[ནང་དོན་གཙོ་བོ།] རྒྱ་བོད་གསར་འགྱུར་ལོ་ཙཱ་ལ་ཏང་གི་སྲིད་ཇུས་སྒྲོག་སྤེལ་རིན་ཐང་དང་དམངས་ཕན་ཞབས་ཞུའི་རིན་ཐང་སོགས་རིན་ཐང་གལ་ཆེན་ལྡན་པར་མ་ཟད། སྤྱི་ཚོགས་རིན་ཐང་དང་སྐད་བརྡའི་རིན་ཐང་། ལོ་རྒྱུས་རིན་ཐང་སོགས་ལོ་ཙཱ་སྤྱིའི་རིན་ཐང་ཡང་ཆེས་ཆེར་ལྡན། ད་ལྟའི་རྒྱ་བོད་གསར་འགྱུར་ལོ་ཙཱ་ལ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ན་ཡང་། མ་ལག་རང་བཞིན་གྱི་གཞུང་ལུགས་ཆོས་ཉིད་བརྟན་པོ་ཆགས་མེད་པས། གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་ད་དུང་གནད་དོན་མང་པོ་འབྱུང་བཞིན་ཡོད། དེ་བས་གསར་འགྱུར་ལོ་ཙཱའི་གཞུང་ལུགས་འཛུགས་སྐྲུན་དང་ཆོས་ཉིད་ཅན་གྱི་ཕྱོགས་ལ་བརྟུན་པ་ལྷུར་ལེན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཤིག་ཏུ་གྱུར་ཡོད་སྟབས། རྩོམ་འདིར་རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་འབྱུང་བའི་རྩ་བའི་ཐབས་ཏེ། རྟིང་སྐུལ་ལམ་ལུགས་ཚད་ལྡན་འཛུགས་པ་དང་། ཆེད་དམིགས་གསོ་སྦྱོང་མང་པོ་སྤེལ་བ། དབང་གྲགས་ལྡན་པའི་ལས་ཁུངས་ཀྱིས་ལྟ་སྐུལ་ཆད་གཅོད་བྱེད་པ། ལོ་ཙཱའི་ཡོ་བྱད་ཆ་ཚང་འཛོམ་པར་བྱེད་པ། ལོ་ཙཱ་བས་རང་སྦྱོང་ལ་འབད་པ་བཅས་ཀྱི་ཐབས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཞེ་ཚིག་སྒྱུར་སྟངས་དང་། སྒྲ་སྒྱུར་བྱེད་ཐབས། གྲངས་ཀའི་མིང་སྒྱུར་སྟངས། སྐད་ཆའི་རྗོད་པ་འགོད་སྟངས་ཀྱི་སྒྱུར་ལུགས། བོད་སྐད་ཀྱི་ལུགས་དང་མི་མཐུན་པའི་རྗོད་པ་སྤེལ་བའི་སྐྱོན་སེལ་ཐབས་བཅས་ཀྱི་ཐབས་ལམ་འགའ་དཔེ་དང་སྦྱར་ནས་དབྱེ་ཞིབ་གནད་དུ་ཐིངས་པ་བགྱིས་ཏེ། ད་སྐབས་ཀྱི་རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་འབྱུང་བར་དངོས་ཕན་རང་བཞིན་གྱི་བྱེད་ཐབས་འདོན་སྤྲོད་བྱས་ཡོད།
[གནད་ཚིག] རྒྱ་བོད་གསར་འགྱུར་ལོ་ཙཱ། གོང་འཕེལ། བྱེད་ཐབས།
གླེང་གཞི།
ལོ་ཙཱ་ཞེས་བྱ་བ་ནི་སྐད་ཡིག་གང་ཞིག་གིས་བསྟན་ཟིན་པའི་བརྗོད་དོན་རྩོམ་ཉམས་དང་བཅས་པ་སྐད་ཡིག་གཞན་ཞིག་གི་རྒྱུ་ཆ་དོ་མཉམ་སྤྱད་དེ་ཇི་བཞིན་བསྐྱར་དུ་མཚོན་པའི་རིག་གནས་བྱེད་སྒོ་ཞིག་སྟེ། ངོ་བོའི་ཆ་ནས་བརྗོད་ན“ཡང་བསྐྱར་གསར་རྩོམ”ཞིག་ཡིན། དེར་སྤྱིར་བཏང་དུ་སྤྱི་ཚོགས་རང་བཞིན་དང་། རིག་གནས་རང་བཞིན། བརྡ་རྟགས་བརྗེ་སྤོར་རང་བཞིན། གསར་རྩོམ་རང་བཞིན། ལོ་རྒྱུས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དེའི་རིན་ཐང་ཡང་སྤྱི་ཚོགས་དང་རིག་གནས། སྐད་བརྡ། གསར་གཏོད། ལོ་རྒྱུས་བཅས་ཕྱོགས་ལྔ་ནས་མངོན་ཡོད།[[1]] གསར་འགྱུར་ལོ་ཙཱ་ལ་མཚོན་ན་ཡང་དེ་ལྟ་བུའི་ངོ་བོ་དང་ཁྱད་ཆོས་ལྡན་པར་མ་ཟད། རིན་ཐང་ཡང་གང་ལ་དེ་འཚམ་ཞིག་མངའ་སྟེ། གསར་འགྱུར་ལོ་ཙཱའི་སྤྱི་ཚོགས་རིན་ཐང་ནི་སྤྱི་ཚོགས་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་། བརྡ་འཕྲིན་བརྗེ་རེས། ཆ་རྒྱུས་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་སྟེང་ནས་མངོན་ཡོད་པས། གསར་འགྱུར་ལོ་ཙཱ་བརྒྱུད་སྤྱི་ཚོགས་ཕན་ཚུན་བར་གྱི་འབྲེལ་འདྲིས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། སྐད་ཡིག་གིས་ཆོད་པའི་སྤྱི་ཚོགས་མི་འདྲ་བའི་བར་གྱི་གསར་འགྱུར་ཆ་འཕྲིན་རྣམས་དུས་ཐོག་ཏུ་སྤེལ་རེས་བྱེད་ཐུབ་ལ། དེ་དང་བསྟུན་ནས་སྤྱི་ཚོགས་དང་མི་རིགས་མི་འདྲ་བ་ཕན་ཚུན་རྒྱུས་ལོན་ཟབ་མོ་འབྱུང་ཐུབ། གསར་འགྱུར་ལོ་ཙཱའི་སྐད་བརྡའི་རིན་ཐང་ནི་སྔར་མེད་ཀྱི་བརྡ་དང་ཐ་སྙད་མང་པོ་བསྡུ་ལེན་དང་གསར་བཟོ་བྱེད་ནུས་པ་དང་། བརྡ་སྤྲོད་ཀྱི་རྣམ་གཞག་འཐུས་ཚང་དུ་གཏོང་ཐུབ་པའི་སྟེང་མངོན་ཡོད་དེ། ལོ་ཙཱའི་བྱེད་སྒོ་ཡིས་ང་ཚོར་མིང་བརྡ་གསར་པ་དང་རྗོད་སྟངས་གསར་པ། ཕུན་སུམ་ཚོགས་པའི་ཐ་སྙད། ཞིབ་ཚགས་ཆེ་ཞིང་ཡང་དག་པའི་སྐད་ཆའི་རྗོད་སྟངས་མང་པོ་ཞིག་བསྐྲུན་པར་རམ་འདེགས་ཀྱི་ནུས་པ་འདོན་པ་ཡིན། གསར་འགྱུར་ལོ་ཙཱའི་གསར་གཏོད་རིན་ཐང་ནི་བསམ་བློ་དང་རིག་གནས་བརྗེ་རེས་བརྒྱུད་ནས་བློ་སྐྱེད་གསར་པ་འབྱུང་བ་དང་གསར་གཏོད་ཀྱི་ལམ་དུ་འཇུག་པ། སྒྱུར་བྱེད་སྐད་ཆའི་རིག་གནས་ལ་གསོན་ཤུགས་གསར་པ་སྩོལ་བ། སྔོན་མེད་ཀྱི་བྱ་དངོས་གསར་པ་དང་འདུ་ཤེས་གསར་པ། བསམ་བློ་གསར་པ་སོགས་ནང་འདྲེན་བྱ་ཆེད། གསར་འགྱུར་ལོ་ཙཱས་ངེས་པར་དུ་གསར་གཏོད་ཀྱི་ལས་ཀ་མང་དུ་བྱ་དགོས་པ་སོགས་ཀྱི་སྟེང་མངོན་ཡོད། གསར་འགྱུར་ལོ་ཙཱའི་ལོ་རྒྱུས་རིན་ཐང་ནི་མིའི་རིགས་ཀྱི་ལོ་རྒྱུས་མདུན་སྐྱོད་དང་འཕེལ་རྒྱས་ཐད་ནས་མངོན་ཏེ། སྤྱི་ཚོགས་རྙིང་པའི་སྐབས་སུ་གསར་འགྱུར་སྒྲོག་སྤེལ་གྱི་ས་ཁོངས་རྒྱ་བསྐྱེད་པར་བཀག་རྒྱ་མང་ཞིང་གསར་འགྱུར་ལོ་ཙཱ་རྒྱུག་མི་ཆེ་བའི་དབང་གིས་རྒྱལ་ཁབ་ཅིག་ནས་དོན་ཆེན་ཞིག་བྱུང་ན་ཡང་། རྒྱལ་ཁབ་གཞན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་མེད་ཅིང་། སྔོན་ཐོན་རྒྱལ་ཁབ་དག་གིས་དེང་རབས་ཅན་གྱི་ཕྱོགས་སུ་གོམ་པ་འཕར་འགྲོས་ཀྱི་སྐྱོད་ཀྱིན་ཡོད་ན་ཡང་། ས་ཁུལ་ལ་ལ་སྔར་བཞིན་སྲོལ་རྒྱུན་གྱི་ལུགས་ལྟར་འཕེལ་མེད་རང་སོར་གནས་པ་ཡང་གང་མང་མཆིས། དེང་སྐབས་ནི་གསར་འགྱུར་སྨྱད་བྱད་རྒྱ་ཆེར་དར་བ་དང་། གསར་འགྱུར་ལོ་ཙཱ་ཤིན་ཏུ་རྒྱུག་ཆེ་བས། ས་ཕྱོགས་གཅིག་ནས་དོན་རྐྱེན་ཅི་ཞིག་བྱུང་ན་ཡང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་འགྲོ་བ་དང་། དེ་དང་བསྟུན་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་ཕྱོགས་ལའང་ཤུགས་རྐྱེན་སྣ་ཚོགས་ཐེབས་བཞིན་ཡོད་པ་སོགས་ནི་གསར་འགྱུར་ལོ་ཙཱའི་ལོ་རྒྱུས་རིན་ཐང་ཡིན།
རྒྱ་བོད་གསར་འགྱུར་ལོ་ཙཱ་ལ་མཚོན་ན། དམིགས་བསལ་གྱི་རིན་ཐང་འགའ་ཡང་མཆིས་ཏེ། དང་པོ་སྲིད་ཇུས་སྒྲོག་སྤེལ་གྱི་རིན་ཐང་ནི། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་ལྡན་པ་དང་། དམངས་ཕན་ཕྱུག་འགྱུར་ཡོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ཆེད་དུ། ཐུགས་རྒྱུད་བརྩེ་བས་ཕྱུག་ནས་ཡང་དག་པར་གཏན་ལ་ཕབ་པའི་འཐབ་ཇུས་དང་ཇུས་ཆོད། སྲིད་ཇུས་སྣ་ཚོགས་དང་། ལྷག་པར་དུ་བོད་སྐྱོང་སྲིད་ཇུས་དང་བོད་འབྲེལ་སྲིད་ཇུས་སྣ་ཚོགས་ཀྱི་དགོངས་པ་ཟབ་མོ་བོད་མི་དམངས་ཀྱིས་ཡང་དག་པར་རྟོགས་པ་ལ། རྒྱ་བོད་གསར་འགྱུར་ལོ་ཙཱས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད་པ་དེ་ཡིན། གཉིས་པ་དམངས་ཕན་ཞབས་ཞུའི་རིན་ཐང་ནི། རྒྱ་བོད་གསར་འགྱུར་ལོ་ཙཱ་བརྒྱུད་བོད་མི་དམངས་ཀྱིས་ཀྱང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་མཉམ་དུ། རྒྱལ་ཡོངས་དང་འཛམ་གླིང་གི་ཡུལ་གྲུ་སོ་སོར་དོན་དག་གསར་པ་ཅི་དང་གང་བྱུང་བ་རྣམས་དུས་ཐོག་ཏུ་རྟོགས་ཐུབ་པ་དང་། ལྷག་པར་དུ་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ཀྱིས་མི་དམངས་ཀྱི་ཆེད་དུ་དཀའ་སྡུག་ཁྱད་དུ་བསད་ནས་ཉིན་མཚན་དབྱེར་མེད་དུ་གཞུང་དོན་ལ་འབད་བཞིན་པའི་ཚུལ་རྣམས་ཇི་བཞིན་ཤེས་ཐུབ། གསུམ་པ་གྲུབ་འབྲས་དྲིལ་སྒྲོག་གི་རིན་ཐང་ནི། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ད་ལྟ་ཀྲུང་གོ་དུས་རབས་གསར་པར་བསྐྱོད་པའི་བར་གྱི་དུས་སྐབས་སོ་སོར་གྲུབ་འབྲས་རླབས་པོ་ཆེ་ཅི་དང་གང་བླངས་པ་རྣམས་དུས་ཐོག་ཏུ་དྲིལ་སྒྲོག་བྱས་ཤིང་། རྒྱ་ཆེ་བའི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་མངོན་འགྱུར་བྱས་པ་ལའང་རྒྱ་བོད་གསར་འགྱུར་ལོ་ཙཱས་ནུས་པ་མི་དམན་པ་བཏོན་པ་སོགས་ཡིན།
མདོར་ན། རྒྱ་བོད་གསར་འགྱུར་ལོ་ཙཱ་ལ་གསར་འགྱུར་ལོ་ཙཱ་སྤྱིའི་རིན་ཐང་ལྡན་པར་མ་ཟད། དམིགས་བསལ་གྱི་རིན་ཐང་ཡང་མང་པོ་ཡོད་པས། རིན་ཐང་དེ་དག་ཇི་བཞིན་མངོན་འགྱུར་བྱུང་ན། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་དར་བ་དང་། སྤྱི་ཚོགས་བརྟན་ལྷིང་འཆམ་མཐུན་ཡོང་བ། མི་དམངས་ཕྱུག་འགྱུར་བདེ་སྐྱིད་ལྡན་པ་སོགས་ལ་ཕན་ནུས་བླ་ན་མེད་པ་འབྱུང་། དེ་བས་རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་ཆེན་པོ་འབྱུང་རྒྱུ་ནི་གནད་དམ་པ་ཡིན་ལ། དེ་ཡང་མཐར་གཏུགས་ན་རྒྱའི་སྐད་ཡིག་ཐོག་གི་འབྲེལ་ཡོད་གསར་འགྱུར་རྣམས་ཚད་ཐིག་དང་ལྡན་པར་བོད་སྐད་ཡིག་ཐོག་ཏུ་ལོ་ཙཱ་བྱེད་ཐུབ་མིན་ལ་རེག་ལས་པས། རྒྱ་བོད་གསར་འགྱུར་ལོ་ཙཱའི་གལ་ཆེན་རང་བཞིན་དང་དོན་སྙིང་ཆེན་པོ་ཀུན་གྱི་ཐུགས་ལ་འཇགས་པར་བྱས་ནས་དེ་གོང་འཕེལ་འབྱུང་བའི་ཐབས་ལ་འབད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་གྱུར་ཡོད་དོ། །
དང་པོ། རྒྱ་བོད་གསར་འགྱུར་ལོ་ཙཱའི་གནས་བབ།
ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ཏེ། བཅིངས་འགྲོལ་བྱས་པའི་རྗེས་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་གཞུག་ནས། བོད་ཡིག་གསར་འགྱུར་སྡེ་ཁག་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་བྱུང་ཡོད་དེ། ཚགས་པར་ལ་མི་དམངས་ཉིན་རེའི་ཚགས་པར་བོད་ཡིག་པར་མ་སྟེ་རྒྱལ་ཁབ་རིམ་པའི་ཚགས་པར་གཅིག་དང་། བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར། མཚོ་སྔོན་ཁྲིམས་ལུགས་ཚགས་པར་སོགས་ལྗོངས་ཞིང་རིམ་པའི་ཚགས་པར་བདུན། ཀན་ལྷོའི་ཉིན་རེའི་ཚགས་པར་དང་དཀར་མཛེས་བོད་ཡིག་གསར་འགྱུར་ཚགས་པར། བདེ་ཆེན་བོད་ཡིག་ཚགས་པར་སོགས་རང་སྐྱོང་ཁུལ་རིམ་པའི་ཚགས་པར་གང་མང་། གཞན་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ས་ཁུལ་དྲུག་ཏུ་ཡང་སོ་སོའི་བོད་ཡིག་ཚགས་པར་ཡོད་པར་བཤད་ཀྱང་ད་ལྟའི་གནས་ཚུལ་མ་ངེས། རླུང་འཕྲིན་ལ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཁག་སྟེ་རྒྱལ་ཁབ་རིམ་པའི་རླུང་འཕྲིན་སྡེ་ཁག་གཅིག་དང་། བོད་ལྗོངས་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། སི་ཁྲོན་བོད་སྐད་རླུང་འཕྲིན་བཅས་ལྗོངས་ཞིང་རིམ་པའི་རླུང་འཕྲིན་གསུམ། ཀན་ལྷོའི་བོད་སྐད་རླུང་འཕྲིན་དང་རྔ་པའི་བོད་སྐད་རླུང་འཕྲིན་སོགས་ནི་ད་ལྟ་ཡོད་མེད་མ་ངེས། བརྙན་འཕྲིན་ལ་བོད་ལྗོངས་བརྙན་འཕྲིན་ཁང་དང་ཨ་མདོ་བརྙན་འཕྲིན་ཁང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ལྗོངས་ཞིང་རིམ་པའི་བརྙན་འཕྲིན་ཁང་གསུམ་མ་གཏོགས་མེད་པ་དང་། ཁུལ་དང་རྫོང་སོ་སོ་ན་བོད་རྒྱ་སྐད་གཉིས་མཐུན་སྡེབ་ཀྱི་བརྙན་འཕྲིན་ཁང་ཡོད་ཅིང་། དེ་དག་སོ་སོ་ན་ཉིན་རེར་དུས་ཡུན་ངེས་ཅན་གྱི་བོད་ཡིག་གསར་འགྱུར་གཏོང་བཞིན་ཡོད། དྲ་ཚིགས་ལ་ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། ཁམས་པའི་དྲ་བ། གུང་ཁྲན་ཏང་གི་གསར་འགྱུར་དྲ་བ། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་སོགས་ཀྲུང་དབྱང་རིམ་པ་དང་ཞིང་ཆེན་རིམ་པ། ས་ཁུལ་རིམ་པ་བཅས་ཀྱི་གཞུང་གཉེར་གསར་འགྱུར་དྲ་བ་མང་པོ་ཡོད། འདི་ལྟར་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན། དྲ་ཚིགས་རྣམས་ཕྱིའི་རྣམ་པ་ཙམ་ལ་བལྟས་ན། བོད་ཡིག་གསར་འགྱུར་གྱི་སྡེ་ཁག་རྣམས་གྲངས་ཀ་མང་ཞིང་སྟོབས་ཆེ་བ་དང་། དཔུང་འགྲིག་པར་སྣང་མོད། བློ་ཞིབ་མོས་རབ་ཏུ་བརྟགས་ན། རྩོམ་སྒྲིག་དཔུང་སྡེའི་ཆུ་ཚད་དམའ་བ་དང་། གསར་འགྱུར་གྱི་སྤུས་ཀ་ཞན་ལ་སྤེལ་གྲངས་ཉུང་བ། དུས་ཡུན་ཐུང་བ། འདོན་ཚད་དལ་བ་སོགས་ཀྱི་གནད་དོན་གང་མང་གནས་སྟབས། ད་དུང་བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་གསར་འགྱུར་སྣ་ཚོགས་དང་། བོད་འབྲེལ་སྲིད་ཇུས་སོགས་ཤེས་འདོད་ཀྱི་དགོས་མཁོ་དུས་ལྟར་ཡང་དག་པར་བསྐང་ཐུབ་ཀྱིན་མེད། དཔེར་ན། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ལྟ་བུར་མཚོན་ན་གཟའ་འཁོར་གཅིག་ལ་འདོན་ཐེངས་གཅིག་མ་གཏོགས་མེད་པས། དེས་བོད་འབྲེལ་སྤྱི་ཚོགས་ཀྱི་གསར་འགྱུར་ཆ་འཕྲིན་གྱི་དགོས་མཁོ་བསྐང་ཐུབ་ཀྱིན་མེད་པར་མ་ཟད། གསར་འགྱུར་གྱིས་དུས་ཚོད་ལ་དང་དོད་བྱེད་པའི་མྱུར་གསལ་རང་བཞིན་གྱི་རྩ་དོན་དང་ཡང་འགལ་ཡོད་པ་ལྟ་བུ་ཡིན། དེ་བཞིན་མི་དམངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་ཉིན་རེའི་ཚགས་པར་གཉིས་མ་གཏོགས། གཞན་པའི་ཚགས་པར་རྣམས་གཟའ་འཁོར་གཅིག་ལ་འདོན་ཐེངས་གཅིག་ནས་གཉིས་ཅན་རྐྱང་རྐྱང་ཡིན། བརྙན་འཕྲིན་ལ་མཚོན་ན་ཡང་། ད་ལྟ་བོད་འབྲེལ་ས་ཁུལ་དུ་ལྗོངས་ཞིང་རིམ་པའི་བརྙན་འཕྲིན་ཁང་གསུམ་ཡོད་ཀྱང་། དུས་ཚོད་ཉེར་བཞིའི་རིང་དུ་བོད་སྐད་རྐྱང་པའི་ལམ་ནས་མུ་འབྲེལ་དུ་གཏོང་བའི་བརྙན་འཕྲིན་ཁང་གཅིག་ཀྱང་མེད་ལ། རླུང་འཕྲིན་ལ་མཚོན་ན་ཡང་དེ་ལྟར་ཡིན། འོན་ཀྱང་། ད་སྐབས་སྨྱན་བྱད་གསར་པ་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་ཀྱིས་སྨྱན་བྱད་གསར་རྙིང་འདྲེས་སྦྱོར་བྱེད་པའི་སྲིད་ཇུས་བཏོན་ཅིང་བཅོས་སྒྱུར་རབ་དང་རིམ་པ་སྤེལ་བ་དང་བསྟུན་ནས། ད་ཡོད་ཀྱི་ཚགས་པར་སྡེ་ཁག་དང་། བརྙན་འཕྲིན་ཁང་། རླུང་འཕྲིན་ཁང་དེ་དག་ལ་ཡང་དྲ་ཚིགས་དང་། སྐད་འཕྲིན་སྤྱི་སྟེགས། བརྙན་ཐུང་ཨང་རྟགས། པོད་འཕྲིན། མགྱོགས་འཕྲིན། འཁྱུག་དབྱངས་སོགས་སྟེགས་བུ་སྣ་མང་ལྡན་པའི་སྨྱན་བྱད་འདྲེས་མའི་ལམ་དུ་བསྐྱོད་དང་སྐྱོད་བཞིན་མཆིས་ཤིང་། གསར་འགྱུར་མྱུར་ཚད་ཀྱི་ཕྱོགས་ནས་གོང་འཕེལ་ཅུང་ཟད་བྱུང་ཡོད། ཡིན་ན་ཡང་ད་ལྟའི་བོད་ཡིག་གསར་འགྱུར་བརྒྱ་ཆའི་དགུ་བཅུ་ཡན་ཆད་རྒྱ་ཡིག་ནས་བསྒྱུར་པ་ཤ་སྟག་ཡིན་སྟབས། ནམ་ཡིན་ཡང་རྒྱ་ཡིག་གསར་འགྱུར་དང་གོམ་སྟབས་གཅིག་གྱུར་འབྱུང་ཐུབ་ཀྱིན་མེད། གལ་ཏེ་དུས་མཉམ་དུ་སྤེལ་ན་ཡང་། གསར་འགྱུར་ལས་གཉེར་པ་རྣམས་ལས་ཆེད་ལས་མཁས་ཅན་ཉུང་ཞིང་ཆུ་ཚད་ཞན་པ་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས། གསར་འགྱུར་འགྱུར་རྩོམ་རྣམས་བོད་སྐད་ཀྱི་ལུགས་ལྟར་མ་བྱུང་བ་དང་། ཐ་སྙད་ཡ་མ་ཟུང་མང་པོས་བསླད་ནས་བོད་མི་བྱིངས་ཀྱིས་གོ་དཀའ་བའི་སྣང་ཚུལ་བྱུང་དང་འབྱུང་མུས་སུ་མཆིས།
དེ་ལྟར། བོད་ཀྱི་གསར་འགྱུར་ལོ་ཙཱའི་གནས་བབ་དེ་ལ་རྐྱེན་བྱས་ཏེ། བོད་ཡིག་གསར་འགྱུར་རྣམས་དུས་ལྟར་བོད་འབྲེལ་ས་ཁུལ་སོ་སོར་སྒྲོག་སྤེལ་བྱེད་མ་ཐུབ་པ་དང་། སྒྲོག་སྤེལ་བྱས་པ་རྣམས་ཀྱང་ཡུལ་གྲུ་ཀུན་ཏུ་ཁྱབ་མ་ཐུབ་པ། ཁྱབ་ཀྱང་གོ་བ་ཡང་དག་མ་ལོན་པས། བོད་ཡིག་གསར་འགྱུར་གྱི་ཞབས་ཞུ་ལས་འགན་ལེགས་པར་སྒྲུབ་ཐུབ་ཀྱིན་མེད་ཅིང་། བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེ་བའི་མི་དམངས་ཀྱི་གསར་འགྱུར་ཤེས་འདོད་ཀྱི་དགོས་མཁོ་དེ་བས་ཀྱང་ལེགས་པར་སྐོང་ནུས་བཞིན་མེད། དེ་ལྟ་ན་ཡང་། ད་ལྟའི་གནས་བབ་འདི་ལེགས་སྒྱུར་བྱེད་པའི་ཐད་ནས་རེ་བ་ཙམ་ཡང་མཐོང་རྒྱུ་མེད་སྟབས། ཁོ་བོའི་མ་དག་རྒྱུད་ཀྱི་དྲན་ཚུལ་ལ། གསར་འགྱུར་ལོ་ཙཱའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུགས་སུ་གྱུར་ཅིང་། བོད་སྐད་བོད་ཡིག་ལམ་ནས་གོ་བདེ་བའི་གསར་འགྱུར་ཞིག་སྤེལ་མ་ཐུབ་ན། གནད་དོན་གཞན་རྣམས་ཐག་བཅད་ན་ཡང་། གསར་འགྱུར་གྱི་རྩ་བའི་ལས་འགན་ལེགས་སྒྲུབ་དང་། རྒྱ་ཆེ་བའི་མི་དམངས་ཀྱི་གསར་འགྱུར་རྟོགས་འདོད་ཀྱི་དགོས་མཁོ་ལེགས་པར་བསྐང་བ་ལ་ཕན་ནུས་ཆེན་པོ་མེད་པར་འདོད་དོ། །
གཉིས་པ། རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་འབྱུང་བའི་ཐབས་སྤྱིར་བསྟན་པ།
གསར་འགྱུར་ལོ་ཙཱའི་འགྱུར་སྤུས་མ་དག་པས་གོ་མི་ཐུབ་པར་འགྱུར་ལ། གོ་མི་ཐུབ་པ་ནི་འགྱུར་སྤུས་མ་དག་པ་ཁོ་ནས་སྐྱེད་པ་མིན་ཡང་། དེའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེས་ན་འགྱུར་སྤུས་དག་མོ་ཞིག་འབྱུང་བ་ལ། མ་ཡིག་གི་དོན་ཡང་དག་པར་སྟོན་པ་དང་གཅིག སྒྱུར་བྱེད་ཀྱི་སྐད་ལ་བརྗོད་བདེ་བ་དང་གཉིས། མ་ཡིག་གི་ཉམས་དང་མཚུངས་པ་དང་གསུམ་གྱིས་སྒོ་ནས་ཚད་འཇལ་དགོས། མ་ཡིག་གི་དོན་ཡང་དག་པར་སྟོན་པ་ལ་བསྒྱུར་བྱ་མ་ཡིག་གི་སྐད་ཡིག་ལེགས་པར་རྟོགས་དགོས། འདི་ནི་གསར་འགྱུར་གྱི་དོན་དངོས་རང་བཞིན་ཞེས་པའི་རྩ་དོན་གྱི་བླང་བྱ་ཡང་ཡིན། དེང་སྐབས་ཀྱི་གསར་འགྱུར་ལོ་ཙཱ་བར་མཚོན་ན། མ་ཡིག་རྒྱ་ཡིག་གི་དོན་སྤྱི་ཙམ་རྟོགས་མི་ཐུབ་མཁན་ཕལ་ཆེར་མེད་ཅིང་། ཆེད་བཀོལ་མིང་བརྡ་དང་ཐ་སྙད་རེ་འགའི་མཐུལ་མ་རྟོགས་ཚེ། སྐབས་ཐོག་ཏུ་ཚིག་མཛོད་དང་དྲ་བའི་སྒང་དུ་བཙལ་ན་གོ་བ་ཞིབ་མོ་རྙེད་ཐུབ། སྒྱུར་བྱེད་ཀྱི་སྐད་དུ་བརྗོད་བདེ་བར་འབྱུང་བ་ལ་སྒྱུར་བྱེད་ཀྱི་སྐད་ཡིག་ཁོང་དུ་ཆུད་དགོས། འདི་ནི་གསར་འགྱུར་གྱི་གོ་བདེའི་རང་བཞིན་ཞེས་པའི་རྩ་དོན་གྱི་བླང་བྱ་ཡང་ཡིན། འདིའི་ཐད་ནས་དེང་སྐབས་ཀྱི་གསར་འགྱུར་ལོ་ཙཱ་བ་རྣམས་སྤྱིའི་ཆ་ནས་བོད་སྐད་ཡིག་གི་ཆུ་ཚད་དམའ་ཞིང་། ཐ་སྙད་ཡང་དག་པར་སྤྱད་ནས་བོད་སྐད་ཀྱི་ལུགས་དང་མཐུན་པའི་རྗོད་པ་ལེགས་པོ་ཞིག་སྤེལ་བར་ཡང་དཀའ་བའི་གནས་སུ་གྱུར་ཡོད་སྟབས། བོད་ཡིག་གི་རྣམ་དབྱེ་ཚིག་ཕྲད་དང་བཅས་པའི་སུམ་རྟགས་དག་གསུམ་དང་། རྩོམ་འབྲིའི་ནུས་རྩལ། རྗོད་པ་སྤེལ་སྟངས་ལ་བྱང་བར་སྦྱངས་དགོས་ལ། ལྷག་པར་དུ་གཞན་སྐད་ཀྱིས་མ་བསླད་པའི་སྔ་རབས་མཁས་པའི་གསུང་རྩོམ་གྲགས་ཅན་ཡང་ཡང་མཇལ་ནས། མིང་བཀོལ་སྟངས་དང་། ཚིག་སྒྲིག་ལུགས། རྗོད་པ་སྤེལ་སྟངས་སོགས་ལ་བག་ཆགས་ཟབ་མོ་འཇོག་དགོས། མ་ཡིག་གི་ཉམས་ཏེ་ཚིག་གི་ཉམས་དང་དོན་གྱི་ཉམས་སྒོ་ཀུན་ནས་མཚུངས་པ་ཞིག་འབྱུང་བ་ལ་ལོ་ཙཱའི་གཞུང་ལུགས་ཀྱི་བློ་སྦྱོང་དང་ལག་ལེན། བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གིས་བསྡུས་པའི་རིག་གནས་ཀྱི་ཁམས་སོགས་ཡང་དག་པར་རྟོགས་དགོས། འདི་ནི་མ་ཡིག་གི་རྣམ་པ་ཇི་བཞིན་སོར་འཇོག་བྱེད་པ་དང་། མ་ཡིག་ལས་མངོན་པའི་ལངས་ཕྱོགས་དང་བསྟོད་སྨད་ཀྱི་ཡིད་འགྱུར་སོགས་ཇི་བཞིན་མཚོན་པར་བྱེད་པའི་བླང་བྱ་ཡང་ཡིན། འདི་ལ་མཚོན་ན། སྤྱིར་བཏང་དུ་ལོ་ཙཱའི་གཞུང་ལུགས་ཀྱི་བློ་སྦྱོང་དང་ལག་ལེན་ལ་བྱང་བའི་ཐོག ཕྱི་ནང་རིག་གནས་ཀྱི་མཐོང་རྒྱ་ཡངས་དགོས་པ་དང་། ལྷག་པར་དུ་དཔེ་ཆོས་དང་རིག་གནས་མཚོན་རྟགས་མངོན་པར་གསལ་བའི་ཐ་སྙད་སོགས་ལ་འཕྲད་ན། དེའི་མཚོན་དོན་གཏམ་རྒྱུད་དང་བཅས་པ་མཚོན་པར་བྱེད་དགོས་པས། སྐབས་ཐོག་ཀུན་ཏུ་བཙལ་ནས་ཐད་སྒྱུར་གཙོ་བོས་ཡང་དག་པར་བསྒྱུར་ན་འཐུས་ཙམ་ཡིན། གོང་བརྗོད་ཀྱི་འདི་དག་ཁོང་དུ་ཆུད་ཅིང་གསར་འགྱུར་ལོ་ཙཱ་བ་ཚད་ལྡན་ཞིག་ཏུ་འགྱུར་བར་དུས་རྟག་ཏུ་སློབ་གཉེར་བྱ་རྒྱུ་ནི་སྒོ་ཀུན་ནས་བལྟས་ཀྱང་གལ་ཆེན་དུ་གྱུར་ཡོད། གལ་ཏེ་རྒྱ་བོད་གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་སློབ་གཉེར་གྱི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ན། འགྱུར་གྱི་སྤུས་ལེགས་ཤིང་དག་མོ་ཞིག་འབྱུང་བའི་མཐུན་རྐྱེན་དུ་འགྱུར་བ་གོར་མ་ཆག་མོད། དེང་དུས་ཕལ་ཆེ་བ་ཞིག་སློབ་གཉེར་ལ་མི་སྤྲོ་བར་ལས་འགན་སྤྲོད་ཐབས་ཁོ་ནས་དུས་འདའ་བར་བྱེད་པས་ན། ཕྱི་ནང་གི་ཐབས་ཚུལ་སྣ་ཚོགས་ལ་བརྟེན་ནས་ཉེན་ཟོན་གྱི་འདུ་ཤེས་རྒྱུད་ལ་བསྐྱེད་ཅིང་། གོང་འཕེལ་ཡར་བརྩོན་ལ་སྐུལ་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་གྱུར་ཡོད།
གཅིག རྟིང་སྐུལ་ལམ་ལུགས་ཚད་ལྡན་འཛུགས་དགོས།
སྤྱིར་བཏང་དུ་སོ་སོ་སྐྱེ་བོའི་སྤྱི་གཤིས་ནི་ཁེ་གཉེར་གྱོང་གཡོལ་དུ་སྣང་བས། ཚུལ་འདི་ལ་གཞིར་བྱས་ནས། རྟིང་སྐུལ་ལམ་ལུགས་ཚད་དང་ལྡན་པ་ཞིག་འཛུགས་པར་འབད་དགོས་ཏེ། དཔལ་འབྱོར་རིག་པའི་གཞུང་ལུགས་ལྟར་ན། རྟིང་སྐུལ་ལམ་ལུགས་ཚད་ལྡན་ཞིག་གིས་མིའི་ཧུར་བརྩོན་གྱི་སེམས་ཤུགས་སློང་ཐུབ་པར་འདོད་ཅིང་། དེས་སྐུལ་བའི་དབང་གིས་མི་ཐམས་ཅད་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཆེར་སྐྱེད་པ་དང་གྱོང་གུན་ལ་གཡོལ་བར་འབད་དོ། །[[2]] དེས་ན། གསར་འགྱུར་ལོ་ཙཱ་ལའང་རྟིང་སྐུལ་ལམ་ལུགས་ཚད་ལྡན་ཞིག་ངེས་པར་དགོས་ཤིང་། དེ་ཡང་ད་ལྟའི་གསར་འགྱུར་སྡེ་ཁག་དག་གི་མང་ལས་མང་ཐོབ་ཀྱི་ལམ་སྲོལ་ཙམ་མ་ཡིན་པར། མང་ལས་མང་ཐོབ་དང་ལེགས་ལས་མཆོག་ཐོབ་གཉིས་ཟུང་དུ་སྦྲེལ་ཐོག མ་ལས་མི་ཐོབ་དང་འཁྲུལ་ལས་མང་འཐེན་གཉིས་ཀྱང་ཁ་བསྣན་ནས། རྟིང་སྐུལ་གྱི་ནུས་པ་ཆེར་སྐྱེད་པའི་ལམ་ལུགས་ཏེ། ལས་གཉེར་ན་ཐོབ་བྱ་ཡོད་ལ་མ་གཉེར་ན་ཅི་ཡང་མི་ཐོབ་པ་ཙམ་ལས་བརྒལ་ཏེ། ལས་མང་པོ་གཉེར་ན་ཐོབ་བྱ་མང་དུ་འབྱུང་བ་དང་། ལེགས་པོའི་ལས་ལ་ཀུན་ལས་མང་ཞིང་མཆོག་ཏུ་ཐོབ་ཅིང་། ནོར་འཁྲུལ་བྱུང་ན་ཕྱིར་མང་དུ་འཐེན་པའི་རྟིང་སྐུལ་ལམ་ལུགས་ཆ་ཚང་ཞིང་ཚད་དང་ལྡན་པ་ཞིག་ངེས་པར་འཛུགས་དགོས་པ་ཡིན། དཔེར་ན། ཉིན་གཅིག་གི་གསར་འགྱུར་སྒྱུར་རྩོམ་རྣམས་ལས། ཡིག་ནོར་ཡོད་མེད་དང་། རྗོད་པ་ལེགས་མིན། ཐ་སྙད་ཡང་དག་སྤྱད་ཡོད་མེད་སོགས་ལ་ལེགས་པར་གཞིགས་ནས། འགྱུར་སྤུས་ལེགས་ཤོས་ཀྱི་གསར་འགྱུར་གཅིག་རེ་བདམས་ཏེ། དེར་མ་གཞི་འབབ་འོས་པའི་ཐོབ་བྱ་ལས་ལྡབ་འགའི་མང་བར་སྟེར་བ་དང་། གལ་ཏེ་དེ་ལས་ལྡོག་ན་ཡིག་ནོར་གྱི་མང་ཉུང་དང་། རྗོད་པ་མ་དག་པའི་ཚད་སོགས་ལ་བསྟུན་ནས་ཆད་པ་རིམ་པར་བཅད་ཚེ། ཚང་མས་གཙིགས་ཆེར་བཟུང་ནས་འགྱུར་སྤུས་ཇེ་ལེགས་སུ་འགྲོ་བར་ཐེ་ཚོམ་མེད་དོ། །
གཉིས། ཆེད་དམིགས་གསོ་སྦྱོང་མང་པོ་སྤེལ་དགོས།
ཉེ་བའི་ལོ་འདི་དག་གི་རིང་ལ། བོད་ཀྱི་གསར་འགྱུར་ལས་རིགས་ཀྱི་སྡེ་ལ་མཚོན་ན། གསར་འགྱུར་ལོ་ཙཱ་ཐད་ཀྱི་གསོ་སྦྱོང་སྤེལ་གྲངས་ཉུང་ཞིང་། ལྷག་པར་དུ་ཆེད་དམིགས་གསོ་སྦྱོང་དེ་བས་ཀྱང་ཉུང་། དཔེར་ན། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལྟར་ན། ལོ་གཅིག་ལ་ཆེད་ལས་གསོ་སྦྱོང་ཐེངས་གཅིག་སྤེལ་ཡོད་མེད་ཙམ་ཡིན་ལ། དེ་ཡང་གནད་ལ་ཁེལ་མིན་དང་། ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་མེད། གནས་ཚུལ་དངོས་དང་མཐུན་མིན་སོགས་ལ་མ་ལྟོས་པར་གསོ་སྦྱོང་བསྒྲུབས་པ་ཙམ་དུ་ཟད། གསོ་སྦྱོང་སྤེལ་བ་དེ་ཡང་ད་ཡོད་གནས་ཚུལ་དངོས་ཀྱི་མཐིལ་རྟོགས་པའི་སྒོ་ནས། ད་ལྟའི་གནད་དོན་རྣམས་ཐག་གཅོད་པར་ཕན་ཞིང་། རྣག་ཐོག་ཁབ་གཙགས་ལྟ་བུའི་གནད་ལ་ཕོག་པ་ཞིག་ངེས་པར་དགོས་ཏེ། ལོ་ཙཱའི་གཞུང་ལུགས་ཁོང་དུ་མ་ཆུད་ཅིང་སྒྱུར་ཐབས་དམ་པ་དག་སྤྱོད་མི་ཤེས་པའི་གནད་དོན་ལ་དམིགས་པ་དང་། བོད་སྐད་རྣལ་མ་བརྗོད་མ་ཤེས་པར་རྒྱ་སྐད་ལུགས་ཀྱི་བོད་སྐད་སྨྲ་པ་དག་གི་རྩ་བའི་བཅོས་ཐབས་སྟོན་པ། མི་རིགས་སོ་སོའི་རིག་གནས་ལོ་རྒྱུས་ཀྱི་ནང་ཁོང་མ་ལོན་པར་མུན་སྤྲུལ་དུ་བསྒྱུར་བའི་སྐྱོན་སེལ་བ། ཁ་སྐད་དང་ཡིག་སྐད་ཀྱི་བར་སྡོད་གནས་ཚོད་མ་ཐིག་པར་མདོ་དབུས་ཁམས་གསུམ་སོ་སོའི་ཡུལ་སྐད་ཁོ་ནར་བསྟུན་དྲགས་པའི་སྐྱོན་སེལ་ཐབས་བཤད་པ་སོགས་གནད་དོན་བྱེ་བྲག་པ་གཅིག་ལ་དམིགས་ནས། རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་གསོ་སྦྱོང་གནད་དུ་སྨིན་པ་སྤེལ་བ་ལས། དུས་རྟག་ཏུ་སྤྱི་བུམ་པ་ཙམ་བཤད་ནས་མི་སྡོད་པ་གལ་ཆེའོ། །
གསུམ། དབང་གྲགས་ལྡན་པའི་ལས་ཁུངས་ཀྱིས་ལྟ་སྐུལ་ཆད་གཅོད་བྱ་དགོས།
ད་ལྟའི་བོད་ཀྱི་གསར་འགྱུར་སྡེ་ཁག་དག་གི་གསར་འགྱུར་འགྱུར་ཡིག་ལ་བལྟས་ན། ཐ་སྙད་གསར་པ་གཅིག་གྱུར་མ་ཡིན་པ་རྟ་མོག་མོག་གི་སྤུ་ལྟར་བགྲང་གིས་མི་ལངས་པ་མཆིས་ཤིང། ཐ་ན་ཉིས་སྟོང་ཉི་ཤུ་ལོའི་རིམས་ནད་ཀྱི་མིང་ཏོག་གསར་དང་པྲོག་གསར་གཉིས་ཀྱི་རྩོད་པ་ཁོ་ནར་བལྟས་ན་ཡང་ཟུར་ཙམ་ཤེས་ནུས། གཞན་ཡང་ཐ་སྙད་ཚད་ལྡན་མ་ཡིན་པ་དང་། དོན་སྐྱོན་ཚིག་སྐྱོན་རྗོད་པའི་སྐྱོན་སོགས་ཞིང་ནང་གི་ལྡུམ་བུ་བཞིན་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་ན་ཡང་། བོད་མདོ་དབུས་ཁམས་གསུམ་གྱི་གསར་འགྱུར་སྡེ་ཁག་སོ་སོ་ལ་མཚོན་ན། རང་རང་སོ་སོ་ན་བདག་ནི་མཆོག་སྟེ་གཞན་ནི་གཏི་མུག་གོ་ཞེས་པའི་ཨུ་ཚུགས་མཁྲིགས་འཛིན་གྱི་བློ་གུ་དོག་པོའི་དབང་དུ་གྱུར་ཏེ། སྤྱི་ཁོག་ཁོང་དུ་ཆུད་ཅིང་ཆེ་ཕྱོགས་ལ་དམིགས་པའི་བསམ་བློ་ནི་ཨུ་དམ་ཝ་རའི་མེ་ཏོག་བཞིན་དཀོན་པ་ནས་ཀྱང་ཤིན་ཏུ་དཀོན་པར་གྱུར་ཡོད་ཅིང་། རང་རྟོགས་སྒོས་ཕན་ཚུན་ལ་གུ་ཡངས་དང་བཟོད་སྒོམ། དང་ལེན་བཅས་ཀྱིས་སོ་སོའི་ལེགས་ཚོགས་ལ་སློབ་སྦྱོང་བྱས་ཏེ་གཅིག་གྱུར་ལ་གཞོལ་བ་ནི་རྨི་ལམ་དུ་ཡང་འཁོར་དཀའ་བའི་ཚོད་དུ་གནས་ཡོད་པས། དེ་དག་ལ་རང་རྟོགས་སྒོས་གཅིག་གྱུར་གོང་འཕེལ་ལ་འབད་པར་རེ་བ་ནི་ནེ་ལེས་ཨ་བྲར་སྒུག་པ་དང་སྒོ་ཀུན་ནས་མཚུངས་སྟབས། ངེས་པར་དུ་རྒྱལ་ཁབ་ཀྱི་ངོས་ཐད་ནས་དབང་གྲགས་ལྡན་པའི་ལས་ཁུངས་ཤིག་གིས་བཙན་ཤུགས་ལ་བརྟེན་ནས་ཐ་སྙད་གཅིག་གྱུར་མ་ཡིན་པ་གཙོ་བོ་གྱུར་པའི་འགྱུར་སྐྱོན་རྣམས་འབུར་འཇོམས་མ་བྱས་ན་རེ་བ་ཡེ་ནས་མེད་པར་སྣང་། དེ་ཡང་ཐོག་མར་རྒྱུན་སྤྱོད་ཐ་སྙད་རྣམས་རབ་དང་རིམ་པར་གཅིག་གྱུར་བྱས་ཤིང་། བོད་འབྲེལ་ས་ཁུལ་ཡོངས་ཀྱི་གསར་འགྱུར་སྡེ་ཁག་དག་ལ་འགྲེམས་པ་དང་། དེ་ནས་རིམ་བཞིན་གཟའ་འཁོར་རེ་ལ་རྩད་ཞིབ་ཐེངས་རེ་བྱེད་ཅིང་། རྩད་ཞིབ་གོ་རིམ་ཁྲོད་དུ། གསར་འགྱུར་སྡེ་ཁག་གང་ཞིག་གིས་གཅིག་གྱུར་ཐ་སྙད་ལྟར་བེད་སྤྱོད་བྱས་མེད་པ་དང་། མིང་ཚིག་རྗོད་པ་གསུམ་ལ་འགྱུར་སྐྱོན་ཅི་མཆིས་པ། དེ་མིན་གཞན་པའི་འགྱུར་སྐྱོན་སོགས་མཐོང་ཚེ། གང་དེའི་ལོ་ཙཱ་བ་དང་། ཞུས་ཆུང་པ། ཞུས་ཆེན་པ། འགན་ཁུར་པ་བཅས་ལ་སྔ་ཕྱིའི་བབ་དང་བསྟུན་ནས་ཆད་པ་ལྗིད་མོ་གཅོད་དགོས། འདི་ལ་གནད་འགག་གཉིས་ཡོད་དེ། དང་པོ་ནི་གསར་བྱུང་ཐ་སྙད་གཅིག་གྱུར་གྱི་ལས་དུས་རབས་འཕེལ་འགྱུར་གྱི་རྗེས་ཆོད་པ་དང་། གཉིས་པ་ནི་རྩད་ཞིབ་ཆད་གཅོད་ཡོ་གཟེར་མེད་པར་གཟབ་ནན་གྱིས་ལག་ལེན་དུ་འདེབས་པ་དེ་ཡིན་ན་ཡང་། དེང་སྐབས་ཀྱི་བོད་ལ་མཚོན་ན། བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་སོགས་ཡོད་ཀྱང་། དེ་དག་ལ་ཐ་སྙད་གཅིག་གྱུར་བཀས་བཅད་གནང་བའི་ལས་འགན་ཡོད་པ་ལས་དེ་ལྟར་བཀོལ་སྤྱོད་བྱེད་དུ་འཇུག་པའི་དབང་ཤུགས་མེད་པ་ནི་གནད་འགག་ཅིག་ཏུ་གྱུར་ཡོད་དོ། །
བཞི། ལོ་ཙཱའི་ཡོ་བྱད་ཆ་ཚང་འཛོམ་དགོས།
དགེ་རྒན་ལྕགས་ཐར་རྒྱལ་གྱིས་འཆད་ཁྲིད་ཅིག་གི་སྐབས་སུ། རྒྱ་བོད་དང། དབྱིན་བོད། འཕགས་བོད་སྐད་ཀྱི་ཤན་སྦྱར་ཚིག་མཛོད་གྱ་གཉིས་ལྷག་བསྟན་ནས། ཤན་སྦྱར་ཚིག་མཛོད་ཆ་ཚང་ཞིག་མེད་ན། གསར་འགྱུར་ལོ་ཙཱ་ཚད་ལྡན་ཞིག་ཡོང་ཐབས་མེད་པར་གསུངས་པ་ནི་བདེན་པའི་གཏམ་དུ་འཁུམས་ཏེ། གསར་འགྱུར་གྱི་ནང་དོན་ནི་ཤེས་བྱ་སྣ་མང་འདུས་པའི་ཕུང་པོ་ཞིག་ཡིན་པས། རིག་ཚན་སོ་སོ་དང་འབྲེལ་བའི་ཆེད་བཀོལ་ཤན་སྦྱར་ཚིག་མཛོད་དགོས་ཤིང་། ཚོག་མཛོད་ལ་མ་བརྟེན་པར་གསར་འགྱུར་ལོ་ཙཱ་ཚད་ལྡན་ཞིག་འཁྱོང་རྒྱུ་ཉིན་མའི་སྐར་མ་བཞིན་དཀོན། དེ་བས་ན། གསར་འགྱུར་ལོ་ཙཱའི་སྤུས་ཀ་མཐོར་འདེགས་པར་འབྲེལ་ཡོད་ཤན་སྦྱར་ཚིག་མཛོད་ཀྱང་ཆ་ཚང་ཞིག་དགོས་པ་ནི་རྨང་གཞིའི་ལས་ཤིག་ཏུ་གྱུར་ཡོད་ཀྱང་། ད་ལྟའི་བོད་ཡིག་གསར་འགྱུར་སྡེ་ཁག་རྣམས་ལས་ཤན་སྦྱར་ཚིག་མཛོད་ཆ་ཚང་ཡོད་མཁན་གཅིག་ཀྱང་མེད་ཅེས་ཁོ་བོས་ཁ་ཚོན་བཅད་ནས་སྨྲ་སྤོབས་པའི་ཚོད་ཡིན་སྟབས། འདི་ཡང་བོད་ཀྱི་གསར་འགྱུར་སྡེ་ཁག་དག་གིས་འབད་པ་བྱ་དགོས་པའི་གནས་ཤིག་ཅི་ལ་མིན། ལྷག་པར་དུ་མྱུར་མཁོའི་ཤན་སྦྱར་ཚིག་མཛོད་ནི་ངེས་པར་དུ་ཚང་དགོས་ཏེ། ས་མིང་སྟེ་སྲིད་འཛིན་ས་ཁུལ་གྱི་མིང་དང་རི་ཆུ་ལུང་པའི་མིང་། དགོན་མིང་སོགས་ཀྱི་རྒྱ་བོད་ཤན་སྦྱར་དང་། རྒྱུན་སྤྱོད་ཐ་སྙད་དེ་རྒྱལ་ཁབ་སོ་སོའི་མིང་དང་ཡུལ་ལུང་གྲགས་ཅན་གྱི་མིང་། རྒྱུན་མཐོང་མི་སྣ་གྲགས་ཅན་གྱི་མིང་། འཚོ་བའི་རྒྱུན་སྤྱོད་ཐ་སྙད་སོགས་ཀྱི་རྒྱ་བོད་ཤན་སྦྱར། གསར་བྱུང་ཐ་སྙད་རྒྱ་བོད་ཤན་སྦྱར་སོགས་ནི་མ་མཐའ་ཡང་ཚང་དགོས་པ་ཡིན་ནོ། །
ལྔ། ལོ་ཙཱ་བས་རང་སྦྱོང་ལ་འབད་དགོས།
དེང་སྐབས་རྒྱལ་ནང་གི་བོད་ཡིག་གསར་འགྱུར་གྱི་ལོ་ཙཱ་བའི་སྡེ་ལ་ཞིབ་ཏུ་བལྟས་ན། ཆེད་ལས་ལོ་ཙཱ་བ་ཉུང་ཞིང་། བརྒྱ་ལ་རེ་འགའ་ཡོད་ན་ཡང་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ལ་བྱང་ཆ་ལྡན་པ་དང་། གནའ་དེང་ཕྱི་ནང་གི་རིག་གནས་རྒྱབ་ལྗོངས་ཀུན་ལ་རྒྱུས་མངའ་ཟབ་པ་ཤིན་ཏུ་དཀོན། དཔེར་ན། ཀྲུང་གོ་བོད་ཀྱི་དྲ་བ་ལྟ་བུར་མཚོན་ན། ལས་མི་ཉེར་གཉིས་ཡོད་ཅིང་། དེ་ལས་ལས་བཏགས་ལོ་ཙཱ་བ་བདུན་དང་། ཞོར་གཉེར་ལོ་ཙཱ་བ་གང་མང་བཅས་ཀྱིས་གྲུབ་ཡོད་པས། བོད་ཀྱི་གསར་འགྱུར་སྡེ་ཁག་གཞན་དང་བསྡུར་ན། གསར་འགྱུར་ལོ་ཙཱའི་དཔུང་ཁག་ཅུང་སྟོབས་ཆེ་བར་སྣང་མོད། དོན་དམ་པར་ཆེད་ལས་ལོ་ཙཱ་བ་རེ་འགའ་ལས་མེད་པས་དེ་ཡང་རྣམ་པ་ཙམ་ཡིན། དཔེ་འདི་དང་རིགས་བསྒྲེས་ནས་བོད་ཡིག་གསར་འགྱུར་སྡེ་ཁག་གཞན་དག་གི་གནས་ཚུལ་ཡང་རགས་ཙམ་རྟོགས་ཐུབ། འདི་ནི་ད་ལྟའི་བོད་ཡིག་གསར་འགྱུར་སྡེ་ཁག་གི་ལོ་ཙཱ་བའི་གནས་བབ་དངོས་ཡིན་ཞེས་བརྗོད་ན་ཡང་འགལ་བ་ཆེར་མེད། འདི་ལྟ་བུའི་གནས་ཚུལ་དངོས་ངོས་ཟིན་པར་བྱས་ནས། གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་དུས་རྒྱུན་བསླབ་པ་སློབ་གཉེར་ལ་གཙིགས་འཛིན་བྱ་དགོས་ཏེ། 《རྣམ་བཤད་རིག་པ》ལས། མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བའོ། །[[3]] ཞེས་གསུངས་པ་ལྟར། དུས་རྟག་ཏུ་སློབ་གཉེར་ལ་འབད་པ་བྱས་ན། མི་ཤེས་པའི་གནས་རྣམས་ཤེས་པར་འགྱུར་བ་དང་། ཐེ་ཚོམ་སེལ་བ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ཡང་དག་པར་གནས་པ། ཚིག་དོན་ཟབ་མོ་རྣམས་ཀྱི་མཐིལ་རྟོགས་པར་འགྱུར་བ་སོགས་དགེ་མཚན་བླ་ན་མེད་པ་མཆིས་པས། སློབ་གཉེར་གྱིས་གསར་འགྱུར་ལོ་ཙཱའི་སྤུས་ཀ་མཐོར་འདེགས་པར་ཕན་ནུས་ཆེན་པོ་འབྱུང་བ་བསྙོན་དུ་མེད། དེ་བས་གསར་འགྱུར་ལོ་ཙཱ་བས་ལོ་ཙཱའི་གཞུང་ལུགས་དང་ལོ་ཙཱའི་ལག་ལེན་ལ་དང་དོད་བྱས་ནས། སྡེབ་ལེགས་ལྷུ་འགྲིག་གི་ཕ་སྐད་རྣལ་མ་སྨྲ་བར་འབད་པ་དང་། ལྷག་པར་དུ་གསར་འགྱུར་ལ་སྲིད་དོན་དང་དམག་དོན། ཚན་རྩལ་དང་སློབ་གསོ། ཁྲིམས་ལུགས་དང་ལོ་རྒྱུས། གནམ་དཔྱད་སྐར་རྩིས། ཞིང་ཕྱུགས་བཟོ་ལས་སོགས་ཤེས་བྱའི་ཁེབས་རྒྱ་ཧ་ཅང་ཆེ་བས། ཤེས་བྱ་སྣ་མང་ལ་རྒྱུས་མངའ་ཡོད་དགོས་ལ། མི་རིགས་སྣ་མང་གི་རིག་གནས་རྒྱབ་ལྗོངས་ཡང་གང་འཚམ་རྟོགས་དགོས། དེའི་ཕྱིར་མ་མཐར་ཡང་རང་ཉིད་གསར་འགྱུར་ལོ་ཙཱའི་ཆེད་ལས་མཁས་པ་ཞིག་ཆགས་མི་ཐུབ་རུང་། ཤེས་བྱ་སྣ་མང་ལ་རྒྱུས་མངའ་ཡོད་པའི་ལོ་ཙཱ་བ་ཚད་ལྡན་ཞིག་ལ་འབད་རྒྱུ་ནི་གཞི་རྩའི་ཚད་གཞི་ཡིན་པ་རྟོགས་པར་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་རིག་པ་ནངས་པར་འཆི་ཡང་བསླབ[[4]]ཅེས་པའི་སྙིང་སྟོབས་དང་འདུ་ཤེས་ཡིད་ལ་དམ་པོར་བཟུང་སྟེ། སློབ་གཉེར་གྱི་སྐབས་ཕྲ་མོ་ཙམ་ཡང་དོན་མེད་དུ་མི་གཏོང་བར་རྟག་སྦྱོར་གྱི་བརྩོན་པ་བསྟེན་དགོས་སོ། །
གསུམ་པ། རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་འབྱུང་བའི་ཐབས་འགའ་བྱེ་བྲག་ཏུ་བཤད་པ།
གཅིག མིང་བརྡ་གཅིག་གྱུར་འབྱུང་ཐབས།
བོད་ལ་མཚོན་ན་ཡུལ་སྐད་ཆེན་པོ་གསུམ་ཡོད་པས། ཡུལ་སྐད་གཅིག་ལ་བསྟུན་ཅི་ཐུབ་ཀྱིས་ལོ་ཙཱ་བྱས་ན། ཡུལ་ཁོངས་དེའི་མི་དམངས་ཀྱིས་གོ་བར་ཟད་ཀྱང་། བོད་མི་བྱིངས་ཀྱིས་གོ་མི་ཐུབ་པས་གསར་འགྱུར་གྱི་ཁྱབ་རྒྱ་ཇེ་ཆུང་དུ་བཏང་ཡོད། དེང་སྐབས་བོད་ཀྱི་གསར་འགྱུར་སྡེ་ཁག་ལ་ལ་ཞིག་ཏུ། གསར་འགྱུར་གྱི་གོ་བདེའི་རང་བཞིན་གྱི་རྩ་དོན་རྒྱུ་མཚན་དུ་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་གོ་བདེ་བར་བསྒྱུར་པ་ཡིན་ཞེས་སོ་སོའི་ཡུལ་སྐད་ལ་བསྟུན་ཅི་ཐུབ་བྱས་པས། མཐར་ར་མ་ལུག་གི་སྐད་དུ་གྱུར་ཏེ། ཀུན་གྱིས་གོ་དཀའ་བའི་གནས་ཚུལ་འབྱུང་བཞིན་པ་ནི་ང་ཚོས་མིག་མཐོང་ལག་ཟིན་ཡིན། དེར་བརྟེན། ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་། ལོ་ཙཱ་བའི་དབང་དུ་བཏང་ན། ས་གནས་ཐ་དད་པའི་རྐྱེན་གྱིས(མིང་བརྡ)གཅིག་མཐུན་མ་བྱུང་བ་དང་། རྒྱ་སྐད་ཀྱི་མིང་ཚིག་རྣམས་ལ་གོ་བ་ལེན་སྟངས་མ་གཅིག་པ། ལོ་ཙཱ་བ་དང་སྐད་སྒྱུར་པ་རྣམས་ཀྱིས་མིང་གསར་པ་རེ་སྐབས་འཕྲལ་དུ་བཏགས་པ། བོད་མདོ་དབུས་ཁམས་གསུམ་དུ་ཡིག་སྐད་ལ་མི་མཐུན་པ་མེད་ན་ཡང་། ཁ་སྐད་ལ་མི་མཐུན་པའི་ཁྱད་པར་ཆེ་ཆུང་ཅི་རིགས་དེའི་འགལ་ཟླ་ལས་སླ་མོ་བསལ་མ་ཐུབ་པར་བརྟེན། མིང་ཚིག་གསར་པ་རྣམས་གཅིག་མཐུན་མ་བྱུང་ཞེས[[5]] དགོངས་ཚུལ་བསྟན་པ་ཡང་ཐུགས་མད་པའི་གསུང་དུ་འཁུམས།
གསར་འགྱུར་ལོ་ཙཱ་བྱེད་པར་བོད་སྐད་སྨྲ་བ་དང་བོད་ཡིག་ཤེས་པའི་ཀློག་པ་པོ་སྤྱི་ལ་དམིགས་ཏེ་དབུས་གནས་ཀྱི་ལམ་ཞིག་ལ་སྙེག་པ་སྟེ། ཁ་སྐད་ཁོ་ན་དང་ཡིག་སྐད་ཁོ་ནར་མི་བསྟུན་པར་གོ་སླ་བའི་ཡིག་སྐད་ཚད་ལྡན་གྱི་ལམ་དུ་སྙེག་རྒྱུ་འདི་ཤིན་ཏུ་གལ་ཆེ། དེའི་ཕྱིར་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་། དེས་ན་མིང་ཚིག་གཅིག་མཐུན་ཡོང་བའི་ཐབས་ནི་གང་ཡིན་ཞེ་ན། རྩོམ་སྒྱུར་པ་རྣམས་ཀྱིས་ཐོག་མར་རང་གི་སྐྱེ་ཚུལ་དང་གོམས་གཤིས་ཀྱི་ཁོར་ཡུག་ཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མི་དམིགས་པར་བོད་ཀྱི་ཡུལ་ཁམས་མཐའ་དག་དམིགས་འོག་ཏུ་ཆུད་པ་བྱེད་དགོས། མིང་ཚིག་གསར་པ་ཞིག་བསྒྱུར་དགོས་པ་བྱུང་ཚེ་འདི་ལྟར་བསྒྱུར་ན་སྟོད་མངའ་རིས་ནས་བཟུང་ཨ་མདོ་ཤར་མཐའི་བར་གྱི་རོང་འབྲོག་ཚང་མས་གོ་ཐུབ་བམ་མི་ཐུབ་ལ་བསམ་བློ་མཐའ་ཆོད་པའི་སྒོ་ནས་གྲོས་བསྡུར་གྱིས་ཐག་གཅོད་དགོས། དེ་དུས་མཉམ་འཇོག་བྱེད་རྒྱུའི་གནད་འགག་ནི། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་ཁམས་མཐའ་དག་ལྟ་ཅི། ཤན(རྫོང)ཁག་གཅིག་གི་ལུང་པ་ཕ་རི་ཚུར་རིའི་བར་ནས་ཀྱང་གོ་མི་ཐུབ། དེའི་ཕྱིར་ཅི་ནས་ཀྱང་ཡིག་སྐད་ཚད་ལྡན་གོ་སླ་བ་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ།[[6]] ཞེས་གསུངས་པ་ནི་གནད་ལ་ཕོག་པའི་ལེགས་བཤད་གསེར་ནག་གི་ཐིགས་པ་ལྟ་བུར་འདོད་པས་དེ་བཞིན་དུ་འཐད།
དེང་སྐབས་བོད་ཀྱི་གསར་འགྱུར་ལོ་ཙཱའི་འགྱུར་རྩོམ་ལ་འཁྱུག་ཙམ་བལྟས་ན། གསར་འགྱུར་གྱི་མིང་བརྡ་གཅིག་གྱུར་མ་ཡིན་པ་ནི་གནད་དོན་གཙོ་བོ་ཞིག་ཡིན་ལ། གནད་འདིའི་དཀའ་ངལ་སེལ་བ་ལ་གོང་འོག་ཀུན་དང་རིམ་པ་མང་པོ་ནས་འབད་དགོས་མོད། ལོ་ཙཱ་བ་རང་ངོས་ནས་གཅིག་གྱུར་མ་ཡིན་པའི་གནད་དོན་ལས་སླ་མོས་གཡོལ་ནུས་པའང་རེ་འགའ་ཡོད་པས་གཤམ་ནས་རེ་རེ་བཞིན་གླེང་བར་བྱ།
1.ཞེ་ཚིག་སྒྱུར་སྟངས་ལ། མ་ཡིག་ཏུ་མ་གཞི་ནས་ཞེ་ཚིག་སྦྱར་ཡོད་ཚེ་བོད་ཡིག་ཏུ་ཡང་ངེས་པར་དུ་ཞེ་ས་མཚོན་པའི་ཚིག་ཏུ་བསྒྱུར་དགོས་ལ། ཡང་སྐབས་ལ་ལར་མ་ཡིག་ཁྲོད་དུ་ཞེ་ཚིག་སྦྱར་མེད་ཀྱང་བོད་ཡིག་ལ་ཞེ་སའི་མིང་དུ་བསྒྱུར་ནས་བོད་རང་གི་སྐད་ཆའི་གོམས་སྲོལ་དང་མཐུན་པར་བྱ་དགོས་ཤིང་།[[7]] དབུས་གཙང་ཇི་བཞིན་གུས་ཉམས་མཚོན་ཕྱིར་མཆོག་དམན་ཀུན་ལ་ཞེ་ཚིག་སྦྱོར་བ་དང་། ཨ་མདོ་ལྟར་དུ་མཆོག་དམན་ཚང་མར་མཉམ་ཚིག་སྦྱོར་བ་ནི་མ་ཡིན་པར། ཞེ་ཚིག་སྦྱོར་སྟངས་ཀྱི་རྣམ་གཞག་སྟེ། མཐོ་ལ་ཞེ་ཚིག་དང་། མཉམ་ལ་མཉམ་ཚིག རང་ལ་དམན་ཚིག་སྦྱོར་བའི་རྩ་དོན་ལྟར་ལེགས་པར་སྦྱར་ན་མདོ་དབུས་ཁམས་གསུམ་གྱི་ཞེ་ཚིག་སྦྱོར་སྟངས་གཅིག་གྱུར་འབྱུང་བར་ཕན། སྔོན་གྱི་ལོ་ཙཱ་བ་ཉི་ཟླ་ལྟ་བུ་རྣམས་ཀྱིས་ཀྱང་ཞེ་སའི་སྒྱུར་སྟངས་ལ་ཐུགས་ཉམས་ཞིབ་མོ་གནང་ཡོད་དེ། 《སྒྲ་སྦྱོར་བམ་གཉིས》ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེ་ས་སྐོར་ལོང་གི་ཚིག་གི་རིམ་པ་ནི། སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱས།[[8]] ཞེས་མཆོག་ལ་ཞེ་ས་དང་། དམན་དང་བར་མར་འབྲིང་དང་མན་ཆད་དེ་མཉམ་ཚིག་དང་དམན་ཚིག་ཏུ་བསྒྱུར་དགོས་པར་བསྟན། ཡང་ས་སྐྱ་པཎ་ཆེན་ལགས་ཀྱིས། རྒྱ་གར་ལ་ནི་ཞེ་ས་དང་ཕལ་བའི་སྒྲ་ཕལ་ཆེར་མེད་ཀྱང་། སངས་རྒྱས་ཀྱི་གཞན་ལ་སྨྲས་པ་ལ་བཀའ་བསྩལ། གཞན་གྱིས་སངས་རྒྱས་ལ་ཞུས་པ་ལ་གསོལ་བ། མཉམ་པོ་ཕན་ཚུན་འདྲི་བ་ལ་སྨྲས་པ་ཞེས་བྱ་བར་བསྒྱུར། དེ་བཞིན་དུ་ཞེ་ས་དང་ཞེ་ས་མ་ཡིན་པའི་ཚིག་ཐམས་ཅད། བོད་ཀྱི་ཚིག་བཟང་ངན་ལ་གོ་བདེ་བར་སྒྱུར་ཅིག་ཅེས་སྐད་གསར་བཅད་ལས་འབྱུང་བ་ལྟར་བྱའོ། །[[9]] ཞེས་གསུངས་ཤིང་། རྩ་དོན་འདི་དག་གཞིར་བཟུང་བའི་སྟབས་ཀྱིས་སྔོན་གྱི་འགྱུར་དཔེ་རྣམས་སུ་ཞེ་སའི་སྒྱུར་སྟངས་གཅིག་གྱུར་མ་བྱུང་བ་ཧ་ལམ་མེད་ཅེས་སྨྲས་ཀྱང་འགལ་བ་མེད། དེང་སྐབས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛད་འཕྲིན་བསྐྱངས་དང་། གསུང་བཤད་གནང་། གསུང་རྩོམ་མཛད་སོགས་ལ་ཞེ་ས་སྦྱོར་སྟངས་བོད་ཀྱི་གསར་འགྱུར་སྡེ་ཁག་རྣམས་ཧ་ལམ་མ་བགྲོས་གཅིག་མཐུན་བྱུང་ཡོད་ཀྱང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་ལྟ་བུ་ལ་སྦྱོར་དུས། ལ་ལས་གཏམ་བཤད་བྱས་དང་མགོ་འཛིན་བྱས་ལྟ་བུ་དང་། ཡང་ལ་ལས་གསུང་བཤད་གནང་དང་མགོ་འཛིན་མཛད་ལྟ་བུ་སོགས་གཅིག་གྱུར་གཏན་ནས་འབྱུང་ཐུབ་ཀྱིན་མེད། ཁོ་བོའི་བསམ་ཚུལ་ལ། གལ་ཏེ་གསར་འགྱུར་གཅིག་ཏུ་མི་སྣའི་གོ་གནས་དང་རྒན་གཞོན་སོགས་ཀྱི་མཆོག་དམན་གཉིས་ཀྱི་བར་གླེང་མོལ་བྱུང་ཡོད་ན། མཐོ་ལ་ཞེ་ས་སྦྱོར་བ་དང་དམན་ལ་མི་སྦྱོར་བའི་སྒོ་ནས་མི་སྣའི་བར་གྱི་མཆོག་དམན་གྱི་འབྲེལ་བ་རྟོགས་པར་བྱས་ན་ལེགས་ཏེ། དཔེར་ན། ཞིན་ཁྲང་ཞིང་གིས་ཞི་ཅིན་ཕིང་གི་གསུང་བཤད་ལ་སློབ་སྦྱོང་བྱས་ཞེས་པ་དང་། ཞི་ཅིན་ཕིང་གིས་ཞིན་ཁྲང་ཞིང་གི་སྙན་ཞུར་ཐུགས་ཞིབ་མོས་གསན་བཞེས་གནང་ཞེས་པ་ལྟ་བུའོ། ། ཡང་། གལ་ཏེ་གསར་འགྱུར་གཅིག་ཏུ་མི་སྣ་གཙོ་བོ་གཅིག་ཁོ་ན་ལས་མེད་པ་ཡིན་ན། མི་སྣའི་ཐོབ་ཐང་དང་བསྟུན་ནས་ཞེ་ཚིག་སྦྱོར་དགོས་ཏེ། དཔེར་ན། ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད་དང་གསུང་བཤད་གནང་ཞེས་ཞེ་ས་སྦྱོར་རུང་བ་ལྟ་བུའོ། །
2.སྒྲ་སྒྱུར་གྱི་ཐད་ལ། མདོ་དབུས་ཁམས་གསུམ་གྱི་གསལ་བཤད་སུམ་ཅུའི་སྐད་ཀྱི་འབྱིན་ལུགས་དང་། སྒྲའི་སྡེབ་སྟངས་སོགས་ཧ་ཅང་མཐུན་པ་ཞིག་མིན་པས། ལོ་ཙཱ་བས་རང་ཉིད་ཀྱི་སྐད་གདངས་ཚད་གཞིར་བཟུང་ནས་ལོ་ཙཱ་བྱས་ན་སྒྲ་སྒྱུར་གྱི་མིང་བརྡ་གཅིག་གྱུར་འབྱུང་བར་མི་ཕན་པར་དགོས་མེད་ཀྱི་རྙོག་དྲ་མང་པོ་བཟོ་སྲིད་པས་ན། ངེས་པར་དུ་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་མཇུག་ཏུ་ཟུར་བཀོད་བྱས་པའི《རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་རེའུ་མིག》ལྟ་བུ་སྒྲ་སྒྱུར་སྟངས་ཀྱི་གཏན་འབེབས་ཚད་ལྡན་ལ་བསྟུན་པ་ལས། རང་འདོད་ཀྱིས་རང་ཉིད་ལ་བརྗོད་བདེ་བ་ཙམ་ཚད་གཞིར་བཟུང་ནས་མི་བསྒྱུར་བ་ཤིན་ཏུ་གལ་ཆེ། འདི་ལྟར་མི་མིང་དང་ས་མིང་། དམིགས་བསལ་གྱི་མིང་སོགས་སྒྲ་སྒྱུར་བྱེད་དུས་ངེས་པར་དུ་རེའུ་མིག་ཚད་ལྡན་ལ་བསྟུན་ནས་ནན་ཏན་བྱས་ན། སྒྲ་སྒྱུར་གྱི་མིང་བརྡ་གཅིག་གྱུར་འབྱུང་བར་ཐེ་ཚོམ་མེད། ཁ་ཅིག་གིས་རེའུ་མིག་ཁོ་ནར་བསྟུན་ནས་ཡུལ་ཕྱོགས་སོ་སོའི་སྐད་ལ་དང་དོད་མ་བྱས་ཚེ། སྒྲ་སྒྱུར་བྱས་པ་དེའི་མ་ཡིག་སླར་འཚོལ་དུས་གང་ཡིན་མི་ཤེས་པའི་སྐྱོན་འབྱུང་བར་བཤད་མོད། དེ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁུར་ཏེ། ཏིང་ཞའོ་ཕིང་ལ་ཨ་མདོས་ཏིང་ཞའོ་ཕིན་ཟེར་ཡང་ཏིང་ཞའོ་ཕིང་དེ་སྒྲ་སོར་འཇོག་ཡིན་པ་སུ་ལ་ཡང་ཐེ་ཚོམ་མེད་ཅིང་། གལ་ཏེ་རྒྱུ་མཚན་མི་ཤེས་པ་ཞིག་གིས་མ་ཡིག་འཚོལ་བའི་དབང་དུ་བཏང་ན་ཡང་། ནོར་འཁྲུལ་ཆེན་པོ་མི་འབྱུང་བ་ཐག་གིས་ཆོད། དཔེར་ན། བོད་ལ་མཚོན་ན་སྤྱི་སྐད་ཅིག་ཆགས་མེད་པའི་སྟབས་ཀྱིས་རང་རང་གི་སྐད་འབྱིན་ལུགས་གཞིར་བྱས་ན་འདི་འདྲའི་མི་མཐུན་པ་རེ་འབྱུང་བ་ལྡོག་མེད་ཡིན་པས། ངེས་པར་དུ་ཕྱོགས་གཅིག་ལ་བསྟུན་པ་ཤིན་ཏུ་ནས་ཀྱང་གལ་ཆེ། དབུས་གཙང་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་ཆོས་དང་རིག་གནས་སོགས་ཕྱོགས་གང་ཐད་ནས་བོད་ཡུལ་གྱི་ལྟེ་བར་གྱུར་ཡོད་པས། མདོ་ཁམས་གང་ཡིན་ཡང་དབུས་གཙང་ལ་བསྟུན་པ་གནད་ཆེན་དུ་བཟུང་ནས། མིང་བརྡ་གཅིག་གྱུར་གྱི་ཐད་ལ་བསམ་པ་གུ་ཡངས་པས་འབད་ན་ལེགས།
གནས་ཚུལ་གཞན་ཞིག་ཡོད་པ་ནི། སློབ་གསོ་ཅུའུ་ལྟ་བུའི་རྒྱ་ཡིག་གི局ལ། ཅུའུ་དང་། ཅུས། ཅུད་ཅེས་སྒྲ་སྒྱུར་བྱེད་སྟངས་མི་འདྲ་བ་གསུམ་ཡོད་ཅིང་། རྒྱུག་ཆེའི་ཚིག་མཛོད་ལ་ལར། ཅུའུ་ཞེས་མིང་བརྡ་མེད་ན་ཡང་ཅུའུ་གཤག་ཅེས་པའི་མིང་ཚིག་འདུག་སྟེ། གསོ་རིག་ཚིག་མཛོད་ཆེན་མོར་ཅོག་ལ་མའི་མིང་ཡིན་ཞེས་འབྱུང་། ཅུས་ཞེས་པ《ཀ་ཁ་ག་ཚིག་མཛོད》དུ་ཅུས་ཀྲང་དང་ཅུས་ཙེ་ཞེས་པའི་སྒྲ་སྒྱུར་གྱི་མིང་འགའ་འབྱུང་། ཅུད་ནི་རྒྱུག་ཆེའི་ཚིག་མཛོད་ཁ་ཤས་སུ་ཞང་སྐད་དེ་བཅུད་དང་དོན་གཅིག་ཅིང་། ཅུད་ཤེལ་དང་ཅུད་ཟད་བརྟན་པའི་དམ་ཚིག་གསུམ་སོགས་ཀྱི་ཚིག་གྲོགས་ཀྱང་འདུག དེ་བས། ཅུས་བྲིས་ཚེ་ཡི་གེ་རང་སྟེང་ལ་བྱེད་སྒྲའི་ཕྲད་ཡོད་པའི་འཁྲུལ་གཞི་འབྱུང་ཞིང་། ཅུད་བྲིས་ན་སློབ་གསོའི་ཉིང་བཅུད་ལྟ་བུའི་དོན་ལ་འཁྲུལ་ཉེན་ཡོད་པས་མི་ལེགས། ཡང་རྒྱ་ཡིག་གི区ལ་ཁུལ་དང་ཆུས་ཞེས་དོན་སྒྱུར་དང་སྒྲ་སྒྱུར་རིགས་གཉིས་ཡོད། གལ་ཏེ་དོན་སྒྱུར་བྱས་ན། མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ་ལྟ་བུ་ལ་འགྲིག་ཀྱང་། སྐུ་འབུམ་ཁུལ་ཞེས་བསྒྱུར་ན་མཚོ་ལྷོ་ཁུལ་དང་མཚོ་ནུབ་ཁུལ་ལྟ་བུ་དང་ནོར་ཉེན་ཡོད། ཡང་གལ་ཏེ་སྒྲ་སྒྱུར་བྱས་ན། ཆུས་ནི་མ་གཞི་ནས་ཐབས་ཚུལ་ཏེ་ཇུས་ཀྱི་དོན་ལ་འཇུག་པར་མ་ཟད། ཆུས་ཁུར་ལྟ་བུའི་བྱེད་སྒྲ་བསྡུས་པ་དང་ནོར་ཉེན་ཡོད་ལ། སྐྱོགས་ཀྱིས་ཆུ་སོགས་བླངས་ནས་སྣོད་དུ་བླུགས་པའི་སྐུལ་ཚིག་གི་དོན་ལའང་འཇུག་པ་བཅས་གཞན་དང་ནོར་ས་མང་སྟབས། དེ་ལ་གཅིག་མཐུན་གྱིས་ས་ཁུལ་ཞེས་བསྒྱུར་ན་ཀུན་དང་འགྲིག་པར་སྙམ། དེ་ལྟ་བས་ན། འདི་དང་འདི་ལྟ་བུའི་རིགས་སྒྲ་སྒྱུར་བྱེད་དུས་བོད་སྐད་ལ་དོན་ཅི་ཡང་སྟོན་དུ་མེད་པའི་སྒྲ་མཚུངས་ཡི་གེ་སྤྱོད་རྒྱུ་ཡང་གནད་དམ་པ་ཞིག་ཡིན་པར་སེམས།
ཡང་། ད་ལྟ་གནས་ཚུལ་མི་ལེགས་པ་ཞིག་འབྱུང་བཞིན་ཡོད་པ་ནི། བོད་ཀྱི་ཡུལ་གྲུ་སོ་སོའི་མིང་ནི་སྔོན་ནས་གཏན་ཆགས་སུ་ཡོད་ཀྱང་། བོད་ཀྱི་གསར་འགྱུར་སྡེ་ཁག་རྣམས་སུ་རང་མིང་དངོས་སྤྱོད་པ་དང་སྒྲ་སྒྱུར་གྱི་མིང་སྤྱོད་པའི་ཕྱོགས་གཉིས་འབྱུང་བཞིན་ཡོད། དཔེར་ན། མཚོ་སྔོན་ཞིང་ཆེན་གསར་འགྱུར་དྲ་བ་ལྟ་བུར་མཚོན་ན་རང་མིང་དངོས་སྤྱོད་པ་ཤུགས་ཆེ་བས་ཤིན་ཏུ་ལེགས་ལ། དེ་མིན་གསར་འགྱུར་སྡེ་ཁག་ཕལ་ཆེ་བས་སྒྲ་སྒྱུར་གྱི་མིང་སྤྱོད་པ་ཤུགས་ཆེ། སྒྲ་སྒྱུར་གྱི་མིང་འདི་དག་ནི། རང་སྐད་དུ་མ་གཞི་ནས་མིང་མེད་པ་མ་ཡིན་པར། སྔོན་གྱི་རང་གི་ཡུལ་མིང་དེ་རྒྱ་ཡིག་ལ་ཕར་སྒྲ་སྒྱུར་བྱས་པའམ་དེའི་དོད་དུ་རྒྱ་ཡིག་གི་མིང་ཞིག་བཏགས་པ་དང་། ཕྱིས་སུ་རྒྱ་ཡིག་ལ་བསྟུན་ནས་སླར་ཡང་ཚུར་བོད་སྐད་དུ་སྒྲ་སྒྱུར་བྱས་པ་སྟེ། དཔེར་ན། ཡུལ་ཤུལ་ལ玉树ཞེས་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱས་པ་སླར་ཡང་བོད་སྐད་དུ་ཡུས་ཧྲུའུ་ཞེས་སྒྲ་སྒྱུར་བྱས་པ་ལྟ་བུ་ཡིན། འདིའི་རིགས་ནི་ཚིག་མཛོད་སོགས་ལ་ཞིབ་ཏུ་བཙལ་བའི་ངལ་བ་བསྟེན་མ་འདོད་ནས་སྒྲ་སྒྱུར་ཙམ་གྱིས་འཐུས་པར་འཛིན་པའི་གོམས་གཤིས་ངན་པས་སྐྱེད་པ་ཡང་ཡིན་ཞིང་། སྣང་ཚུལ་ངན་པའི་རིགས་འདི་ན་གཞོན་ལོ་ཙཱ་བ་རྣམས་ཀྱི་ཁྲོད་དུ་གང་སར་མཆེད་བཞིན་ཡོད། གལ་ཏེ་འདི་ལྟར་དུས་ཡུན་ངེས་ཅན་ཞིག་སོང་ན། བོད་ཕྱི་རབས་པ་རྣམས་ཀྱིས་རང་ཡུལ་གྱི་མིང་དངོས་གཏིང་བརྗེད་དུ་གྱུར་ཏེ། དེས་མཚོན་པའི་ལོ་རྒྱུས་གསང་བ་དང་རིག་གནས་ཀྱི་མཚོན་དོན་རྣམས་དེ་བས་ཀྱང་རྟོགས་མི་སྲིད། དཔེར་ན། 同德县ལ་འབའ་རྫོང་ཞེས་རང་མིང་ཡོད་བཞིན་དུ་ཐུན་ཏེ་རྫོང་ཞེས་པའི་སྒྲ་སྒྱུར་གྱི་མིང་སྤྱོད། འབའ་རྫོང་ཞེས་པའི་ཡི་གེ་སྔ་མར་འབའ་དང་འབལ་ཞེས་འབྲི་ཚུལ་གཉིས་ཡོད་ཅིང་། དེ་གཉིས་ལའང་ལོ་རྒྱུས་ཀྱི་འགྲེལ་ཚུལ་ཡོད་དེ། 《འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང》དུ། འབའ་གཞུང་ལ་མཐའ་གཅིག་ཏུ་འ་མཐའ་ཅན་འབྲི་བ་ནི། ཁམས་ཀྱི་འབའ་གཞས་སུ། གཡང་དཀར་ལུག་གི་འབའ་སྒྲ་གྲགས། །འབའ་ཡི་མིང་འདི་དེ་ནས་བྱུང་ཞེས་དང་། ཡུལ་འདིའི་ངག་རྒྱུན་ལ་འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ་གྱི་ནང་ཚན། ཨ་མ་ལྷ་ལྕམ་ཞེས་འབོད་པའི་གནས་རི་འདིར་གསེར་ལུག་འབའ་ཤེས་ཡོད་པས། དང་པོར་ཡུལ་འདིའི་སྐྱེ་བོ་རྣམས་ཀྱིས་གནས་འདིར་གསེར་ལུག་གི་འབའ་སྒྲ་ཐོས་པ་ལ་བརྟེན་ནས་མིང་དེ་ལྟར་ཐོག་པར་བཤད་པ་དང་། ཡང་གླིང་གེ་སར་རྒྱལ་པོས་བདུད་ཀྱི་མ་མོ་གྭ་གཞི་དེད་དེ་ཡུལ་འབའ་གཞུང་གི་ས་ཆ་འདིར་སླེབས་སྐབས་ཐེངས་གཅིག་འབའ་བས་འབའ་ཞེས་ཐོགས་ཟེར་བ་སོགས་ལ་སྒོ་བསྟུན་ཏེ་འབའ་ཞེས་བྲིས་པ་ཨེ་ཡིན་སྙམ་ཞེས་འབྱུང་བ་དང་། ཡང་དེ་ཉིད་དུ། འབའ་འམ་འབལ་ཞེས་པ་ནི་བོད་ཀྱི་རུས་ཚན་ཞིག་ཡིན་ཏེ། བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐབས་ཀྱི་བློན་པོ་འབལ་ལྡོང་ཙན་ཟེར་བ་ཡང་འབལ་ནི་རུས་དང་ལྡོང་ཙན་ནི་མིང་ཡིན་པ་དང་། ཏུང་ཧོང་གཏེར་ཡིག་ལས་བྱུང་བའི་རྗེ་འབལ་རྗེ་མང་རུ་ཏི་ཞེས་པའི་སུམ་པའི་རྗེ་བོ་དེའི་རུས་ཀྱང་འབལ་ཡིན་པ་ལ་སོགས་པའི་རྒྱུ་མཚན་གྱིས་འབའ་ནི་བོད་ཀྱི་རུས་ཚན་གྱི་མིང་ཡུལ་ལ་ཐོགས་པ་གོར་མ་ཆག་ཅེས་འབྱུང་བ་ལྟར།[[10]] ས་མིང་ཆུང་ཆུང་ཞིག་ཡིན་ན་ཡང་། དེའི་རྒྱབ་ཏུ་ལོ་རྒྱུས་ཀྱི་གསང་བ་མང་པོ་དང་ངོ་མཚར་བའི་རིག་གནས་ཀྱི་གཏམ་རྒྱུད་མང་པོ་བསྐུངས་ཡོད་པས། ས་མིང་ནི་རང་དགར་སྒྱུར་རུང་བ་ཞིག་གཏན་ནས་མིན། དེའི་ཕྱིར། 2021ལོའི་ཟླ9པའི་ཚེས1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས147པས་བཟོ་བཅོས་གྲོས་འཆམ་བྱུང་ཞིང་། 2022ལོའི་ཟླ5པའི་ཚེས1ཉིན་ལག་བསྟར་བྱས་པའི《ས་མིང་དོ་དམ་སྲོལ་ཡིག》གི་དོན་ཚན་བཅུ་པ་ལས། “ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་པ་དང་ཀྲུང་ཧྭའི་ལོ་རྒྱུས་རིག་གནས་སྲོལ་རྒྱུན་གྱིས་ཕྱུག་པའི་ས་མིང་། སྤྱིར་བཏང་དུ་བརྗེ་མི་ཆོག”ཅེས་གཏན་འབེབས་མཛད་པ་ཡིན། དེ་ལྟ་བས་ན། ང་ཚོས་ཀྱང་ལོ་རྒྱུས་རིག་གནས་ཀྱིས་ཕྱུག་པའི་ས་མིང་རྣམས་གང་འདོད་དུ་མི་བསྒྱུར་བར། ཐོག་མར་ས་མིང་ངོ་མ་དེ་གང་ཡིན་འཚོལ་ཞིབ་ནན་ཏན་སྒོས་བེད་སྤྱོད་པ་དང་། གལ་ཏེ་བོད་ལ་ས་མིང་ངོ་མ་ཞིག་མེད་པ་ཐག་གིས་ཆོད་ན་གཞི་ནས་སྒྲ་སྒྱུར་གྱི་མིང་བཀོལ་རུང་ལ། འདི་ལྟར་བྱུང་ཚེ། ད་གཟོད་ས་མིང་དངོས་དང་སྒྲ་སྒྱུར་གྱི་མིང་བཀོལ་སྟངས་གཅིག་གྱུར་འབྱུང་སྲིད་དོ། །
3.གྲངས་ཀའི་མིང་སྒྱུར་སྟངས་ལ། སྤྱིར་གྲངས་ཀ་བརྩི་ཚུལ་ལ་རྣམ་པ་བཞི་ཡོད་དེ། གསུམ། བཞི་ལྟ་བུ་བགྲང་གྲངས་དང་། གསུམ་པ། བཞི་པ་ལྟ་བུ་རིམ་གྲངས། གསུམ་པ་བོ། བཞི་པ་བོ་ལྟ་བུ་གནས་གྲངས། གསུམ་པོ། བཞི་པོ་ལྟ་བུ་འདུས་གྲངས་ཡིན་པས།[[11]] གྲངས་ཀ་སྒྱུར་དུས་ཀྱང་འདི་དག་གི་སྐབས་དང་བསྟུན་ནས་བསྒྱུར་བ་གལ་ཆེ། ཉེ་དུས་པྲོག་གསར་རིམས་ནད་སྐོར་གྱི་བརྡ་ཁྱབ་བསྒྱུར་པ་ལས། ནད་པ་དང་པོ་དང་། གཉིས་པ། གསུམ་པ་ཞེས་བསྒྱུར་དགོས་ཡང་། སྨྱན་སྦྱོར་སྡེ་ཁག་ལ་ལས་ནད་པ་ཨང་དང་པོ་དང་། ཨང་གཉིས་པ་ཞེས་བསྒྱུར་པ་ནི། ཀློག་པ་པོར་འགྲན་རྩོད་བརྒྱུད་ནས་ཐོབ་པའི་གོ་རིམ་ཞིག་ལོས་ཡིན་སྙམ་པའི་སྣང་བ་སྟེར་བས་གཉི་ག་རིམ་གྲངས་སུ་གཏོགས་ཀྱང་། སྐད་ཆའི་ཁམས་དང་མི་མཐུན་པའི་འགྱུར་སྐྱོན་བྱུང་པས་བརྗོད་མི་བདེ་ཞིང་གཅིག་གྱུར་མ་བྱུང་བ་ལྟ་བུའོ། །
4.སྐད་ཆའི་རྗོད་པ་འགོད་སྟངས་ལ། དེང་སྐབས་བོད་ཀྱི་ཚགས་པར་དང་དྲ་ཚིགས། རྒྱང་སྒྲོག་དང་རླུང་འཕྲིན་སོགས་ཀྱི་གསར་འགྱུར་ལས་མི་གཞན་གྱི་སྐད་ཆའི་རྗོད་པ་འགོད་སྟངས་ཀྱི་སྒྱུར་ལུགས་གཅིག་མཐུན་བྱུང་མེད་དེ། 习近平强调ཞེས་པ་ལ། ལ་ལས་ཞི་ཅིན་ཕིང་གིས་གསུངས་དོན་དང་ནན་གྱིས་གསུངས་དོན་ཞེས་བསྒྱུར་བ་དང་། ཡང་ལ་ལས་ཞི་ཅིན་ཕིང་གིས་གང་གསུང་བ་དེ་བཀོད་རྗེས་ཞེས་གསུངས། ཞེས་ནན་གྱིས་གསུངས་ཞེས་བསྒྱུར། ཡང་ལ་ལས་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན་ཞེས་དང་། ཞི་ཅིན་ཕིང་གིས་གང་གསུང་བ་དེ་བཀོད་རྗེས་ཞེས་ནན་བཤད་གནང་ཞེས་བསྒྱུར།习近平指出ཞེས་པ་ལ། ལ་ལས་ཞི་ཅིན་ཕིང་གིས་བསྟན་དོན། ཞེས་བསྒྱུར་བ་དང་། ཡང་ལ་ལས་ཞི་ཅིན་ཕིང་གིས་གང་གསུང་བ་དེ་བཀོད་རྗེས་ཞེས་བསྟན་ཞེས་བསྒྱུར་བ་སོགས་རྣམ་པ་སྣ་ཚོགས་ཤིག་སྣང་། རྗོད་པ་འགོད་སྟངས་ཀྱི་སྒྱུར་ལུགས་འདིའི་རིགས་ལམ་ནི། དང་པོ་བྱེད་པ་པོ་དང་བྱེད་སྒྲའི་ཕྲད། ཐོག་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག བཤད་པའི་དོན་གྱི་རྣམ་པ་ཅན་དང་། གཉིས་པ་བྱེད་པ་པོ་དང་བྱེད་སྒྲའི་ཕྲད། བཤད་པའི་དོན། མཐའ་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་གི་རྣམ་པ་ཅན་ཡིན། དེ་བས་ཚུལ་འདི་དག་བོད་སྐད་ཀྱི་རྗོད་པ་དངོས་དང་མཐུན་པར་གཅིག་གྱུར་བྱ་དགོས་ཏེ། ཁོ་བོས་བསམ་ཚུལ་ལ། རིགས་ལམ་གཉིས་པའི་འགྲོ་ཚུལ་ཏེ། བྱེད་པ་པོ་དང་། བྱེད་སྒྲའི་ཕྲད། བཤད་པའི་དོན། མཐའ་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་གི་རྣམ་པ་ཅན་དུ་བྱས་ན་ལེགས་པར་སྙམ་སྟེ། ཞི་ཅིན་ཕིང་གིས་གསུང་དོན་དང་། ནན་གྱིས་གསུང་དོན་ཞེས་བཀོད་ནས་ཚིག་མཐར་བཤད་པ་གསལ་བྱེད་ཀྱི་ལས་ཚིག་མ་སྦྱར་ན་ཚིག་རྔ་ལོ་ཅན་དུ་གྱུར་པའི་སྣང་བ་སྟེར་ལ། ཡང་ཞི་ཅིན་ཕིང་གིས་གསུང་དོན་གྱི་མཇུག་ཏུ་ཅེས་གསུངས་ཞེས་བཀོད་ན་ཟློས་སྐྱོན་ལྟ་བུ་འབྱུང་བའི་ཕྱིར་རོ། ། ཚུལ་འདི་སྔ་རབས་བོད་ཀྱི་བསྟན་བཅོས་ཚད་ལྡན་དག་ལ་མཇལ་ན་ཡང་ཤིན་ཏུ་གསལ་བར་འགྱུར་ཏེ། དཔེར་ན། 《རྒྱུད་བཞི》ལས། འདི་སྐད་ཅེས་ཞུས་སོ། ། དེ་སྐད་ཅེས་ཞུས་པ་ཞེས་པ་དང་། འདི་སྐད་ཅེས་གསུངས་སོ། ། ཞེས་གསུངས་སོ་ཞེས་པ། ཡང་གསུང་པ་པོ་གང་གིས་གསུངས་པ། ཞེས་གསུངས་སོ་ཞེས་པའི་རྣམ་པ་ཅན་ཤ་སྟག་འབྱུང་།[[12]] སྐད་ཆའི་རྗོད་པ་འགོད་སྟངས་འདི་དག་ལ་མཚོན་ན་ཚིག་གི་སྔ་ཕྱིར་ཞུས་པ་དང་ཞུས་སོ་ཞེས་དང་། གསུངས་པ་དང་གསུངས་སོ་ཞེས་པ་དག་ལ་བརྟགས་ན་ཟློས་པ་ལྟ་བུར་འགྱུར་ཡང་། ཚིག་བརྗོད་མ་ཚར་བ་དང་རྔ་ལོ་ཅན་ལྟ་བུའི་སྐྱོན་མེད། ལྷག་པར་དུ་འདི་སྐད་དང་དེ་སྐད་ཅེས་བརྗོད་དུས་རྗོད་པ་དུམ་བུ་དེ་མི་སུས་བརྗོད་པའི་ཚུལ་ཇེ་གསལ་དུ་འགྲོ་བའི་ཁྱད་ཆོས་ལྡན། འདི་ལྟ་བུའི་སྐད་ཆའི་རྗོད་པ་འགོད་སྟངས་དག་ནི་བྱེད་པ་པོ་དང་བྱེད་སྒྲའི་ཕྲད། ཐོག་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག བཤད་པའི་དོན། མཐའ་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་གི་རྣམ་པ་ཅན་ཡིན། ཡང《བཀའ་གདམས་ཕ་ཆོས》ལས། ན་རེ། ཟེར།[[13]] ཞེས་པ་དང་། ཞལ་ནས། གསུངས་པ།[[14]] ཞེས་པའི་སྐད་ཆའི་རྗོད་པ་འགོད་སྟངས་འདི་ལྟ་བུ་ནི་བྱེད་པ་པོ་དང་། ཐོག་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ཚིག བཤད་པའི་དོན། མཐའ་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་གི་རྣམ་པ་ཅན་དང་། བྱེད་པ་པོ་དང་འབྱུང་ཁུངས་གསལ་བྱེད་ཀྱི་ཚིག བཤད་པའི་དོན། མཐའ་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་གི་རྣམ་པ་ཅན་ཡིན། ཡང《ལམ་རིམ་ཆེན་མོ》ལས། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། ཞེས་གང་གསུང་བ་རྣམས་བཀོད་རྗེས། ཞེས་གསུངས་སོ་ཞེས[[15]]བཀོད་པ་ནི་བྱེད་པ་པོ་དང་། བྱེད་སྒྲའི་ཕྲད། བཤད་པའི་དོན། མཐའ་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་གི་རྣམ་པ་ཅན་ཡིན། དེས་ན། བོད་ཀྱི་སྔ་རབས་སྔ་རབས་ཀྱི་བསྟན་བཅོས་ཚད་ལྡན་རྣམས་སུ་བྱེད་པ་པོ་དང་། བྱེད་སྒྲའི་ཕྲད། ཐོག་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག བཤད་པའི་དོན། མཐའ་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་གི་རྣམ་པ་ཅན་དུ་སྐད་ཆའི་རྗོད་པ་འགོད་པ་ཤུགས་ཆེ་ཡང་། རིམ་བཞིན་ཐོག་མར་སྦྱར་བའི་བཤད་པ་གསལ་བྱེད་ཀྱི་ལས་ཚིག་མེད་པའི་སྐད་ཆའི་རྗོད་པ་སྤེལ་སྟངས་རྒྱུག་ཆེར་ཕྱིན་ཡོད་པས། ང་ཚོས་ཀྱང་ཕྱི་མའི་ལུགས་ཀྱི་རྗེས་སུ་འབྲངས་ནས་སྐད་ཆའི་རྗོད་པ་སྤེལ་སྟངས་ཀྱི་སྒྱུར་ལུགས་གཅིག་གྱུར་བྱས་ན་ལེགས་སོ་སྙམ་མོ། །
གཉིས། བོད་སྐད་ཀྱི་ལུགས་དང་མི་མཐུན་པའི་སྐྱོན་སེལ་ཐབས།
བོད་སྐད་ཀྱི་ལུགས་དང་མི་མཐུན་པ་ཞེས་པ་ནི། བོད་སྐད་ཀྱི་སྐད་ཆའི་སྒྲིག་ལུགས་ཏེ་བྱ་བྱེད་ལས་གསུམ་དང་ཁྱད་གཞི་ཁྱད་ཆོས་ཀྱི་སྔ་ཕྱི་སྦྱོར་ལུགས་བོད་སྐད་ཀྱི་གོམས་སྲོལ་དང་མི་མཐུན་པའི་དོན་ཡིན་ལ། འཇུ་མི་ཕམ་གྱི་མཁས་འཇུག་ཏུ། མིང་གི་ཡི་གེ་རྣམས་ཀྱང་གོ་རིམ་མ་ནོར་བར་ལེགས་པར་སྦྱར་ཏེ་བརྗོད་པ་ལས་ལུང་སྟོན་ནུས་ཀྱི་བཟློག་ན་མ་ཡིན་ནོ་[[16]]ཞེས་གསུངས་པ་ཡང་གནད་འདི་སྟོན། སྐྱོན་འདི་ནི་གཙོ་བོ་རང་མི་རིགས་ཀྱི་སྐད་ཆའི་སྦྱོར་ལུགས་ལ་མ་བྱང་བ་དང་། མ་ཡིག་དང་བསྟུན་དྲགས་པའི་དབང་གིས་བྱུང་བ་ཡིན། ལོ་ཙཱའི་གཞུང་ལུགས་ཀྱི་ཐད་ནས་བཤད་ན། ཐད་སྒྱུར་ཤུགས་ཆེ་བའི་དབང་གིས་བོད་སྐད་ཀྱི་ལུགས་དང་མི་མཐུན་པ་ཡང་འབྱུང་སྲིད་དེ། བོད་ཀྱི་སྔ་རབས་ཀྱི་ལོ་ཙཱའི་གཞུང་ལུགས་ལས། ས་པཎ་གྱིས་ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུའོ་ཞེས་ཐད་སྒྱུར་རྩལ་བཤད་མཛད་པ་ནས། དེའི་སྔོན་གྱི་ལོ་ཙཱའི་ཚད་གཞི་སྟེ། 《སྒྲ་སྦྱོར་བམ་གཉིས》ལས་དོན་དང་ཡང་མི་འགལ་ལ་བོད་ལ་ཡང་གར་བདེ་བར་གྱིས་ཤིག[[17]]ཅེས་བསྟན་པ་དང་མི་མཐུན་པར། སྒྱུར་བྱེད་ཀྱི་སྐད་ཆའི་སྦྱོར་ལུགས་ཚུན་ཆད་མ་ཡིག་ལ་ཇི་ལྟ་བ་བཞིན་བསྟུན་པའི་ཚ་རླབས་ཤིག་འཕྱུར་མྱོང་སྟེ། ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་རྣམ་དབྱེ་དང་བཅས་པ་རྒྱ་གར་ཇི་ལྟ་བ་བཞིན་དུ་བསྒྱུར་པས་སུས་ཀྱང་གོ་དཀའ་བར་གྲགས་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོས་སྤྲིན་གྱི་ཕོ་ཉ་སྒྲ་དོན་ཇི་བཞིན་བསྒྱུར་པ་ཐལ་དྲགས་པར་གྱུར་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབྱངས་ཅན་སྒྲ་མདོ་ཇོ་འདར་གཉིས་ཀས་བསྒྱུར་པ་ལ་གཤིབ་བསྡུར་གྱིས། བོད་འགྱུར་དབྱངས་ཅན་སྒྲ་མདོའི་རྣམ་དབྱེ་དང་ཚིག་ཟུར་ཡན་ཆད་རྒྱ་གར་དང་མཐུན་པར་ཞུ་དག་བགྱིས་པ[[18]]སོགས་ཕྱི་རབས་ལོ་ཙཱ་པ་མང་པོ་ཞིག་ཐད་སྒྱུར་ལ་མངོན་པར་ཕྱོགས་ཡོད། སྐབས་འདིའི་ཐད་སྒྱུར་ནི་སྤྱིར་བཏང་གི་མིང་བརྡའི་ཐད་སྒྱུར་ཁོ་ན་ཙམ་མ་ཡིན་པར་མ་ཡིག་གི་ཚིག་འགྲོས་ལ་བསྟུན་ཏེ་སྐད་ཀྱི་སྦྱོར་ལུགས་ཚུན་ཆད་མ་ཡིག་དང་བསྟུན་པས་ཧ་ཅང་ཐལ་དྲགས་པར་གྱུར་ཅིང་། དེའི་ཕྱིར་ཞྭ་ལུ་ལོ་ཙ་པ་ཆོས་སྐྱོང་བཟང་པོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ། དགེ་འདུན་ཆོས་འཕེལ་སོགས་ཀྱིས་སྐྱོན་བརྗོད་གནང་ཡོད། དེ་བས་ན། ང་ཚོས་ལོ་ཙཱ་བྱེད་སྐབས། སྒྱུར་ཐབས་དམ་པ་དག་གིས་མིང་རྣམས་གང་ལ་དེ་འཚམ་གྱིས་བབ་དང་བསྟུན་ནས་བསྒྱུར་ཅིང་། སྐད་ཀྱི་སྦྱོར་ལུགས་བོད་སྐད་ཀྱི་ལུགས་ཤ་སྟག་ཡིན་པའི་རྨང་གཞི་ཐོག མ་ཡིག་གི་ཁྱད་ཆོས་མི་ཉམས་ཤིང་གོ་ཡང་བདེ་བའི་ཐབས་ལ་བརྩོན་པར་བགྱིས་ན། བོད་སྐད་ཀྱི་སྦྱོར་ལུགས་དང་མི་མཐུན་པའི་སྐྱེན་སེལ་ཐུབ་པར་འདོད། གལ་ཏེ། བོད་སྐད་ཀྱི་སྦྱོར་བར་བྱང་མེད་པ་ཞིག་ཡིན་ན། སྔ་རབས་མཁས་པའི་གསུང་རྩོམ་ཚད་ལྡན་ལ་ལན་མང་བལྟས་ནས་ཚིག་གི་སྦྱོར་ལུགས་ལ་གོམས་སུ་འཇུག་པ་དང་། སུམ་རྟགས་དག་གསུམ་ལ་ལེགས་པར་སྦྱངས་ནས་བདག་གཞན་དུས་གསུམ་དང་། བྱ་བྱེད་ལས་གསུམ། རྣམ་དབྱེ་ཚིག་ཕྲད་སོགས་ཀྱི་སྦྱོར་ཚུལ་ལ་ཇི་ལྟ་བ་བཞིན་དུ་མཁས་པར་བྱ་དགོས། འདིའི་སྐོར་གོང་དུ་ཡང་རགས་ཙམ་གླེང་ཟིན་ཏོ། །
མཇུག་སྡོམ།
རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་འབྱུང་བའི་གནད་དོན་འདི་མི་རེ་འགའ་ཞིག་གིས་དུས་ཡུན་ཐུང་ཐུང་ནང་ཐག་གཅོད་ཐུབ་པ་ཞིག་མིན་ཏེ། དེའི་རྩ་བ་ནི་འཇོན་ཐང་མི་སྣར་ཐུག་ཡོད་ཅིང་། ཕུལ་དུ་བྱུང་བའི་འཇོན་ཐང་མི་སྣའི་དཔུང་སྡེ་ཞིག་དུས་ཡུན་ཐུང་ཐུང་ནང་སྐྱེད་སྲིང་བྱེད་མི་ནུས་པས་སོ། ། དེས་ན་ང་ཚོས་ངེས་པར་དུ་སྤྱི་ཚོགས་ཀྱི་སྒོ་ཀུན་དང་མི་རབས་དུ་མའི་བར་དུ་འབད་པའི་མཐའ་བརྟན་པར་བྱས་ན། ད་གཟོད་ལེགས་བྱས་ཀྱི་འབྲས་བུ་ཙམ་མཐོང་ཐུབ། གོང་དུ་གླེང་ཟིན་པའི་རྒྱ་བོད་གསར་འགྱུར་ལོ་ཙཱ་གོང་འཕེལ་འབྱུང་བའི་རྩ་བའི་ཐབས་ཇུས་རྣམས་ཡང་དག་པར་ལག་ཏུ་བསྟར་ཏེ་ཡུན་རིང་ལ་རྒྱུན་སྐྱོང་ཐུབ་ཚེ། ད་ལྟའི་གནས་བབ་བཟང་ཕྱོགས་སུ་འཕེལ་བར་གདོན་མི་ཟ་ལ། དེའི་ཁར་ལས་མི་བསྡུ་བའི་ལམ་ལུགས་ཚད་ལྡན་ལ་བརྟེན་ནས་ངེས་པ་དོན་གྱིས་འཇོན་ནུས་ལྡན་པའི་ཆེད་ལས་མི་སྣ་བསྡུ་ལེན་བྱས་ན། གཞི་ནས་རྒྱ་བོད་གསར་འགྱུར་ལོ་ཙཱའི་རྨང་ལེགས་པོ་འདིང་ཐུབ། དེའི་རྟིང་སྤྱི་ཚོགས་གླེང་བརྗོད་ཀྱི་སྟོབས་ཤུགས་ཏེ་གསར་འགྱུར་སྡེ་ཁག་རྣམས་ཀྱི་གསར་འགྱུར་བརྩམས་ཆོས་ལ་གུ་ཡངས་པོའི་སྒོ་ནས་སྤྱི་ཚོགས་དཔྱད་བརྗོད་སྤེལ་བའི་སྲོལ་ལེགས་པོ་ཆགས་ཐུབ་ཚེ། གསར་འགྱུར་ལས་གཉེར་པ་རྣམས་ལའང་དེ་དང་འཚམ་པའི་སྐུལ་མ་ཐེབས་པ་དང་འགྲན་སློང་ཡར་བརྩོན་གྱི་སྒུལ་ཤུགས་སྟེར་ནུས། རྩ་བའི་བཅོས་ཐབས་འདི་དག་ཡང་དག་པར་ལག་ལེན་ལ་ཐེབས་པར་གྱུར་ན། བྱེ་བྲག་གི་ཐབས་རྣམས་ངང་ངམ་ཤུགས་ཀྱིས་རྟོགས་པར་འགྱུར་ལ། རྒྱ་བོད་གསར་འགྱུར་ལོ་ཙཱའི་མ་འོངས་པ་ཡང་རེ་བ་དང་འོད་སྣང་གིས་ཁེངས་པར་ཐེ་ཚོམ་མེད་དོ། །
初探汉藏新闻翻译规范化模式
德吉措毛
(共和县融媒体中心,青海共和 813099)
摘要:汉藏新闻翻译在宣传党和国家的各项方针政策、舆论引导、服务社会等方面发挥着巨大的作用,具有及时传播价值、语言转换价值、社会效益价值、历史文献价值。尽管以往汉藏新闻翻译已有相对丰富的实践经验和成果,但是同规范化模式还存在着一定的差距。因此,以以往汉藏新闻翻译中所积累的实践经验为基础,加深研究当前趋向规范化模式中存在的各种问题以及所面临的诸多制约因素等,建构更为合理的理论基础和规范化模式。本文通过系统考察,研究提出:可通过建立规范的奖惩制度、设立专业的监督机构,开展汉藏新闻翻译专项培训,完善翻译工具功能等措施,进一步提高汉藏新闻翻译规范化。同时,针对汉藏新闻翻译中敬语翻译、音译方式、数字翻译等技巧性翻译的规范提出可行性的意见建议。
关键词:初探 汉藏新闻翻译 规范化 模式
A Preliminary Study on the Standardization Mode of Chinese Tibetan News Translation
Bdeskyid Mtshomo
(Convergence Media center in Gonghe County, Qinghai Gonghe, 813099)
Abstract: Chinese-Tibetan news translation plays a huge role in propagating the Party and the state's principles and policies, guiding public opinion, and serving the society. It has the value of timely dissemination, language conversion, social benefit, and historical document values. Although there has been relatively rich practical experience and achievements in the translation of Chinese-Tibetan news in the past, there is still a certain gap with the standardized model. Therefore, based on the practical experience accumulated in the translation of Chinese-Tibetan news in the past, we should deepen the research on various problems existing in the current trend of standardization and many restrictive factors it faces, and construct a more reasonable theoretical basis and standardization model. Through systematic investigation, this paper proposes that the standardization of Chinese-Tibetan news translation can be further improved by establishing a standardized reward and punishment system, setting up a professional supervision organization, carrying out special training on Chinese-Tibetan news translation, and improving the functions of translation tools. At the same time, it puts forward feasible opinions and suggestions on the norms of skillful translation such as honorific translation, transliteration method, and digital translation in Chinese-Tibetan news translation.
Key words: preliminary exploration, translation of Chinese-Tibetan news, standardization, mode
ཞབས་མཆན།
[[1]] འབའ་སྟོད་ཚེ་དབང་རྡོ་རྗེས་རྩོམ་སྒྲིག་བྱས། རྒྱ་བོད་ལོ་ཙཱའི་རྣམ་བཤད་བློ་གསལ་དགའ་སྟོན།[M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:61-81.
[[2]] 曼昆.经济学原理(第七版)[M].北京:北京大学出版社,2015(1):7-9.
[[3]] རྣམ་བཤད་རིག་པ། [M] བསྟན་འགྱུར(དཔེ་བསྡུར་མ)། (དེབ་དོན་བདུན་པ།) པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2001: 1416.
[[4]] ས་སྐྱ་པཎ་ཆེན། ས་སྐྱེ་ལེགས་བཤད།(བོད་རྒྱ་ཤན་སྦྱར)》 [M] ཟི་ལིང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 2020:8.
[[5]] བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔེ་ཚོགས། (དང་པོ།) སྐད་གཉིས་སྨྲ་བའི་སྒྲོན་མེ།[G] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002:240.
[[6]] བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔེ་ཚོགས། (དང་པོ།) སྐད་གཉིས་སྨྲ་བའི་སྒྲོན་མེ།[G] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002:241.
[[7]] འབའ་སྟོད་ཚེ་དབང་རྡོ་རྗེས་སྒྲིག་རྩོམ་བྱས། རྒྱ་བོད་ལོ་ཙཱའི་རྣམ་བཤད་བློ་གསལ་དགའ་སྟོན།[M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018:221.
[[8]] བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔེ་ཚོགས།(དང་པོ།) སྐད་གཉིས་སྨྲ་བའི་སྒྲོན་མེ།[G] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002:98.
[[9]] ས་པཎ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ།[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018:76.
[[10]] རང་སྒྲ་པ་ཚེ་རྒྱལ། ཆོས་སྐྱོང་། སྒྲོལ་མ་འབུམ་གྱིས་བརྩམས། འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང་།[M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011:6-7 .
[[11]] དཔའ་རིས་སངས་རྒྱས། རྒྱ་བོད་ལོ་ཙཱའི་གནད་བསྡུས།[J] པེ་ཅིང་། ཀྲུང་གོའི་བོད་རིག་པ། 2012(1):105-106.
[[12]] གཡུ་ཐོག་ཡོན་ཏན་མགོན་པོ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982:15-21.
[[13]] འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་མཛད། ཇོ་བོ་རྗེ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་སོགས་བཀའ་གདམས་རིན་པོ་ཆེ་གླེགས་བམ་བཞུགས་སོ། །[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012:91.
[[14]] འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་མཛད། ཇོ་བོ་རྗེ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་སོགས་བཀའ་གདམས་རིན་པོ་ཆེ་གླེགས་བམ་བཞུགས་སོ། །[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012:133.
[[15]] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། །(ལམ་རིམ)[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004:257-258.
[[16]] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བ་བཞུགས་སོ། །[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988:407.
[[17]] བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔེ་ཚོགས།(དང་པོ།) སྐད་གཉིས་སྨྲ་བའི་སྒྲོན་མེ།[G] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002:96.
[[18]] བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔེ་ཚོགས།(དང་པོ།) སྐད་གཉིས་སྨྲ་བའི་སྒྲོན་མེ།[G] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002:309-310.
རྩོམ་པ་པོ་ངོ་སྤྲོད།
བདེ་སྐྱིད་མཚོ་མོ་ལགས་ནི་གུང་ཧོ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གསར་འགོད་པ་ཡིན་ལ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་རྒྱ་བོད་གསར་འགྱུར་ལོ་ཙཱ་ཡིན།
作者简介:德吉措毛,女,藏族,青海共和人,共和县融媒体中心记者,主要研究方向:汉藏新闻翻译。