ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་བསྟན་བཅོས་ཁྲོད་ཀྱི་ས་ཡིག་ལ་དཔྱད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལྷ་ཆེན་འཚོ།   སྤེལ་དུས། : 2023-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག ས་ཡིག་སྤྱིར་བཤད་པ།

བཅོམ་ལྡན་རིག་པའི་རལ་གྲིས། ཤས་ཆེར་འབྱུང་བའི་ཡི་གེ་ནི་ག་ས་མའོ[1]ཞེས་གསུངས་པ་བཞིན། བོད་ཀྱི་བསྟན་བཅོས་ཁྲོད་དུ་ས་ཡིག་གི་རྗེས་འཇུག་དང་ཡང་འཇུག ས་མགོ་དང་ས་ཡིག་རྐྱང་བ་འབྱུང་ཚད་ནི་ས་ཡ་གཉིས་ལྷག(2064540) ཡོད་པར་བཤད་ལ།[2]བོད་ཀྱི་ཡི་གེའི་ཁྲོད་བཀོལ་ཚད་མཐོ་ཤོས་ཀྱང་ཡིན་ཞེས་དེང་རབས་བོད་ཡིག་བསྐྱར་ཚད་མིང་མཛོད་ལས་བྱུང་། གཞན་ཡང་འཕགས་བོད་ཀྱི་མཁས་པའི་བརྩམས་ཆོས་དག་ཏུའང་ས་ཡིག་གི་ཟིན་ཚད་མཐོ་ཤོས་ཡིན་པ་མིག་མཐོང་ལག་ཟིན་དུ་ཡོད་ཕྱིར། གཤམ་ནས་བོད་ཀྱི་བསྟན་བཅོས་ནང་དུ་ས་ཡིག་གིས་གོ་གནས་དང་ནུས་པ་གལ་ཆེན་ཐོན་ཚུལ་གཞིར་བྱས་ས་ཡིག་གི་ནུས་པ་དང་དོན་སྟོན་ཚུལ་ལ་ཅུང་དཔྱད་པར་བྱའོ། །

གཉིས། ས་ཡིག་གི་ནུས་པ་བཤད་པ།

1. ས་མགོའི་ནུས་པ་དང་དོན་སྟོན་ཚུལ་བཤད་པ།

མགོ་ཅན་སོ་ལྔའི་ཁྲོད་ས་མགོ་ཅན་བཅུ་གཉིས་ཡོད་དེ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ་དང་། མགོ་ཅན་གྱི་བརྩེགས་ཡིག་འཕུལ་ཅན་ཉི་ཤུ་རྩ་བརྒྱད་ཁྲོད་ས་མགོ་འཕུལ་ལྡན་བཅུ་གསུམ་སྟེ། བསྐ། བསྒྲ། བསྔ། བསྙ། བསྟ། བསྡ། བསྣ། བསྩ། བསླ། བསྐྱ། བསྒྱ། བསྐྲ། བསྒྲའོ། ། སུམ་བརྩེགས་ཡི་གེའི་བཅུ་བཞིའི་ཁྲོད་ས་མགོ་ཅན་བཅུ་གཅིག་མཆིས་ཏེ། སྐྱ་སྒྱ་སྤྱ་སྦྱ་སྨྱ་སྐྲ་སྒྲ་སྣྲ་སྤྲ་སྦྲ་སྨྲ་བཅས་སོ། །སོ་སོའི་ཟིན་ཚད34%དང46%དང78%རེད། ར་ལ་སའི་མགོ་ཅན་གཅིག་པུར་དམིགས་ཏེ་བལྟས་ན་ས་མགོའི་ཟིན་ཚད་དམའ་ཡང་། རིམ་བཞིན་མགོ་ཅན་བརྩེགས་ཡིག་འཕུལ་ཅན་དང་སུམ་བརྩེགས་ཡི་གེའི་ཁྲོད་ཀྱི་ཟིན་ཚད་མཐོ་ནས་མཐོ་རུ་ཕྱིན། ཡི་གེ་ཞིག་གི་སྔོན་རྗེས་དབྱངས་མི་འགྱུར་བར་ས་མགོ་སྦྱར་ན་མིང་གི་ངོ་བོ་དང་བྱེད་ནུས་འགྱུར་འགྲོ[3]བ་དང་།མིང་ཚིག་གཅིག་གི་སྔོན་རྗེས་དབྱངས་གསུམ་དང་འདོགས་ཅན་སོགས་ལ་འགྱུར་བ་ཅི་ཡང་མེད་པར་མིང་གཞིའི་ཡི་གེ་ལ་ས་མགོ་སྦྱར་ན་བྱ་ཚིག་ཏུ་འགྱུར་འགྲོ་བའི་ནུས་པ་ལྡན་ཚུལ་དམིགས་བསལ་གྱི་དཔེར་བརྗོད་འགའ་དགོད་པ་ལ།

2.ས་ཡིག་མགོ་ཅན་དུ་སྦྱར་ན་བྱ་བའི་མིང་དུ་འགྱུར་བ།

བྱ་བའི་མིང་གི་སྔོན་རྗེས་དབྱངས་འདོགས་སོགས་ལ་འགྱུར་བ་ཅི་ཡང་མེད་པར་མིང་གཞིའི་ཡི་གེ་ལ་ས་མགོ་སྦྱར་ན་སྔོན་མའི་བྱ་ཚིག་གི་བྱེད་ནུས་འགྱུར་ནས་བྱ་བྱེད་ཐ་དད་པ་དང་བྱ་བྱེད་ཐ་མི་དད་པ་ཕན་ཚུན་བརྗེ་འགྱུར་བྱེད་པའི་ནུས་པ་ལྡན།

3.ས་ཡིག་གིས་འདས་པ་དང་སྐུལ་ཚིག་སྟོན་པ།

སི་ཏུ་རིན་པོ་ཆེས་ཀྱང་། གཞུང་འདིར་དམིགས་བསལ་དུ་མ་བསྟན་ཀྱང་ས་ཡིག་གི་རྗེས་འཇུག་ཡང་འཇུག་གཉི་ག་དང་། ད་ཡིག་གི་ཡང་འཇུག་གིས་དུས་འདས་པ་སྟོན་པ་མང་ཞིང[4]ཞེས་གསུངས་པས། རྩ་བར་ཡང་འཇུག་གི་སྦྱོར་ཐབས་སོགས་མེད་ཀྱང་། ཡིག་རྙིང་སོགས་ལས་མང་དུ་འབྱུང་བས་ན། ས་མཐའི་རྣམ་དབྱེ་རབ་བྱེད་སྒྲོན་མར། མེ་སོགས་ཀྱིས་བསྲེག་བྱ་སྲེག་བྱེད་བསྲེགས་སྲེགས་ཤིག མདོ་དོན་སོགས་བཀླག་བྱ་ཀློག་བྱེད་བཀླགས་ཀློགས་ཤིག རྟ་སོགས་བརྒྱུག་བྱ་རྒྱུག་བྱེད་བརྒྱུགས་རྒྱུགས་ཤིག གནས་སུ་བསྙེག་བྱ་སྙེག་བྱེད་བསྙེགས་སྙེགས་ཤིག རོ་སོགས་མྱང་བྱ་མྱོང་བྱེད་མྱངས་མྱོངས་ཤིག དྲང་པོར་བསྲང་བྱ་སྲོང་བྱེད་བསྲངས་སྲོངས་ཤིག[5]ཅེས་དྲངས་པའི་ཐད་དུ་བསྲེག་དང་བསྲེགས། མྱང་དང་མྱངས། བཀླག་དང་བཀླགས་སོགས་མ་འོངས་པའི་ལྟོས་ཟླར་གྱུར་པའི་དུས་འདས་པ་ནི་ཡང་འཇུག་ས་ཡིག་ཞུགས་པས་བསྟན་ལ། སྲེགས་དང་ཀློགས། རྒྱུགས་སོགས་སྐུལ་ཚིག་སྟོན་པ་མང་ལ། ཨ་ལག་ཤས་ཀྱང་། ད་ས་ཡང་འཇུག་གཉིས་ཀྱི་ཚུལ་ཇི་ལྟར་འཇུག་ཅེ་ན། མིང་ལ་འཇུག་པ་དང་། བྱེད་པས་བྱ་བ་བྱས་ཟིན་འབྲས་བུ་ལ་འཇུག་པ་གཉིས་ལས། མིང་ལ་འཇུག་པ་ནི་བྱས་ཟིན་འདས་ཚིག་ལ་ངེས་པ་མེད་དོ། །[6]ཞེས་གསུངས་པའི་གནད་ཀྱང་འདི་ལ་ཐུག་ཡོད།

4.ཡང་འཇུག་ས་ཡིས་དངོས་པོའི་མིང་སོགས་འབྱེད་ཐུབ་པ།

དངོས་པོའི་མིང་གི་ཁྲོད་དུ་ཡང་འཇུག་ས་ཡོད་མེད་ཀྱིས་དངོས་པོའི་ཁྱད་པར་སྟོན་པ་ཤིན་ཏུ་མང་སྟེ། འདིར་འཇུ་མི་ཕམ་གྱི་ས་མཐའི་རྣམ་གྲངས་མདོ་མཚོན་དང་བློ་གྲོས་རབ་གསལ་གྱི་ས་མཐའ་མེད་དགག་རིན་ཆེན་གཏེར་ལས་ཐབ་ཀ་པ་དང་ཐབས་ལ་མཁས། གདུག་པ་ཅན་དང་གདུགས་དཀར་ཅན། ཁ་དོག་ནག་དང་ནགས་ཀྱི་ཚལ། གྲང་བས་ཉེན་དང་གྲངས་སུ་བགྲངས། ཞེས་དང་།ས་དྲག་ཞུགས་མ་ཞུགས་ཀྱི་ཁྱད་པར་ལས་མིང་གི་བསྟན་བྱ་དང་དོན་གྱི་འཇུག་ཚུལ་མི་འདྲ་སྟེ། དཔེར་ན། རིག་དང་རིགས་ལྟ་བུ་ལ་མཚོན་ན།རིག་ནི་བློ་དང་རིག་པ་ཞེས་པ་ལ་གོ་དགོས་པ་དང་། རིགས་ནི་རྟགས་རིགས་དང་གཏན་ཚིགས་རིགས་པ་དང་སྒྲུབ་བྱེད་ཀྱི་ལུང་རིགས་ཡང་འཇུག་ཅན་རྣམས་དང་། རིག་པར་བྱེད་པའི་ཐབས་སྦྱོར་ངག་དང་ཐལ་འགྱུར། རྟགས་དང་གཏན་ཚིགས་སོགས་ལ་གོ་དགོས་ལ། ཡང་འཇུག་ས་དེས་རིག་པར་བྱེད་པའམ་གོ་བར་བྱེད་པའི་བྱེད་ལས་ཅན་ཡིན་པར་སྟོན་པ་སོགས་ཀྱིས་ཡང་འཇུག་ས་ཡིག་ཞུགས་མ་ཞུགས་ཀྱི་དོན་ལ་ཁྱད་པར་ཤིན་ཏུ་ཆེའོ། །

5.ཡང་འཇུག་ས་ཡིག་ཞུགས་མ་ཞུགས་ཀྱིས་རྗེས་འཇུག་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཐུབ།

རྟགས་ཀྱི་འཇུག་པའི་སྙིང་བོར“ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ། །དང་པོ་སྒྲ་ཡི་འཇུག་ཚུལ་ནི། །ཕོ་ཡི་ག་ཡིག་ཡང་འཇུག་ཅན། །སྐྱེས་བུ་རབ་དང་ཕོ་ཡིག་བ། །ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང་། །ག་བ་ཡང་འཇུག་མེད་པ་དང་། །ད་སའི་མཐའ་ཅན་ཐ་མ་སྟེ། །དྲག་པ་ཕོ་ལའང་ནང་གསེས་ཀྱི། །དྲག་ཞན་བར་མ་གསུམ་དུ་དབྱེ། །དེ་བཞིན་ཞན་པ་མོ་ལ་ཡང་། །ནང་གསེས་དྲག་ཞན་གཉིས་དབྱེ་སྟེ། །ང་མ་ཡང་འཇུག་ཅན་མོ་དང་། །ང་མ་ཡང་འཇུག་མེད་པ་དང་། །འ་མཐའ་ཅན་རྣམས་ཤིན་ཏུ་མོ། །བར་མ་མ་ནིང་ན་ར་ལ། །ཡང་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞི་ཕོ་ཡིག་མཐར་ཡོད་དང་། །མིང་གཞི་མ་ནིང་རྗེས་སུ་ནི། །ཡང་འཇུག་དང་བཅས་ཞུགས་པ་ན། །ཞན་དང་ཕྲད་པས་ཞན་པར་འགྱུར། །དེ་གཉིས་འགྱུར་བ་མ་ནིང་ཡིན། །མིང་གཞི་མོ་ཡིག་རྗེས་སུ་ནི། །ཡང་འཇུག་མེད་པར་ཞུགས་པ་ན། །དྲག་ཞན་གང་དུའང་མི་འགྱུར་བས། །མཚན་མེད་མ་ནིང་ཞེས་སུ་འདོད། །”ཅེས་ཁྱད་པར་དུ་བརྡ་སྤྲོད་སྨྲ་བའི་དབང་པོ་རྗེ་སི་ཏུ་པཎ་ཆེན་གྱིས“རྗེས་འཇུག་ནང་འཕྲད”ཅེས་ཡང་འཇུག་ཞུགས་མ་ཞུགས་ཀྱི་ཁྱད་པར་ལ་བརྟེན་ནས་རྗེས་འཇུག་གི་ཕོ་མོ་མ་ནིང་དེ་ལའང་ནང་གསེས་ཀྱི་དབྱེ་བ་བརྒྱད་དུ་དགར་བ་དང་། དབྱེ་བ་དེ་དག་གི་ཁྱད་པར་གཙོ་བོ་རྗེས་འཇུག་གང་དག་གི་རྗེས་སུ་ཡང་འཇུག་ཞུགས་མིན་གྱིས་འབྱེད་པའི་ཕྱིར་ན། ཡང་འཇུག་དེ་གང་ལ་ཞུགས་པའི་སྒྲ་གདངས་ཀྱི་ང་རོའི་རྣམ་པ་ནི《མུ་ཏིག་ཕྲེང་མཛེས》ལས“གྲོགས། བཞུགས། གཟིགས། ”ལྟ་བུའི་རྗེས་འཇུག་ག་ཡིག་ལ་ཡང་འཇུག་ས་ཡིག་ཞུགས་པ་ནི་སྐྱེས་བུ་རབ་དང“མཁས། ཁྲག འགས། ”ལྟ་བུའི་ཡང་འཇུག་མ་ཞུགས་པ་ནི་སྐྱེས་བུ་ཐ་མ་ཞེས་རབ་དང་ཐ་མའི་ཁྱད་པར་ཡང་འཇུག་ཞུགས་མིན་གྱིས་དབྱེ་བ་དང་། “བསྐངས། ཁམས། གངས། ”ལྟ་བུའི་ཡང་འཇུག་ས་ཡིག་ཞུགས་པ་ནི་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང་། འདི་དག་ལས་ཡང་འཇུག་ས་ཡིག་ཞུགས་མ་ཞུགས་ཀྱིས་རྗེས་འཇུག་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཐུབ།

མཇུག་བསྡུ་བ།

རྗེ་གསུང་རབ་རྒྱ་མཚོའི་ཞལ་ནས“ང་དང་ཁྱོད་ཅེས་ཕྱོགས་རིས་མེད་ན་ཡང་།། ང་ཚོ་བོད་ཀྱི་གཞུགས་མ་ཡིན་པའི་ཕྱིར། །ང་ཡིས་བལྟས་ན་རང་གི་རིག་གཞུང་ལ། །ང་རྒྱལ་མེད་པར་སློབ་པར་གལ་ཆེ་སྙམ། །བོད་ལ་རིག་གཞུང་མང་པོ་ཡོད་ན་ཡང་། །བོད་ཡིག་རྩ་བ་བརྡ་སྤྲོད་འདི་ཉིད་ལ། །བོད་ཀྱི་མི་རིགས་དོན་དུ་ལེགས་སྦྱངས་ན། །བོད་ལ་ཕན་ཐོགས་ཆེའོ་གྲོགས་པོ་ཚོ། །”ཞེས་པ་དང་འདར་བ་ལོ་ཙཱ་བ་མཆོག་གིས་ཀྱང“ཚུལ་འདི་རྟོགས་ན་ཤེས་བྱའི་གནས་ཀུན་ལ། །ཐོགས་པ་མེད་པར་བདེ་ལེགས་བགྲོད་པའི་ལམ། །བཅུ་ཕྲག་རིག་གནས་ཀུན་གྱི་དང་པོ་མཆོག །རྣམ་དག་བརྡ་སྤྲོད་གཞུང་འདིར་འཇུག་པར་རིགས། །” ཞེས་པ་སོགས་བོད་ཀྱི་སྔོན་བྱོན་མཁས་པ་ཕལ་མོ་ཆེས་སྔ་མོ་ནས་བོད་ཀྱི་རིག་གནས་ཆེ་ཆུང་གང་ལ་འཇུག་དགོས་ཀྱང་རྩ་བའི་རྩ་བ་ནི་སྒྲ་རིག་པའམ་བརྡ་སྤྲོད་རིག་པ་སྟེ་སུམ་རྟགས་དག་གསུམ་ཡིན། ཚིག་ཕྲད་ནི་སྐད་ཆའི་སྦྱོར་བ་ལ་མེད་དུ་མི་རུང་བའི་ཆ་ཤས་ཏེ་ལྷུ་ལག་ལྟ་བུ་ཞིག་ཡིན་པ་དང་། དེས་བོད་པའི་སྐད་ཆའི་སྦྱོར་བ་དང་མིང་བརྡའི་འགྱུར་ལུགས། དོན་གནད་བཀྲོལ་ཚུལ་སོགས་ལ་ནུས་པ་བླ་ན་མེད་པ་བཏོན་དང་འདོན་བཞིན་ཡོད་པས་ང་ཚོས་དོ་སྣང་བྱེད་འོས་སོ། །

ལུང་ཁུངས།

[1]བཅོམ་ལྡན་རིག་པའི་རལ་གྲི། 《སྒྲའི་བསྟན་བཅོས་སྒྲ་བ་རྒྱན་གྱི་མེ་ཏོག་ངག་གི་དབང་ཕྱུག་གྲུབ་པའི་རྒྱན་བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐུ་ལའི་ཕྲེང་བ》[G]མི་རིགས་དཔེ་སྐྲུན་ཁང་།2012ལོ།

[2]卢亚军主编《现代藏文频率词典》[G]民族出版社2007

[3]ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན། 《ཡི་གེ་དག་སྡེབ》[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1996ལོ།

[4]ཀརྨ་སི་ཏུ།《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1982ལོ།

[5]འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར།《བོད་ཀྱི་བརྡ་དག་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མེ》[G]བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་དགུ་པ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2014ལོ།

[6]ཨ་ལག་ཤ་ངག་དབང་བསྟན་དར།《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2015ལོ།

(རྩོམ་པ་པོ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི2022ལོའི་ཞིབ་འཇུག་སློབ་མ་ཡིན།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།