདོད་མི་ནུས་ཤིང་། མཱ་ཐིས་ཞེས་པའི་མིང་སྔ་མོ་ནས་བྱུང་ཡོད་པར་མ་ཟད་རྟའི་རྨིག་རྗེས་ཀྱང་ད་ལྟ་གསལ་པོར་ཡོད་པས་བདེན་ཤས་ཆེ་བར་སྣང་མོད། རྒྱ་མི་ཤེས་ཡོན་པ་ཀྲང་པའོ་ཞི་ཟེར་བ་ཞིག་གིས་སུང་བྱང་མའི་དུས་ཀྱི་ཀྲུང་གོའི་ས་ཁམས་ལོ་རྒྱུས་ཡིག་ཚང་སྟེ། གནམ་འོག་ཀུན་ཏུ་བདེ་བའི་ཐོ་ཡིག(太平寰宇记)ལུང་དུ་དྲངས་ནས་གནས་དེའི་རི་བོའི་མིང་ལ་སྔོན་ཆད་ལིན་སུང་ཧྲན(临松山)དང་ཆིན་སུང་ཧྲན། (青松山) ཏན་ལིན་ཧྲན།(丹岭山) མཱ་ཐིས་ཧྲན(马蹄山)བཅས་སུ་འབོད་ཅིང་། མིང་སྔ་མ་གསུམ་ནི་ནགས་རི་སྟུག་ཅིང་སྤྲིན་དཀར་རྒྱུ་བ་སོགས་ཡུལ་ཁམས་དང་མཐུན་པའི་སྒོ་ནས་དེ་ལྟར་བཏགས་པ་དང་། མཱ་ཐིས་ཧྲན་ཞེས་པ་ནི་བོད་བཙན་པོའི་སྐབས་ཀྱི་དམག་སྡེ་ཤོག་ཁག་ཅིག་གིས་གནས་དེར་དམག་སྒར་བཏབ་པས་རི་བོའི་མིང་ལ་ཡང་མཱ་ཐིས་ཧྲན་ཞེས་ཐོགས་པར་བཤད་པ་དང་། དེ་མིན་ཡུལ་དེ་ཙམ་དུ་མ་ཟད་རྨ་ནུབ་རྒྱུད་ཀྱི་ཡུང་ཁྲང(永昌)ས་ཆ་ན་ཡང་མཱ་ཐིས་ཧྲན་ཞེས་པ་ཡོད་པས། མཱ་ཐིས་ནི་ཨན་ཧྲིའི་ཟིང་འཁྲུག་རྗེས་ཀྱི་མདོ་ལ་རིང་མོའི་རྒྱུད་དུ་བོད་བཙན་པོའི་སྟོབས་ཤུགས་དར་བའི་དམག་སྡེ་ཤོག་ཁག་ཅིག་ལ་ངོས་འཛིན་གཏན་འཁེལ་གནང་ཡོད། དེ་བས་ངོས་འཛིན་བྱེད་སྟངས་དེ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དང་ཡང་མཐུན་པར་སྙམ།

གཉིས། ཕུག་པ་དང་སྐུ་རྟེན་གཙོ་བོའི་སྐོར།

མཱ་ཐིས་དགོན་པའི་ཕུག་པ་ནི་གཙོ་བོ་རྣམ་རྒྱལ་མའི་ཕུག་པ་དང་། འོད་ཟེར་ཅན་མའི་ཕུག་པ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕུག་པ་གོང་འོག་བར་གསུམ། གསར་བཞེངས་མཆོད་རྟེན་ཕུག་པ། སངས་རྒྱས་སྟོང་སྐུའི་ཕུག་པའམ་འཕགས་མཆོག་ཀུན་འདུས་གླིང་བཅས་བྲག་ཕུག་བརྐོས་མ་བདུན་དང་། བྱེ་བྲག་ཕུག་པ་བདུན་ཅུ་ལྷག་གིས་གྲུབ་ཡོད་ཅིང་། དེར་གྲུབ་ཆེན་བརྒྱད་ཅུའི་གནས་དང་། སྒྲོལ་མ་རང་བྱོན་ལྷ་ཁང་། རྟ་མགྲིན་ལྷ་ཁང་། པད་རིའི་ལྷ་རྩེ་དང་། འབྲུག་ཉལ་ལྟག་འགྱེད། གླིང་རྟའི་རྨིག་རྗེས། གསོམ་གསེང་རྦབ་ཆུ། བྷན་ད་ཧོར་གྱི་སྒོམ་གྲྭ་དང་དཀོར་བདག་པེ་ཧར་རམ་གནས་ཆུང་རྒྱལ་པོའི་བླ་རི་སོགས་ཡོད་པས་ཏུན་ཧོང་གི་མའོ་ཀའོ་ཕུག་པ་དང་། ཨན་ཞིའི་ཡུས་ལིན་ཕུག་པ་འདི་གསུམ་ལ་རྨ་ནུབ་ནང་བསྟན་གྱི་གནས་བྱིན་ཅན་ཏེ། སྒྱུ་རྩལ་གྱིས་ཕྱུག་པའི་ཕུག་པ་ཆེན་པོ་གསུམ་ཞེས་ཀུན་ལ་གྲགས།

དུས་ཚོད་ཀྱི་ཆ་ནས་བོད་བརྒྱུད་ནང་བསྟན་དང་བསྡུར་ན་རྒྱ་བརྒྱུད་ནང་བསྟན་དར་སྔ་བས་ནང་པའི་སྒྱུ་རྩལ་གྱིས་ཕྱུག་པའི་ཕུག་པ་དེ་དག་ཀྱང་ཆེས་ཐོག་མར་ཅིན་ཤར་མའི་དུས་ནས་བཟུང་བཞེང་མགོ་ཚུགས་པར་སྨྲ། ལོ་ངོ་སྟོང་ཕྲག་ལྷག་རིང་གི་ལོ་རྒྱུས་ཀྱི་རྡུལ་འཚུབ་ཁྲོད་ཆག་འཇིག་ཀྱང་མང་དུ་ཐེབས་ཡོད། ཡོན་རྒྱལ་རབས་དང་དེ་ལས་སྔ་མོའི་དུས་ནས་བཟུང་སྲུང་སྐྱོབ་དང་བསྐྱར་བཞེངས་མཛད་པར་སྣང་། དེ་ནས་སངས་རྒྱས་སྟོང་སྐུའི་ཕུག་པ་དང་བྲག་བརྐོས་བཀའ་གདམས་མཆོད་རྟེན་སོགས་ལ་མཇལ་བའི་འཕྲོར། སྤྱི་ལེ་འགའ་ལ་བསྐྱོད་ན་ཐོག་སོ་བདུན་དང་ཕུག་པ་ཉེར་གཅིག་ཡོད་པའི་ལྷ་གནས་སུམ་ཅུ་སོ་གསུམ་དུ་གྲགས་པར་མཇལ་ཐུབ་པ་ཡིན།

ལྷ་གནས་སུམ་ཅུ་སོ་གསུམ་ཞེས་པ་ལ་རྒྱའི་སྐད་ཀྱིས三十三天石窟ཟེར་ཞིང་།བོད་སྐད་དུ་སྒྲོལ་མའི་ལྷ་ཁང་ཟེར།དེ་ཡང་གོང་དུ་བཤད་པའི་གཡུ་ཡི་སྒྲོལ་མ་རང་བྱོན་གྱི་ཕུག་པ་ཡོད་པས་སྤྱི་མཐུན་གྱི་མིང་དེ་ལྟར་དུ་ཐོགས་པ་རེད། ཕུག་པ་དེར་རིམ་ཅན་དུ་སྒྲོལ་མ་རང་བྱོན་ལྷ་ཁང་དང་། སྒྲོལ་དཀར་ལྷ་ཁང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒྲུབ་ཕུག ཀུན་རིག་ལྷ་གྲངས་སོ་བདུན་གྱི་ཕུག་པ་དང་། དེ་ནས་བྱམས་ཁང་དང་གནས་བརྟན་བཅུ་དྲུག་གི་ལྷ་ཁང་སོགས་ཡོད་ཅིང་། གནས་བརྟན་བཅུ་དྲུག་གི་ལྷ་ཁང་དུ་གོང་དུ་བཤད་པའི་རྟའི་རྨིག་རྗེས་ཡོད་པས། དེར་རྟ་རྗེས་ལྷ་ཁང་ཡང་ཟེར། དེའི་འཁྲིས་ཀྱི་ལྷ་ཁང་གི་གྲུ་ཟུར་དུ་འབྲོམ་སྟོན་པའི་སྐྱེ་བརྒྱུད་དུ་གྲགས་པའི་དགེ་སློང་བློ་གྲོས་འཕེལ་གྱིས་ཀླུ་བདུད་བཏུལ་བའི་གནས་ཀྱི་སྒྲུབ་ཆུ་ཡང་ཡོད།

དེ་ལྟར་རང་བྱུང་གི་ནགས་ཚལ་དང་། བརྗིད་ཆགས་ཀྱི་བྲག་རི། ནེའུ་གསིང་གི་སྤང་ཐང་བཅས་ཀྱིས་ཀུན་ནས་བརྒྱན་པའི་གནས་དེར་གསོན་ཉམས་དོད་པའི་བྲག་བརྐོས་མཆོད་རྟེན་དང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་རྟེན་ཆོས་གསུམ་སོགས་མང་དུ་ཡོད་པས། རིག་རྫས་སྲུང་སྐྱོབ་བྱེད་པའི་གནས་མཆོག་འགངས་ཆེན་ཞིག་ཡིན་ལ། དེང་གི་ཆར་ཡང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་སྟོང་ཕྲག་དུ་མ་གནས་དེར་སོང་ནས་བོད་རྒྱའི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་དང་། དེ་མིན་ཕྱག་མཆོད་དང་ལྟ་སྐོར་བྱེད་པའི་སྐབས་ཀྱང་ལགས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།