ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་སྡེའི་ཁོར་ཡུག་སྦགས་བཙོག་གི་འབྱུང་རྐྱེན་གང་དག་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འགོར་པའི་ཚུན་དུ། རང་རྒྱལ་གྱི་ཞིང་སྡེའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་། འོན་ཀྱང་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་ལ་ཡུན་རིང་མཐོང་ཆེན་མི་བྱེད་པ་དང་དངུལ་གཏོང་མི་འདང་པའི་རྐྱེན་གྱིས། ཁོར་ཡུག་སྦགས་བཙོག་གི་གནད་དོན་ཉིན་རེ་བཞིན་མངོན་གསལ་དུ་གྱུར་ཡོད།

གཅིག་ནི་མ་དངུལ་གཏོང་ཚད་མི་འདང་བ་དང་ཞིང་སྡེའི་སྦགས་བཙོག་འབྱུང་ཁུངས་ཅུང་ཁ་ཐོར་ཡིན་པའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ལས་ཞིང་སྡེའི་ཁོར་ཡུག་རྨང་གཞིའི་སྒྲིག་ཆས་ཞན་པ་དང་། ཞིང་སྡེའི་འཚོ་བ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་སོགས་ལས་ཐོན་པའི་བཙོག་ཆུ། གད་སྙིགས་དང་འདོར་བ་སོགས་ཐག་གཅོད་བྱེད་མ་ཐུབ་པས། ཐད་ཀར་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་ནང་དུ་གད་སྙིགས་རླུང་ལ་བརྟེན་ནས་སྤར་བ་དང་བཙོག་ཆུ་རླངས་འགྱུར་ལ་བརྟེན་དགོས་པའི་པའི་སྣང་ཚུལ་ཧ་ཅང་ཡོངས་ཁྱབ་ཡིན།

གཉིས་ནི་ཞིང་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་ཞིང་སྨན་དང་རྫས་ལུད། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་སོགས་ཕྱི་ནས་བཏང་བའི་དངོས་རྫས་ཀྱི་སྤུས་ཚད་དང་གྲངས་འབོར་ལ་ཚོད་འཛིན་ནུས་ལྡན་བྱེད་མི་ཐུབ་པ་དང་། ཕྱོགས་རེ་ཙམ་གྱི་གྲངས་འབོར་ལ་བརྟེན་ནས་སྤུས་ཚད་ལ་མཐོང་ཆུང་བྱེད་པ་དང་། སྔོ་ཚལ་དང་ཤིང་ཏོག་འདེབས་འཛུགས་བྱེད་པའི་གོ་རིམ་ཁྲོད་ཀྱི་སྨན་རྫས་སྣ་ཚོགས་ཀྱི་སྦྱོར་རྟ(སྦོས་བྱེད་རྫས་དང་མངར་ཆའི་རྒྱུ་ཆ། ཚོས་རྒྱུ། སྨིན་པའི་སྐུལ་རྫས། དེ་མིན་གནོད་ལྡན་རྫས་འགྱུར་དངོས་པོ་གཞན་དག་སོགས)སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི་འགོག་སྨན་དང་སྐུལ་རྩི། གཟན་ཆས་ཀྱི་སྦྱོར་རྟའི་རིགས་སོགས་གྲོན་ཆུང་མེད་པའི་སྒོ་ནས་བེད་སྤྱོད་བྱས་པར། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་སྦགས་བཙོག་བཟོས་པ་མ་ཟད། རྨོ་ཞིང་གི་ཁོར་ཡུག་ལའང་སྦགས་བཙོག་བཟོས་པ་རེད།

གསུམ་ནི་ཉེ་བའི་ལོ་འགའི་རིང་ཞིང་སྡེའི་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་སྦགས་བཙོག་གཙང་སེལ་བྱེད་ཚད་ཡོངས་ཁྱབ་ཏུ་ཅུང་དམའ་བས། ཤང་དང་གྲོང་རྡལ་གྱི་ཁེ་ལས་ཀྱི་སྦགས་བཙོག་གི་ཁྱབ་ཁོངས་དང་གྲངས་ཚད་མགྱོགས་མྱུར་ངང་མཆེད་པ་དང་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ཚབས་ཆེན་དུ་གྱུར་པས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་པ་རེད།

བཞི་ནི་ཞིང་པའི་རིག་གནས་བྱང་ཚད་བལྟོས་བཅས་ཀྱིས་ཅུང་དམའ་བ་དང་། རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཞན་པ། འཚོ་བའི་བཙོག་ཆུ་རང་དགར་འབུད་པ། ཞིང་སྡེའི་གད་སྙིགས་གང་སར་སྤུངས་པ་དང་དོར་བ་སོགས་ཚང་མས་ཞིང་སྡེའི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ལ་འཇིགས་སྣང་སྐུལ་བཞིན་ཡོད།

ལྔ་ནི་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཡུན་རིང་ཆད་ཤོར་བྱུང་བ་ལས་ཁོར་ཡུག་གི་སྲིད་ཇུས་དང་ཁྲིམས་སྲོལ་ཁ་ཤས་ཞིང་སྡེ་རུ་ལག་བསྟར་ཡག་པོ་བྱེད་མ་ཐུབ་པས། ཞིང་སྡེའི་ཁོར་ཡུག་གི་གནས་ཚུལ་ཇེ་སྡུག་ཏུ་གྱུར་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།