ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“ཅན་དྲུག”གི་ཏང་ཀྲི་པུའུ་གསར་སྐྲུན་གཅིག་འདོམས་བྱེད་པ་དེ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་མཉམ་བསྲེས་ནུས་འདོན་དང་སློབ་ཆེན་པ་སྡེ་བར་སོང་ནས་ལས་འགན་འཁུར་བ་གཤོག་ཟུང་ལྟ་བུར་བྱས་ཤིང་། ཁོངས་ཡོངས་ཀྱི་མཉམ་ལས་འདེགས་སྐྱོར་དུ་བརྩིས་པ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་སྐུལ་འདེད་བྱེད་པ། གཞི་རིམ་རྨང་གཞི་ཁྱོན་ཡོངས་ནས་བརྟན་པོར་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་བརྗིད་ཉམས་ཆེ་བའི་ཤོག་དྲིལ་རི་མོ་རྒྱུན་ཆད་མེད་པར་བྲིས།
“དཀྱིལ་སྙིང་གཅིག་འདོམས”རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི“སྒུལ་ནུས་གཙོ་བོ”གསར་སྐྲུན་བྱས་པ། སྡེ་བའི་ཏང་ཀྲི་པུའུ་ཡི“ཅན་དྲུག”འཛུགས་སྐྲུན་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་དང་། རོང་འབྲོག་པའི་ཏང་ཡོན་གྱི་ཡིག་ཚགས་གནད་དོན་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི“ཕྱིར་ལྟ”བྱ་བ་ཏན་ཏིག་གིས་སྤེལ་ཏེ། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ལ་རྒྱུན་དུ་གྲལ་བཤེར་དང་དག་ཐེར་བྱས། “སྡེ་བ་རེར་སྲིད་ཇུས་རེ”ལྟར་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་གཞི་སྒྲིག་བཟོ་བྱེད་པ་དང་། ཐོན་ལས་མ་དཔེ་ལེགས་བསྒྱུར་དང་འཇོན་མི་གསོ་སྐྱོང་ལ་དོ་སྣང་བྱེད་པ། ཟོང་རྟགས་གསར་སྐྲུན་ཇེ་དྲག་ཏུ་བཏང་སྟེ། ཚོང་རའི་དཔལ་འབྱོར་གྱི་དགོས་མཁོ་དང་འཚམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པར་ཞུགས།
“གཤོག་ཟུང་སྒུལ་ཤུགས”ཇེ་དྲག་ཏུ་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི“འདེགས་སྐྱོར་བརྟན་པོ”ཇེ་བརྟན་དུ་བཏང་བ། “གནད་འགག་གྲངས་ཉུང”ལེགས་འཛིན་བྱེད་པ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་མཉམ་བསྲེས་ནུས་འདོན་དེ་རྫོང་དང་ཞང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་ཧྲུའུ་ཅིའི་ལས་འགན་གཙོ་བོར་བརྩིས་པ་དང་། སྡེ་སྡོད་ལས་བྱེད་པས“སྣེ་ཁྲིད”ནུས་པ་ཧུར་ཐག་གིས་བཏོན་ཏེ། ཐོན་ལས་སྦྲེལ་ཐག་གི་ཏང་འཛུགས་སྐྲུན་གྱི་མཉམ་འབྲེལ་རྣམ་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས། ཁྱོན་ཡོངས་ནས“སྡེ་བ་རེར་ལག་རོགས་རེའི”ནང་རྐྱེན་བཙུགས་པ་དང་། ཕ་ཡུལ་དུ་ལོག་པའི་སློབ་ཆེན་པའི་ཁྲོད་སྡེ་བ་རིམ་པའི་སྡེ་དོན་ལག་རོགས་པ་འདེམས་བསྐོ་བྱས་པར་མ་ཟད། ཕ་ཡུལ་དུ་ལོག་པའི་སློབ་ཆེན་པ580ཡིས“སྡེ་བ་རེར་ལག་རོགས་རེའི”ནང་རྐྱེན་ལ་བརྟེན་ཕ་ཡུལ་ལ་ནུས་པ་འདོན་པ་དང་། སྤྱོད་ཚུལ་ཕུལ་བྱུང་ཅན་གྱི་ལག་རོགས་པ396སྡེ་བ་རིམ་པའི་རྗེས་གྲབས་འཇོན་མིའི་མཛོད་དུ་བཞག
“ཁོངས་ཡོངས་མཉམ་ལས་བྱེད་པར”ཤུགས་བཏོན་ནས། གྲོང་གསེབ་དར་སྤེལ་གྱི“འགྲོས་ཚད”ཇེ་མགྱོགས་སུ་བཏང་བ། དངོས་སྒྲུབ་དང་དངོས་འབྲས། ཕན་འབྲས་བཅས་ལ་གཙིགས་མཐོང་བྱེད་པའི་མི་འདེམ་སྤྱོད་གྱི་སྟོན་ཕྱོགས་བརྟན་འཛུགས་དང་། ལས་བྱེད་འདེམ་སྤྱོད་བྱེད་པར་དཀའ་ངལ་ཆེ་བའི་ས་ཁུལ་དང་ཚེགས་ཆེ་བའི་ལས་རྐང་། གཞི་རིམ་གྱི་ལས་ཡུལ་དང་པོ་བཅས་སུ་ཕྱོགས་པར་དོ་སྣང་བྱས་ཏེ། ལས་བྱེད་ལས་བཟོ་བའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་བ་ཅི་དགར་སྐུལ་སློང་བྱས། “སྟོབས་ལྡན་སྡེ་བའི་འཆད་ཁྲིད་ཁང”དང་ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་སོགས་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ། རོང་འབྲོག་ཁུལ་གྱི་དངོས་བཀོལ་འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཞིང་ཕྱུགས་ལས་ལ་དགའ་བ་དང་རོང་འབྲོག་ཁུལ་ལ་དགའ་ཞེན་ཆེ་བ། རོང་འབྲོག་པར་དུངས་ཞེན་ཆེ་བའི་གྲོང་གསེབ་དར་སྤེལ་གྱི་རུ་ཁག་གསལ་པོ་ཞིག་བསྐྲུན།།