ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་སྡེའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དོན་སྙིང་ནི་ཅི་ཡིན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོག་མར་ཞིང་སྡེའི་ཁོར་ཡུག་ནི་རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོབ་ཐབས་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཡིན་ཞིང་། དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོ་རིམ་གལ་ཆེན་དང་ཆེས་ཆེ་བའི་ཞན་ཆའང་ཡིན། ཀྲུང་གོ་ནི་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་མོ་ཡིན་ཞིང་། ཞིང་ལས་དེ་རྒྱལ་དམངས་དཔལ་འབྱོར་ཁྲོད་རྒྱལ་ཕམ་ལ་ཐུག་པའི་གོ་གནས་གལ་ཆེན་བཟུང་ཡོད། ཞིང་སྡེ་ནི་གྲོང་ཁྱེར་དང་བཟོ་གཏེར་ཁུལ་ཕུད་པའི་ས་ཁོངས་ཡངས་ཤིང་རྒྱ་ཆེ་བ་ཡིན། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་གི་བཟང་ངན་དེ་རྒྱ་ཆེའི་ཞིང་བའི་ལུས་སེམས་བདེ་ཐང་དང་འཚོ་བའི་སྤུས་ཚད་ཀྱི་ལེགས་བཅོས་ལ་ཤུགས་རྐྱེན་བཟོ་བ་མ་ཟད། ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་ཞིང་སྡེའི་ཁྲོད་ཕྲ་བཏབ་པའི་གྲོང་ཁྱེར་གྱི་ཁོར་ཡུག་གི་བརྟན་བརླིང་ལའང་རག་ལས་ཡོད། གཉིས་ནས་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་པ་ནི“མི་དམངས་ལ་ཆུ་གཙང་མ་འཐུང་དུ་བཅུག་པ་དང་གཙང་ཞིང་གསལ་བའི་ཁ་དབུགས་འབྱིན་དུ་བཅུག་པ། སེམས་བདེ་བའི་ཟ་མ་ཟ་རུ་བཅུག་པའི”ཁས་ལེན་མངོན་འགྱུར་བྱེད་པའི་རྨང་གཞི་ཡིན། ཞིང་སྡེའི་ཁོར་ཡུག་སྤུས་ཚད་ནི་རྒྱལ་ཡོངས་མི་དམངས་ཀྱི་ཚོད་སླེ་དང་འབྲས་ཁུག ཆུ་རྫ་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྲོག་རྩ་ཡིན། ཚད་མཐའ་འདི་འགན་སྲུང་བྱེད་མ་ཐུབ་ན། རྒྱལ་ཡོངས་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་དེ་སྟོང་བཤད་དུ་གྱུར་སྲིད། གསུམ་ནས་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་གི་ངན་འགྱུར་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་མཚོན་བྱེད་ཅིག་ཡིན། ཞིང་སྡེའི་ཁོར་ཡུག་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་ཞིང་། གནས་ཀྱི་རྫོད་ཁུངས་དང་ངོས་ཀྱི་རྫོད་ཁུངས་མཉམ་དུ་གནས་པ་དང་། འཚོ་བའི་སྦགས་བཙོག་དང་བཟོ་ལས་སྦགས་བཙོག་སྡེབ་སྣོན་བྱས་ཏེ། གསར་རྙིང་སྦགས་བཙོག་རིགས་སོ་སོ་ཕན་ཚུན་མཉམ་དུ་འདྲེས་ཡོད་ཅིང་། བཟོ་ལས་དང་གྲོང་ཁྱེར་གྱི་སྦགས་བཙོག་དེ་ཞིང་སྡེ་རུ་སྤོ་སྒྱུར་བྱེད་པ་སོགས་རང་རྒྱལ་གྱི་ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་འཛུན་རྒྱུ་རྐྱེན་དུ་གྱུར་ནས། གྲོང་ཁྱེར་དང་ཞིང་སྡེ་དོ་སྙོམས་མིན་པའི་འཕེལ་རྒྱས་ཀྱི་སྣང་ཚུལ་གཅིག་ཡིན་ལ། དེ་ནི་རྒྱ་ཆེ་བའི་ཞིང་བའི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་འཚོ་བའི་དགོས་མཁོ་མངོན་འགྱུར་ལ་བཀག་འགོག་བྱེད་པའི་ལྕགས་རི་ལྟ་བུར་གྱུར་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།