ཀྲུང་གོ་བོད་ཀྱི་དྲ་བ།

བྲག་དཀར་སྤྲེལ་རྫོང་ལ་མཇལ་བའི་རེག་ཟིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2021-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནས་ལྡོག་རྩིས་བྱས་པའི་སྤྲེའུའི་ལོ་ལ། ཁྱིམ་མི་ཡོངས་དང་ལྷན་དུ་མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་དུ་གྲགས་པའི་བྲག་དཀར་སྤྲེལ་རྫོང་ལ་མཆོད་མཇལ་དུ་ཐེངས་དང་པོར་ཕྱིན་མྱོང་། དེ་དུས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་དད་ལྡན་སྐྱེ་བོ་ཇི་སྙེད་དང་། ཚོང་ཟོག་སྣ་ཚོགས་བསྣམས་པའི་ཚོང་ཁང་། རོ་བརྒྱའི་ཟས་བཅུད་འཛོམས་པའི་ཟ་ཁང་། ཞག་སྡོད་མགྲོན་ཁང་སོགས་མ་བགྲོས་གཅིག་མཐུན་དུ་ལྷ་གནས་བྲག་དཀར་སྤྲེལ་རྫོང་དུ་སླེབས་ཡོད་པས་ལྷིང་འཇགས་ཀྱི་གནས་མཆོག་དེ་འཚང་ཁ་རྒོད་པའི་གྲོང་ཁྱེར་གྱི་རྣམ་པ་ཞིག་ཏུ་བསྒྱུར་འདུག

2020ལོའི་སྟོན་མཇུག་དེར། ཡང་བསྐྱར་བྲག་དཀར་སྤྲེལ་རྫོང་ལ་མཇལ་བའི་གོ་སྐབས་ཐོབ། གྲང་ངར་འདྲེས་མའི་ཞོགས་པའི་ཙག་རླུང་གི་སྤུ་གྲི་རབ་ཏུ་རྣོ་ནའང་དགའ་སྤྲོའི་ཡིད་སེམས་ཀྱིས་བརྟས་པའི་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་བཞི་བཅུ་ཙམ་འགྲུལ་འཁོར་གྱི་འདུག་སྟེགས་སྟེང་དུ་ཀུ་རེ་ཁ་མཚར་མོལ་བཞིན་རྩི་གོར་ཐང་གྲོང་རྡལ་གྱི་ལམ་ཕྲན་ཆུང་ངུ་བཤགས་ཏེ་བྲག་དཀར་སྤྲེལ་རྫོང་གི་ཕྱོགས་སུ་བསྐྱོད། མི་ལོ་བརྒྱད་དགུ་ལྷག་གི་སྔོན་དུ་ལམ་ཐག་ལེ་དབར་ཉི་ཤུ་ལྷག་གིས་ཆོད་པའི་གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་རྒྱ་ལམ་ནི་མཐོ་དམའ་མི་སྙོམས་ཤིང་འབའ་འབུར་གུག་འཁྱོག་མང་བའི་རྡོ་ཟེགས་ཀྱི་ལམ་འབའ་ཞིག་ཏུ་ཟད་པས། སྐབས་དེར་མཇལ་བ་ཚོའི་རླངས་འཁོར་དང་འཕྲུལ་རྟ། ལག་སྐྱོར་སོགས་ཟོ་ཁའི་ཆུ་ཡོམ་པ་ལྟར་བདེ་ཉམས་ཤིག་གཏན་ནས་མི་སྟེར་བར་མ་ཟད། ལུག་གི་ནང་ཁྲོལ་ལྟ་བུའི་ཀྱག་ཀྱོག་གི་ལམ་ཕྲན་སྟེང་གཅིག་རྗེས་གཉིས་མཐུད་ཀྱི་འཕྲུལ་འཁོར་རྣམས་ནི་རྡུལ་དྲང་སེ་བར་སྣང་དུ་དཀྲིགས་ཤིང་མཐོང་ལམ་གསལ་པོར་མི་མངོན་པས་བར་ཐག་ངེས་ཅན་རེ་མ་བསྐྱུར་ཚེ་འཕྲུལ་འཁོར་ཕན་ཚུན་རྡུང་ཐུག་རྒྱག་པའི་ཉེན་ཁའང་ཆེ། སྤྲོ་འོས་པ་ཞིག་ལ་སྲིད་ཇུས་བཟང་པོའི་བཀའ་དྲིན་གྱིས་ལོ་འདི་འགའི་རིང་དུ་ཁོད་སྙོམས་ལམ་རྟགས་གསལ་བའི་སྣུམ་ལམ་སོ་མ་ཞིག་ནག་ཤུར་རེ་རྫོང་ཐོག་ནས་བྲག་དཀར་སྤྲེལ་རྫོང་བར་འགྲུབ་འདུག་པས། རེབ་ཐེངས་འདིར་ཕར་གཡོ་ཚུར་གཡོའི་སྣང་བ་ཁྱོན་ནས་མ་བྱིན་པའི་ཁར་རླངས་འཁོར་དུ་སྡོད་པའི་མགྲོན་པོ་ཚོས་ཆུ་བུར་མིག་གིས་ཟིན་ཚོད་ཀྱི་རྩྭ་ཐང་དང་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བའི་ནོར་ལུག ལྷུང་ལྷུང་དུ་འབབ་པའི་གྲམ་ཆུ་སོགས་འདྲེན་བྱེད་ཀྱི་རྒྱན་དུ་འགོད་ཞོར་སྣེ་ཤན་པའི་ངོ་སྤྲོད་དང་ཤེས་འདོད་ཀྱི་འདྲི་གཅོད་རབ་དང་རིམ་པའི་ལབ་གླེང་ཁྲོད་ནས་གནས་ཆེན་བྲག་དཀར་སྤྲེལ་རྫོང་ལ་ཇི་ལྟར་སླེབས་པའང་མ་ཚོར། རླངས་འཁོར་ལས་བབས་མ་ཐག གནས་མཆོག་འདིར་འགྲོ་ཐེངས་དང་པོར་འཁེལ་བའི་མགྲོན་པོ་རྣམས་ཀྱིས་ངོ་མཚར་ཞིང་ཧ་ལས་པའི་ཚུལ་གྱིས་པར་ཆས་མཆུ་རིང་དང་ཁ་པར་གྱི་པར་མིག་ལས་རི་བོ་དགེ་ལྡན་པའི་དགོན་སྡེ་གྲགས་ཅན་ཏེ། སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་བྱིན་ཆགས་ཀྱི་བཀོད་པ་དང་། ཁྱད་མཚར་ཞིང་གསང་བ་ལྐོག་གྱུར་གྱིས་ཕྱུག་པའི་རྔམ་བརྗིད་ལྡན་པའི་དགོན་པའི་རྒྱབ་ངོས་ཀྱི་བྲག་རི། དཀན་གཟར་བྲག་རི་ལ་དམ་དུ་འཁྱུད་པའི་ནགས་ཚལ། ཤང་ཤང་དུ་བཞུར་བའི་དགོན་པའི་མདུན་གྱི་གཙང་ཆབ་སྔོན་མོ། ཕ་གིའི་རི་སྐེད་ཀྱི་སྦྲ་འདབས་སུ་བསྐྱིལ་བའི་གཡང་དཀར་ལུག་ཁྱུ་བཅས་ཟུར་མི་འདྲ་བ་དང་ཕྱོགས་ཐ་དད་པ་དམིགས་སུ་གཏད་དེ་ངོ་མཚར་རང་བྱུང་གི་ལྷུན་ཆགས་མཛེས་ལྗོངས་དག་བརྐམ་སྲེད་ཆེ་བའི་ཉམས་ཀྱིས་པར་མཛོད་དུ་བསྡུ་ཉར་ལ་བྲེལ་འདུག

སྣེ་ཁྲིད་པའི་འཆར་གཞི་ལྟར་དུ་ཕྱི་སྐོར་ལ་སྐྱོད་གྲབས་བྱེད་དུས། དམར་སྨུག་གི་གཟན་གོས་མནབས་པའི་གྲྭ་བཙུན་རྣམས་ཀྱང་གྲྭ་ཤག་གི་དཀྱིལ་དབུས་སུ་འགྱིང་ངེར་བཞེངས་པའི་ཚོགས་ཆེན་འདུ་ཁང་གི་ཕྱོགས་སུ་རྡོ་སྐས་རིང་མོར་བྲེལ་འཚུབ་ཀྱིས་འགོ་བཞིན་གདའ། ཨ་གསར་དང་མཚར་སྣང་གིས་ཞེན་པའི་གྲོགས་པོ་ཚོས་གླགས་དེ་དང་བསྟུན་ཏེ་འདུ་ཁང་རྒྱབ་ལྗོངས་སུ་བགྱིས་ཤིང་གྲྭ་བཙུན་རྣམས་གཙོ་ཐིག་ཏུ་བཟུང་སྟེ་གོམ་ཁ་བསྒྱུར་བའི་ཉམས་འགྱུར་དང་རྒྱབ་གཟུགས་པར་དུ་རྡེབ་བཞིན་མཆིས།

གནས་ཆེན་བྲག་དཀར་སྤྲེལ་རྫོང་དུ་གནས་སྒོ་གྲགས་ཅན་ཉི་ཤུ་ལྷག་ཡོད་པར་བཞེད་ཅིང་། གནས་ཆེན་འདི་ལ་སྔ་ཕྱིར་འབྲི་གུང་བ་འཇིག་རྟེན་གསུམ་མགོན་དང་། མ་ཅིག་ལབ་ཀྱི་སྒྲོན་མ། ས་པཎ་ཀུན་དགའ་རྒྱལ་མཚན། རྗེ་ཙོང་ཁ་པ་ཆེན་མོ། ཤར་སྐལ་ལྡན་རྒྱ་མཚོ། རྗེ་གསེར་ཁང་པ། ཞབས་དཀར་ཚོགས་དྲུག་རང་གྲོལ། སྐྱབས་མགོན་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་སྒྲུབ་ཕུག་དང་བཞུགས་ཁྲི་མང་པོའང་ད་ཆ་ད་རུང་གསལ་པོར་མཐོང་རྒྱུ་ཡོད་པའི་ཁར། སློབ་དཔོན་པདྨ་འབྱུང་གནས་དང་འཕགས་པ་སྤྱན་རས་གཟིགས། མར་པ་ལོ་ཙཱ་བ་སོགས་ཀྱི་ཞབས་རྗེས་དང་ཕྱག་རྗེས་གསལ་པོར་མངོན་ལ། དེ་བས་ཀྱང་ངག་རྒྱུན་ལ་གསོན་ཤུགས་རབ་ཏུ་བརྟས་པའི་སངས་རྒྱས་སྟོང་སྐུ་རང་བྱོན། མགོན་པོ་རང་བྱོན། རྡོ་རྗེ་ཕུག་ལམ་དང་མཁའ་འགྲོའི་ཚོགས་ཁང་། སྨན་བླ་བདེ་གཤེགས་བརྒྱད་ཀྱི་གནས་ཡུལ། དགེ་སློང་ནམ་མཁའ་སྙིང་པོའི་སྒྲུབ་ཕུག དམ་ཅན་ཆོས་རྒྱལ་རང་བྱོན། ནོར་བདག་ཛམ་ལ་རང་བྱོན། གཡུ་ཡི་སྒྲོལ་མ་རང་བྱོན་སོགས་ཁྱད་འཕགས་གཟི་བྱིན་འབར་བའི་གནས་འགངས་ཆེན་བསམ་གྱིས་མི་ཁྱབ་པ་ཡོད་གཤིས་གནས་ཆེན་ཙ་རི་ཏྲ་གཉིས་པར་བསྔགས་པའང་མིང་དོན་དང་མཐུན་ཞིང་། རང་བྱུང་ངོ་མཚར་ལྷུན་གྱིས་གྲུབ་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་བསམ་བརྗོད་ལས་འདས་པས་མདོ་དབུས་ཁམས་གསུམ་དུ་སྙན་པའི་གྲགས་པ་ཁྱབ།

ཕྱི་སྐོར་ལ་བགྲོད་བདེ་བཟོས་པའི་མཐོ་དམའ་དོད་པའི་ཤིང་སྐས་ལས་ག་ལེར་བརྒྱུད་དུས་ཨ་སྔོན་དབྱིངས་སུ་སྤྲིན་པའི་མདུད་རྒྱ་དམ་དུ་བསྡམས་པས་གྲང་ཅང་ཅང་གི་ཚོར་བ་ཞིག་སྟེར་མོད། དམའ་ས་ནས་མཐོ་སར་འགུལ་སྐྱོད་རིང་དྲགས་པས་ལུས་ཡོངས་སུ་རྔུལ་ཆུ་བརྡོལ་བར་དེ་རིང་གི་ནམ་ཟླ་འདིའང་ང་ཚོ་ལ་རན་ཞིང་ང་ཚོ་ལ་གཟས་པ་ལྟ་བུའི་མྱོང་སྣང་སྟེར།གཞུང་ཆུའི་འགྲམ་ངོགས་སུ་སྐྱོད་དུས་བྲག་ངོས་སུ་མངོན་པའི་གཡུ་འབྲུག་ཚང་ཉལ་རང་བྱོན་རབ་རིབ་མག་མོག་ཏུ་སྣང་ཞིང་། ང་ཚོ་ཡང་ཟོར་གོམ་པ་གླང་ཆེན་སྣའི་འགབ་འོག་ཏུ་འཛུལ་ཏེ་གངྒཱ་ཆུ་མིག་ཁ་ནས་ཆུ་མོ་ཧུབ་གསུམ་འཐུང་ཞོར་མཚོ་ངོས་ལས་མཐོ་ཚད་སྨི3800ལྷག་གིས་ཆོད་པའི་མཐོ་རིས་ལར་འགོས་པ་ཡིན། གནས་རིའི་ལྡེབས་ངོས་སུ་བཞད་འཕྱིས་པའི་མེ་ཏོག་དག་སྟོན་མཇུག་གི་བ་མོའི་བཙན་འཛུལ་འོག་ཏུ་གཉོམ་དུང་ངེར་བཞད་འདུག་ནའང་། པར་ཆས་ཐོགས་པའི་པར་ལེན་མཁན་ཚོས་ཉེ་སར་བཏུད་དེ་ཀྲོང་ངེར་འགྲེང་བའི་ཟེའུ་འབྲུ་ཡང་ཞིབ་བུར་པར་དུ་བསྐྱོན་ཞིང་། རྒྱང་རིང་རི་བོའི་ལྡེབས་ངོས་སུ་གཅལ་དུ་བཀྲམ་པའི་སྟོང་ལུག་གི་ཚོགས་ཀྱང་ཟུར་མི་འདྲ་བར་པར་མིག་ལ་འདྲེན་བཞིན་འདུག ལྟས་ཡག་པ་ཞིག་ལ་མཐོ་རིས་ལའི་གཡས་ཕྱོགས་སུ་གནས་རིའི་སྒོ་ཟོག་ཏུ་གྲགས་པའི་གནའ་ཁྱུ་རྣམས་སོས་དལ་བག་ཕེབས་ངང་བསིལ་རྩྭ་ཟ་བའི་སྐབས་དང་འཁེལ་ཞིང་མཐོང་དཀོན་པའི་རྣམ་པ་འདི་རིག་མ་ཐག ཡུལ་སྐོར་བ་རྣམས་ཀྱིས་སྐད་གསང་མཐོན་པོས་ངོ་མཚར་ཧ་ལས་པའི་ཟོལ་གྱིས་རི་དྭགས་གནའི་ཁ་གྲངས་བརྩི་བ་དང་ཞོར་དུ་པར་ལེན་པ་སྨོས་ཅི་འཚལ། གནས་འདིའི་རྟོག་དཔྱོད་པས་བསྡོམས་རྩིས་བྱས་པ་ལྟར་ན། གནས་རི་འདིའི་རྫ་སུལ་རི་ལུང་དུ་གནའ་བ་དང་། རྒོ་དམར། གླ་བ། སྤྱང་ཀི། ཝ། བྱི་བ། རི་བོང་། ཨ་བྲ། བྱི་ལོང་། སྲེ་མོང་སོགས་རི་དྭགས་དང་གཅན་གཟན་གྱི་རིགས་ཡོད་ལ། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར། ཐང་ནག གླག གོ་བོ། ནེ་ལེ། ཁྲ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་དང་། སྐྱེ་དངོས་ཀྱི་རིགས་ལ། ཤིང་ཤུག་པ། གླང་མ། སྤེན་མ། དབྱར་རྩྭ་དགུན་འབུ། ལྕུམ་རྩྭ། ཐང་ཕྲོམ། སྤང་རྒྱན་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་ཡོད་པར་བཤད།

ངལ་གསོ་ཐེངས་བརྒྱ་བྱོས། ངལ་གསོའི་བར་ཐག་ཐུང་དགོས་ཞེས་པ་ལྟར་དཀན་གཟར་ཤིང་སྐས་རེ་རེར་རྡོག་པས་གནོན་བཞིན་མཐོ་རིས་ལའི་ཉག་ཁ་རུ་བརྟོལ་བར་ཚང་མས་ཀི་ཀི་བསྭོ་བསྭོའི་ལྷ་རྒྱལ་འཐེན་ཞིང་རླུང་རྟ་སྤུར་བཞིན་མཐའ་བཞི་རི་ཚོགས་ཀྱིས་བསྐོར་བའི་ལྷ་ཡི་ཞིང་ཁམས་ལྟ་བུར་མིག་གི་ཟིན་ཚོད་ཀྱིས་རྒྱང་ལྟ་བགྱིད། ང་ཚོའི་ཚོགས་པའི་ཁྲོད་དུ་གླིང་དཀར་བ་ཞེས་པའི་སྒྲུང་པ་སྐད་གྲགས་ཅན་ཞིག་ཡོད་པ་དེས་འཛམ་གླིང་གེ་སར་རྒྱལ་པོའི་དབྱངས་རྟ་ངག་ལ་སྐྱོར་ཏེ་ལྷ་གནས་བྲག་དཀར་སྤྲེལ་རྫོང་ལ་བསྟོད་བསྔགས་ཀྱི་ཚན་པ་འགའ་ཤར་མར་བླངས་པ་ན། དེར་འདུས་ཡུལ་སྐོར་བ་ཐམས་ཅད་ཀྱིས་དགའ་བསུའི་ཐལ་མོ་ལྷང་ལྷང་དུ་བརྡབས། མཐུད་དེ་ང་ཚོ་རིའི་ཉག་ག་ནས་མར་འབབ་ཞོར་གླིང་རྗེ་གེ་སར་རྒྱལ་པོ་དང་འབྲེལ་བའི་རྟ་རྐྱང་ངུའི་རྨིག་རྗེས་དང་ཁྱི་དང་ལའི་རྐང་རྗེས། གླིང་གེ་སར་གྱི་རལ་གྲི། ལྷ་མོའི་དྲེའུ་རྗེས་སོགས་ལ་མཇལ་ཞོར་རྒྱུ་ནོར་ལོངས་སྤྱོད་སོགས་ཀྱི་དངོས་གྲུབ་སྦྱིན་པའི་ཨ་ཁུ་ཁྲོ་ཐུང་གི་ཤ་སྒྲོ་སྨུག་རིལ་ལམ་སངས་རྒྱས་ཀྱི་གཏེར་ཁུག་ལ་ལག་པས་ཡང་ཡང་རེག་སྟེ་མུ་མཐུད་དུ་འགབ་ཏུ་བབས་པ་ན། ཨ་རིག་རྒན་པོའི་ཕྱག་འཚལ་སའི་གནས་དེར་སླེབས། ངག་རྒྱུན་དུ་སྔོན་ཨ་རིག་གི་རྒན་པོ་ཞིག་གིས་གནས་རིའི་བྲག་ངོས་ཀྱི་འཕགས་པ་སྤྱན་རས་གཟིགས་རང་བྱོན་གྱི་ཕྱོགས་ལ་གཏད་དེ་ཟླ་ཐོག་ལོ་བརྩེགས་སུ་ཕྱག་འབུམ་ཕྲག་མང་པོ་འཚལ་བར་འཕགས་པ་སྤྱན་རས་གཟིགས་ཀྱིས་བུ་ཁྱོད་བདེ་བ་ཅན་དུ་སྐྱེ་ཤོག་ཅེས་གསུང་འབྱོན་ཞིང་ཕྱག་གཡས་ཡར་ལ་བཀྱགས་ནས་ལམ་སྟོན་མཛད་པར་གྲགས། སྔ་དྲོའི་བླ་མའི་རྣམ་ཐར་དེ་ཕྱི་དྲོ་སློབ་མའི་ཉམས་ལེན་ཡིན་གསུངས་པ་ལྟར་ཉིན་དེར་སྐྱེས་མ་དར་མ་ཞིག་གིས་ཀྱང་དད་པ་དག་སྣང་གིས་བརྐྱངས་ཕྱག་འཚལ་བཞིན་པ་ཡུལ་སྐོར་བ་ལ་ཤས་ཀྱིས་མཐོང་སྟེ་ཡ་མཚར་ནས་ཕྱག་འཚལ་བའི་རྣམ་པ་པར་ལ་བསྐྱོན་པ་དང་གནང་སྦྱིན་མཛད།

གནས་རིའི་རྒྱབ་ངོས་སུ་གསོམ་ཤིང་སྟུག་པོར་སྐྱེས་པའི་ཁོང་གསེང་ན་ཐང་དཀར་རྒོད་པོ་རེ་ཟུང་གིས་ང་ཚོ་ལ་ཁ་འཚོ་མིག་འཚོ་བྱེད་པ་ལྟར་གཤོག་རུ་བརྐྱངས་ཏེ་གཡས་གཡོན་མདུན་རྒྱབ་ཏུ་རང་དབང་ངང་ལྡིང་སྐོར་རྩེན། བྲག་རིའི་སྐྱིབས་སུ་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་ནས་འཕུར་ཡོང་བར་བཞེད་པའི་དུར་རྡོ་དེ་སྔར་བཞིན་སྲ་བརྟན་དུ་བཏིང་ཡོད་ལ། གྲོགས་པོ་ཚོ་རེ་རེ་བཞིན་དུར་རྡོའི་སྟེང་ཉལ་ཏེ་སྨོན་ལམ་གཙང་མ་བཏབ་ནས་འདི་ཕྱི་ཀུན་གྱི་བར་ཆད་སེལ་བར་བརྗོད་པའི་མི་ལའི་རྡོ་ཕྲེང་དང་སྲི་ངན་དང་ངན་སོང་གསུམ་ལས་ཐར་བའི་ཡ་མ་ཐར་ཁུང་། འགག་འཕྲང་ཞབས་ཀྱི་དམྱལ་བའི་སླ་ང་། གཤིན་རྗེའི་རྒྱ་མ་སོགས་ལའང་ཡིད་སེམས་རྩེ་གཅིག་གིས་དག་སྣང་དད་པས་མཇལ་ཏེ་ང་ཚོར་སྒུག་སའི་འགྲུལ་འཁོར་གྱི་ཕྱོགས་སུ་ཕྱིན་ཙ་ན། གནས་རི་སྣ་ཁའི་བྲག་དམར་གྱི་ངོས་སུ་སློབ་དཔོན་པདྨའི་ཞབས་རྗེས་དང་དེའི་གཡས་ཟུར་ན་སློབ་དཔོན་གྱི་ཕྱག་ཕྲེང་། རྡོ་རྗེ་ཕུར་བུ་བྲག་ལ་བཏབ་པའི་རྗེས་ཤུལ་སོགས་གསལ་པོར་མཐོང་ལམ་དུ་མངོན། བཤད་རྒྱུན་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཐུ་བྱིན་གྱིས་འདྲེ་སྲིན་དག་གནས་འདིར་དམ་ལ་བཏགས་ཡོད་པས་ཇི་སྲིད་བསྐལ་པའི་བར་དུ་འདྲེ་སྲིན་གྱི་གནོད་པ་མེད་ཚུལ་བརྗོད།

འདི་ལྟར་ངག་རྒྱུན་དང་གཏམ་རྒྱུད་སྣུམ་པོས་ཟིན་པའི་གནས་སྒོ་རེ་རེའི་ལོ་རྒྱུས་དང་བཤད་རྒྱུན་རེ་རེ་སྤྲེལ་རྫོང་དགོན་པའི་གྲྭ་བཙུན་བདག་མེད་ཀྱི་ངག་སྒྲོས་ལས་འཐུ་ཞོར་ཕྱག་བསྐོར་གྱི་རྡོག་ལམ་རེ་རེ་སྐྱེལ་འདྲེན་རླངས་འཁོར་གྱི་འགྲམ་དུ་གོ་ཚོར་བྲལ་བར་ཇི་ལྟར་སླེབས་པའང་མ་ཤེས། ཉི་མའི་དཀྱིལ་འཁོར་ཏན་ཏན་དགུང་སྔོན་པོའི་འོག་གི་དཀྱིལ་དབུས་སུ་འཁེལ་འདུག་ཅིང་། རྨོངས་མུན་གྱི་སེམས་ངོར་ཉི་མས་འོད་ཟེར་གྱིས་རབ་ཏུ་བརྟོལ་བ་ལྟར་གསོན་ཤུགས་དང་ཁྱད་མཚར་གྱིས་ཕྱུག་པའི་འཛད་མཐའ་བྲལ་བའི་གནས་སྒོའི་བྱུང་བ་རེ་རེ་ཡིད་ཀྱི་གན་མཛོད་དུ་ཉར་ཞོར་ཕྱིར་ཞིན་ཧེ་རྫོང་མཁར་དུ་ཆས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།