ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་སྡེ་དམངས་ཀྱི་ཁེ་སྤོགས་བགོ་བཞིན་པ།
ཟླ6པའི་ཚེས30ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཧོར་ནག་ཞང་རུ་ཞོལ་མ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དུ་སོང་བ་ན། གཟན་རྩྭ་མཛོད་ཁང་དུ་ཡུག་པོའི་གཟན་ཆས་གྲལ་དག་པོར་བསྒྲིགས་ཏེ་སྔོ་རྩྭའི་དྲི་མས་ཁྱབ་འདུག ལས་སྣོན་འཁོར་ཁང་གི་འཕྲུལ་ཆས་ཀྱི་སྒྲ་ནི་སྐབས་རེར་མཐོ་ལ་སྐབས་རེར་དམའ་བ་དང་། ནས་འབྲུ་རྡོག་པོ་རེ་རེ་འཕྲུལ་ཆས་ཀྱི་འཁོར་སྐྱོད་ལ་བརྟེན་ནས་ཕྱེ་རུ་བཏགས། ལས་བཟོ་བ་ཚོས་བྲེལ་མྱུར་གྱིས་ཐུམ་བརྒྱབ་ཏེ་རེ་བས་ཁེངས་པའི་ཞིང་ཞོར་ཐོན་རྫས་རེ་རེ་རླངས་འཁོར་དུ་བརྩིགས་ནས་ཚོང་རར་བསྐྱལ། ཚ་ཚ་འུར་འུར་གྱིས་ཁེངས་པའི་ཐོན་སྐྱེད་རྣམ་པ་དེ་ནི་ཡིད་འགུལ་ཐེབས་པ་ཞིག་རེད།
སྣང་ཚུལ་དེའི་རྒྱབ་རོལ་དུ་ཏང་དར་དམར་པོ་ནམ་ཡང་མཐོན་པོར་སྐྱོད་ཀྱིན་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་དེ་ཐོན་ལས་ཀྱི་ལས་ཡུལ་དང་པོར་བསྐྲུན་པ་དང་། ཏང་ཡོན་ལས་བྱེད་པས“བྱས་རྗེས་འཇོག་པར་ང་རང་ཡོད་པའི”ཁག་ཁུར་གདོང་མཆོང་དང་མདུན་སྐྱོད་བྱས་ཤིང་། ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་ལེགས་ཆ་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་ཏེ། རུ་ཞོལ་མ་སྡེ་བ་འཕེལ་རྒྱས་འབྱུང་བའི་སྟོབས་ཤུགས་གཙོ་བོར་གྱུར།
“ཏང་ནི་འུ་ཚོའི་སྲོག་ཤིང་རེད།” རུ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡང་སྐྱབས་རྒྱལ་གྱིས་བཤད་རྒྱུར། “ཞང་ཏང་ཨུས་གཅིག་འདོམས་ཇུས་འགོད་དང་སྡེ་བའི་ཏང་ཀྲི་པུའུ་ཡིས་གནད་ཁེལ་ཇུས་བསྟར་བྱེད་པ། སྡེ་མི་རྣམས་བློ་བརྟན་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲངས་པས། ད་གཟོད་སྡེ་བར་ཐོན་ལས་བཟང་པོ་ཞིག་བྱུང་བ་རེད། སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་མེད་པ་ནས་ཡོད་པ་དང་ཞན་པ་ནས་སྟོབས་ལྡན་དུ་གྱུར། ད་ལྟ། ཚང་མས་རང་ཁྱིམ་གྱི་སྒོ་ཁ་ནས་གླ་རྒྱག་ཐུབ་པར་མ་ཟད། ལོ་རེར་ཁེ་སྤོགས་བགོ་རྒྱུ་ཡོད་པས་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གྱུར།”
སྔོན་ཆད་ཀྱི་འཚོ་བར་ཕྱིར་དྲན་བྱས་ཚེ། གཡང་སྐྱབས་རྒྱལ་གྱི་སེམས་ལ་ད་དུང་ཡང་ལྗིད་ཏིག་ཏིག་གི་སྣང་བ་ཞིག་སྐྱེ་བཞིན་ཡོད། རུ་ཞོལ་མ་སྡེ་བ་ནི་དཔེ་མཚོན་ཅན་གྱི་ཞིང་ལས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན་པ་དང་། སྡེ་བའི་ཁ་ཐོར་གྱི་ཞིང་ས་མང་པོ་ཡང་རི་ངོས་སུ་ཡོད་པ་རེད། སྲོལ་རྒྱུན་གྱི་ཞིང་རྨོ་ཐབས་ལ་ནུས་ཕྱོད་དམའ་བར་མ་ཟད། དུས་ཚོད་དང་སྟོབས་ཤུགས་མང་པོ་གཏོང་དགོས་པས། ཞིང་ལས་ཐོན་སྐྱེད་ཀྱི་མ་རྩ་ཇེ་མཐོ་ནས་ཇེ་མཐོར་ཕྱིན། སྡེ་མི་ཚོས་དཀའ་བ་ཅི་འདྲ་སྤྱད་ཀྱང་འབྲུ་རིགས་ཀྱིས་ས་བོན་དང་ལུད་སྨན་ལས་ཉོ་མི་ཐུབ། དཀའ་ངལ་དེ་ལས་ས་ཞིང་འདེབས་མཁན་ཇེ་ཉུང་དང་ཕྱི་རུ་གླ་རྒྱག་མཁན་ཇེ་མང་དུ་སོང་ནས་སྡེ་བའི་གསོན་ཤུགས་རིམ་བཞིན་ཉམས།
2020ལོའི་ཡར་སྔོན་དུ། སྡེ་བའི་ཐུན་མོང་ལ་སྒོར་ཁྲི3ལས་མེད་པས། མི་ཚང་མའི་སེམས་ཤུགས་ཉམས་པ་རེད། ཡིན་ཡང་ཁྱིམ་མཚེས་སྡེ་བའི་དམངས་ཤག་ཏུ་འོ་ཇའི་དྲི་ངད་ལྡང་ལ། ལྗོངས་གཟིགས་སྟེགས་བུར་ཡུལ་སྐོར་མགྲོན་པོའི་དགོད་སྒྲས་ཁེངས་འདུག གཡང་སྐྱབས་རྒྱལ་གྱིས་ཉེ་འཁོར་གྱི་སྡེ་མི་ཚོས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་བ་དེ་མིག་གིས་མཐོང་བཞིན་སེམས་སུ་བྲེལ་འཚུབ་སྐྱེས། ཁོས་སྡེ་མིའི་རེ་བས་ཁེངས་པའི་མིག་ཟུང་ལ་ལྟ་བཞིན“ལས་དོན་ཞིག་བསྒྲུབ་པའི་སེམས་ཐག”བཅད་པ་དང་། འགན་འཁྲི་ཕྲག་ཏུ་བླངས་ཤིང་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ། སྡེ་མི་ཚོར་ཕྱུག་བསྒྱུར་གྱི་ཐབས་ལམ་གསར་པ་འཚོལ་བར་སེམས་ཐག་བཅད།
གོང་རིམ་གྱི་ཏང་རྩ་འཛུགས་ཀྱིས་མཛུབ་སྟོན་འོག “ས་ཞིང་མ་རྐང་དུ་བཞག་སྟེ་རུ་ཞོལ་མ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་འཛུགས་པའི”གྲོས་གཞི་རིམ་བཞིན་བྱུང་། སྡེ་བའི་ཏང་ཀྲི་པུའུ་ཡི་ཞིབ་ཚགས་ཀྱི་བཀོད་སྒྲིག་དང་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་འོག ཏང་དར་རེ་རེ་ཁྱིམ་ཚང་ལ་སྐུལ་སློང་བྱེད་པའི་ལམ་ཁར་བཙུགས་པ་དང་། ཏང་ཡོན་གྱི་ཏང་རྟགས་རེ་རེ་ཞིང་ཚིགས་བར་ནས་འོད་དུ་འཚེར།
གཡང་སྐྱབས་རྒྱལ་གྱིས་སྣེ་ཁྲིད་ཅིང་དཔེ་སྟོན་བྱས་ཏེ། རང་ཁྱིམ་གྱི་ས་ཞིང་མ་རྐང་དུ་བཞག ཏང་ཡོན་གདོང་མཆོང་རུ་ཁག་ཁྱིམ་ཚང་རེ་རེར་སོང་ནས་འཚམས་འདྲི་དང་སྒྲོག་འགྲེལ་བྱས་ཏེ་སྡེ་མི་ཚོར“དཔལ་འབྱོར་གྱི་རྩིས”ཞིབ་རྩིས་རྒྱག་རོགས་བྱས། ཟླ་འགའི་ནང་དུ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང249ཡི་སྡེ་མི་ཡིས་རང་འགུལ་གྱིས་ཞིང་ས་སྤྱི་ཆིང372.39མ་རྐང་དུ་བཞག་པ་དང་། སྔོན་ཆད་ཀྱི“ས་ཞིང་ཐལ་ལྕག་འདྲ་བ”དེ་གཅིག་བསྡུས་བྱས་ཤིང་། མཉམ་ལས་ཁང་གིས་གཅིག་གྱུར་གྱིས་འཆར་འགོད་ལས་གཉེར་བྱས་ཏེ། ཐོན་ལས་དར་སྤེལ་ལ་རྨང་གཞི་བརྟན་པོ་བཏིངས།
“སྔོན་ཆད་དཀའ་སྡུག་ཅི་འདྲ་སྤྱད་ཀྱང་སྒོར་མོ་བཙལ་མི་ཐུབ།” གཡང་སྐྱབས་རྒྱལ་གྱིས་རྨོ་ལོག་བརྒྱབ་མ་ཐག་པའི་ཞིང་ཚིགས་སུ་བསྡད་དེ་སྡེ་མི་ཚོར་འགྱུར་ལྡོག་གླེང་། “ད་ལྟ་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་མིའི་སྣེ་ཁྲིད་དེ་ཐོན་ལས་ཅན་གྱི་ལམ་དུ་སྐྱོད་ཀྱིན་ཡོད། སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་པ་དང་། འཕྲུལ་ཆས་ཅན་གྱི་ལས་ཀ་ནང་འདྲེན་བྱས་པས། ས་ཞིང་འདེབས་པའི་ནུས་ཕྱོད་ལྡབ་འགྱུར་གྱིས་འཕར། ཞིང་ལས་ལག་ཆ་གཅིག་གྱུར་གྱིས་ཉོས་ཏེ་མ་རྩ་ཇེ་ཉུང་དུ་བཏང་། ཚོང་རར་མངག་ཐོ་འཇོག་པར་མཐུད་སྦྲེལ་བྱས་པས་བཙོང་ས་མེད་པར་སྡུག་མི་དགོས། མ་རྩ་ཉུང་བ་དང་ནུས་པ་མཐོ་བའི་བྱེད་སྟངས་འདིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་ལ། ལོ་མཇུག་ཏུ་ཚང་མར་ཁེ་སྤོགས་ཀྱང་བགོ་ཐུབ།” སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག ཁ་ཐོར་གྱི་ས་ཞིང་གཅིག་བསྡུས་བྱས་ཏེ། སྔོན་ཆད་ཀྱི་ལྷིང་འཇགས་ཀྱི་སྡེ་བར་གསོན་ཤུགས་ཀྱིས་བརྟས་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་གནད་འགག་གི་སྐབས་སུ། སྡེ་བའི་ཏང་ཀྲི་པུའུ་ཡིས“ཕྱོགས་སྟོན”གྱི་ནུས་པ་འདོན་སྤེལ་དང་། དངོས་ཡོད་ལ་རྐང་འཛུགས་པ། བརྟག་ཞིབ་ཟབ་མོ་བྱས་མཐར། ཡུག་པོའི་གཟན་ཆས་དང་ནས་ནག་གཙོ་ཁྲིད་ཐོན་ལས་སུ་བདམས། “མིག་སྔར། རུ་ཞོལ་མ་སྡེ་བས་ས་ཞིང་སྤྱི་ཆིང240ལ་ཡུག་པོ་བཏབ་པ་དང་སྤྱི་ཆིང133ལ་ནས་ནག་བཏབ་ཡོད།” གཡང་སྐྱབས་རྒྱལ་གྱིས་མཚམས་སྦྱོར་བྱེད་རྒྱུར། ཡུག་པོར་འཚོ་བཅུད་ཕུན་སུམ་ཚོགས་པས་ཕྱུགས་ལས་ཀྱི་སྤུས་ལེགས་གཟན་ཆས་སུ་གྱུར་ཡོད། ནས་ནག་མཐོ་སྒང་གི་ཁྱད་ལྡན་ལོ་ཏོག་ཡིན་པས་དེར་ལས་སྣོན་གྱི་རིན་ཐང་ཆེན་པོ་ལྡན་ཟེར།
ཐོན་ལས་སྦྲེལ་ཐག་སྔར་ལས་རྒྱུན་བསྲིངས་དང་མང་ཚོགས་ཀྱི་ཕྱུག་བསྒྱུར་ཡོང་སྤར་ལ་སྐུལ་འདེད་བྱེད་ཆེད། སྡེ་བས་ཏུན1000ལྷག་ཤོང་བའི་གཟན་ཆས་མཛོད་ཁང་བསྐྲུན་ཏེ། གནོད་འགོག་ཕྱུགས་སྲུང་གི་འགོག་སྲུང་ར་བ་བསྐྲུན། ནས་ནག་ལས་སྣོན་གྱི་ཐོན་སྐྱེད་བྱ་ཡུལ་འཐུས་ཚང་དང་། ནས་ནག་གི་རྩམ་པ་དང་ནས་ཕྱེ་ཐོན་སྐྱེད་བྱས་ཏེ། ཟུར་སྣོན་རིན་ཐང་འཕར་དུ་བཅུག གཞན་ད་དུང་ཐུན་རིན་གྲོང་ཁྱེར་དུ་ཞིང་ཞོར་ཐོན་རྫས་ཉམས་ལེན་ཁང་བཙུགས་ནས། གྲོང་ཁྱེར་ནང་ཁུལ་གྱི“ཚོང་ཁང”དང་མཐུན་སྦྲེལ་བྱས་ནས་ཚོང་ལམ་རྒྱ་བསྐྱེད།
2024ལོར། རུ་ཞོལ་མ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་སྒོ་སྒོར་ཁྲི115.684ལ་སླེབས་པ་དང་། སྒོར་ཁྲི45.684སྡེ་བ་ཡོངས་ཀྱི་སྡེ་མིར་བགོས་ལ། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར9450རེ་བགོས། ཁེ་སྤོགས་བགོས་པའི་ལྷག་མ་སྒོར་ཁྲི70ཡོད་པ་འཕེལ་རྒྱས་དངུལ་རྩར་བརྩིས་ཏེ། ཐོན་ལས་རིམ་སྤར་གྱི“མ་རྩ”བྱས།
“ཁྲག་འདྲེན་པ”ནས“ཁྲག་བཟོ་བའི”བར་དུ། རུ་ཞོལ་མ་སྡེ་བས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག“ཅན་དྲུག”འཕེལ་རྒྱས་རྣམ་པའི་ཐོན་ཁུངས་མ་རྐང་ཅན་དང་ཞིང་པ་རྐང་གཉེར་ཅན། ལས་གཉེར་གཞི་ཁྱོན་ཅན། རྨོ་འདེབས་འཕྲུལ་ཆས་ཅན། སྦྲེལ་ཐག་གཞི་གཅིག་ཅན། ཁེ་ཕན་མཉམ་རོལ་ཅན་བཅས་འཚོལ་ཞིབ་བྱས་ཏེ། “ས་ཞིང་མ་རྐང་དུ་གྱུར་པ་དང་ཞིང་པ་རྐང་བདག་ཏུ་གྱུར་པ། ཞིང་ཆུང་ཞིང་ཆེན་དུ་གྱུར་པ། ཐོན་ཁུངས་རྒྱུ་ནོར་དུ་གྱུར་པ། སྒེར་འཚོང་མང་འཚོང་དུ་གྱུར་པ། རོགས་སྐྱོང་རང་སྐྱོང་དུ་གྱུར་པར”བྱས། ད་ལྟ། ཏང་དར་དམར་པོས་ཐོན་ལས་དར་རྒྱས་དང་མང་ཚོགས་ཕྱུག་བསྒྱུར་ལ་སྣེ་ཁྲིད་དེ། རུ་ཞོལ་མ་སྡེ་བས་དཔའ་ངར་ཆེར་བསྐྱེད་ཀྱིས་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་རྩོམ་བཞིན་ཡོད། །