ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་སྲོལ་བཟང་པོས་ཀུན་སྤྱོད་སྐྱོང་། སྤྱོད་གཙང་རིག་གནས་སེམས་སུ་ཟུག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཁྱིམ་ཚང་ནི་ཆེས་ཆུང་བའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་མ་འབུམ་གྱིས་གྲུབ།”རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྙན་འཇེབས་ལྡན་པའི་གླུ་གཞས་འདི་རྒྱུན་པར་ཐོས་ཡོང་།  གནས་དེའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཀོ་ཁྲའོ་ཅུན་ལ་རྣམ་པ་དེས་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ་ཁྱིམ་སྲོལ་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་ཡོད། ཁོའི་ལས་བཀུར་ལས་གཅེས་དང་། ལོ་ངོ་དུ་མར་གུས་ལུགས་བསྲུངས་ཏེ།“དགེ་བ་བརྒྱ་ལས་གུས་པ་གཙོ”ཞེས་པའི་བདེན་ལུགས་སྐྱོང་བཞིན་ཡོད། ཁོའི་ལོ་ན་རྒས་པའི་ཕ་རྒན་གྱིས་མེས་རྒྱལ་གྱི་འཕེལ་རྒྱས་དང་རྨ་ལྷོ་ཁུལ་གྱི་འཕོ་འགྱུར་ཆེན་པོ་མིག་གིས་མཐོང་ཞིང་། ཁོར་རྒྱུན་དུ་ཡང་དག་པར་དབང་བཀོལ་བ་དང་སྤྱོད་གཙང་རང་གཅུན་བྱེད་པ། སྒེར་མེད་གསོལ་འབུལ་བྱེད་དགོས་པར་གདམས་པར་མ་ཟད། བབ་ཆགས་པའི་སྐད་ཆ་དེས་ཁོས་ལས་རྐང་སྟེང་བློ་དཀར་ཁག་ཁུར་བྱེད་པར་སྐུལ་མ་ཐོབ་པ་མ་ཟད། བྱམས་པ་དང་གུས་ལུགས། འགན་འཁྲི། ཕུགས་བསམ་བཅས་རྒྱུན་འཛིན་བྱེད་པའི་ཐད་བུ་མོར་སྣེ་ཁྲིད་ཀྱང་བྱས།

ཀོ་ཁྲའོ་ཅུན་གྱི་ཁྱིམ་སྲོལ་གཏམ་རྒྱུད་ནི་རྨ་ལྷོ་ཁུལ་གྱི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་བསྡུས་གཟུགས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱིས“ཁྱིམ་ཚང་གི་ཁྱིམ་སྲོལ་བཟང་པོས་སྤྱོད་གཙང་ལེགས་པོར་སྐྱོང་བའི”གཙོ་ཐིག་དེར་དམ་པོར་དམིགས་ཏེ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་རིགས་སོ་སོའི་སྤྱོད་གཙང་རིག་གནས་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། སྲོལ་བཟང་སྤྱོད་གཙང་གི་རིན་ཐང་འདུ་ཤེས་ཧུར་ཐག་གིས་གསོ་སྐྱོང་བྱེད་པ། སྤྱོད་གཙང་ལ་གོང་བཀུར་དང་སྤྱོད་གཙང་རུལ་རྒོལ་གྱི་རྣམ་པ་ལེགས་པོ་ནུས་ཤུགས་གང་ཡོད་ཀྱིས་གསར་སྐྲུན་བྱས་ཏེ།  དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཟབ་འཇུག་དྲང་སྒྲུབ་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་།

རྨ་ལྷོ་ཁུལ་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ“སྲོལ་གཙང་རྟགས་མའི”སྤྱོད་གཙང་རིག་གནས་ཡིག་གཟུགས་དཔྱད་བསྡུར་བྱ་འགུལ་སྤེལ་ཏེ། “པིར་སྨྱུག་གིས་སྲོལ་གཙང་གླེང་བ”བརྗོད་དོན་བྱས་ཏེ་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་ལས་རིགས་སོ་སོའི་ཡིག་གཟུགས་བརྩམས་ཆོས་སྡུད་ལེན་བྱས། བྱ་འགུལ་ལ་རིག་རྩལ་པ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་གང་ལེགས་ཐོབ་སྟེ། བསྡོམས་པས་སྤྱོད་གཙང་སྙན་ཚིག་དང་ཆ་ཡིག ལེགས་བཤད་སོགས180ལྷག་འབྱོར། ནང་དོན་གྱི་ཐད་ནས་དམངས་ལ་ཞབས་ཞུ་སྒྲུབ་པ་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་བའི་བརྩམས་ཆོས་ཡིན་ལ། དེའི་ཁྲོད་སྤྱོད་གཙང་ཁྱིམ་སྲོལ་བརྗོད་དོན་ཡིན་པའི་གསར་རྩོམ་ནི་མངོན་གསལ་དོད་པོ་ཞིག་རེད། བརྩམས་ཆོས་དེ་དག་གིས་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་མཉམ་བསྲེས་ཟབ་མོ་བྱས་པ་དང་། ཡིག་གཟུགས་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་ཀྱིས་རུལ་རྒོལ་སྤྱོད་གཙང་གི་འདུ་ཤེས་བརྟན་པོ་བརྒྱུད་སྒྲོག་བྱས་ལ། སྤྱོད་གཙང་ཁྱིམ་སྲོལ་གྱི་རིག་གནས་རྨང་གཞི་མངོན་ཏེ། རྨ་ལྷོ་ཁུལ་གྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་ལ་བསམ་བློའི་ཟབ་ཚད་དང་སྒྱུ་རྩལ་གྱི་དྲོད་ཚད་ལྡན་པའི་ཤོག་དྲིལ་རི་མོ་གསར་པ་ཞིག་བྲིས།

ཁྱིམ་ཚང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་ཆེད། རྨ་ལྷོ་ཁུལ་གྱིས“ཁྱིམ་ཚང་གིས་སྤྱོད་གཙང་ལ་རོགས་རེས་དང་བདེ་འཇགས་ལྷན་འཛོམས”ཞེས་པ་དང“ཁྱིམ་ཚང་གིས་སྤྱོད་གཙང་ལ་རོགས་རེས་དང་སྤྱོད་གཙང་རྒྱུན་གནས”ཞེས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། བྱ་འགུལ་གྱིས《སྤྱོད་གཙང་དང་ཁྱིམ་སྲོལ་མཉམ་གནས》སོགས་ཉེན་བརྡའི་སློབ་གསོ་བརྙན་ཐུང་ལ་ལྟ་བ་བརྒྱུད། གསར་དུ་རྒྱུགས་འཕྲོད་པའི་ན་གཞོན་ལས་བྱེད་པ་གཙོ་བོར་བཟུང་བ་དང་། ཁྱིམ་ཚང་གི་ཁོངས་མི་དེའི་ཁྲོད་འཇོག་པ། ཕུལ་བྱུང་ལ་གཟེངས་བསྟོད་བྱེད་པ་དང་། བར་ཐག་མེད་པ་དང་ལྗོངས་རྣམ་ཅན་གྱི་སློབ་གསོའི་རྣམ་པ་སྤྱད་དེ། ཁྱིམ་སྲོལ་འཛུགས་སྐྲུན་གྱི་ཉིང་བཅུད་ཕུན་ཚོགས་སུ་བཏང་ལ། ཁྱིམ་ཚང་གི་སྤྱོད་གཙང་ལ་རོགས་རེས་བྱེད་པའི་ཐབས་ལམ་རྒྱ་བསྐྱེད། བྱ་འགུལ་གྱི་སྐབས་སུ། བསྡོམས་པས་སྤྱོད་གཙང་ལ་རོགས་རེས་བྱེད་པའི་དམ་བཅའ་ཡི་གེ50ལྷག་ལ་མིང་རྟགས་བཀོད་དེ། ན་གཞོན་ལས་བྱེད་པར་སྤྱོད་གཙང་སྲིད་ཞུགས་ཀྱི“སྒྲོག་གུ་དང་པོ”སྒྲོག་ལ། ཁྱིམ་ཚང་གི་སྤྱོད་གཙང་ལ་རོགས་རེས་བྱེད་པའི་འགོག་སྲུང་ར་བ་བསྐྲུན།

དེ་ལས་གཞན་དུ། རྨ་ལྷོ་ཁུལ་གྱིས་སྲིད་གཙང་གཏམ་བཤད་བྱ་འགུལ་ལ་དམིགས་པ་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་ལ་མཉམ་འབྲེལ་བྱས་ཏེ“སྲིད་གཙང་རིག་གནས་དར་སྤེལ་དང་རྨ་ལྷོའི་གཏམ་རྒྱུད་ལེགས་པོར་བཤད་པའི”བརྗོད་དོན་གཏམ་བཤད་འགྲན་སྡུར་སྤེལ། འགྲན་སྡུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ། སྤྱོད་གཙང་རང་གཅུན། ཁྱིམ་སྲོལ་གཙང་མ་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་བ་དང་། ཉེ་འགྲམ་གྱི་མིའི་སྤྱོད་གཙང་གཏམ་རྒྱུད་གཙོ་ཐིག་བྱེད་པ། གཏམ་བཤད་ཀྱི་ཐབས་ལམ་གསར་སྐྲུན་བཅས་བྱས་ཏེ། “སྤྱོད་གཙང་དང་ཁག་ཁུར། གསོལ་འབུལ”གྱི་གཏམ་རྒྱུད་གསོན་ཉམས་ལྡན་པའི་སྒོ་ནས་བཤད། ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོ་ནས་ཐོན་པའི་འགྲན་ཞུགས་པ20དང་ཏང་ཡོན་ལས་བྱེད་པ260ལྷག་དེའི་ཁྲོད་ཞུགས་ཏེ། རྒྱལ་གཅེས་རིང་ལུགས་དང་སྤྱོད་གཙང་རིག་གནས་སྔར་བས་དར་སྤེལ་བཏང་བ་དང་། “སྤྱོད་གཙང་རྨ་ལྷོ”ཡི་འཛུགས་སྐྲུན་རྣམ་པ་མངོན་པར་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྤྱོད་གཙང་རིག་གནས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པར་སློབ་གསོ་དང་སྣེ་ཁྲིད་བྱས་ཤིང་། སྤྱོད་གཙང་འདུ་ཤེས་མི་སེམས་སུ་ཟུག་ཏུ་བཅུག་སྟེ། དྲང་ནུས་གང་མང་བརྒྱུད་སྒྲོག་བྱེད་ཀྱིན་ཡོད།

རྨ་ལྷོ་ཁུལ་གྱིས་བྱེད་སྟངས་རབ་དང་རིམ་པ་བརྒྱུད། སྤྱོད་གཙང་རིག་གནས་ཁྱིམ་ཚང་དུ་འདྲེས་སུ་བཅུག་པ་དང་། ཁྱིམ་སྲོལ་བཟང་པོས་སྲོལ་བཟང་ཆགས་སུ་བཅུག་སྟེ། དགེ་ཕྱོགས་སུ་འཕེལ་བའི་སྲོལ་བཟང་སྟོབས་ཤུགས་གོང་བུར་བསྒྲིལ། །


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།