ཀྲུང་གོ་བོད་ཀྱི་དྲ་བ།

ཚིག་ཕྲད་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་འཕེལ་རིམ་ལ་ཐོག་མར་དཔྱད་པ།

ཡོང་ཁུངས། : «མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ»2020ལོའི་དེབ་བཞི་བ།   རྩོམ་པ་པོ། : སྙན་བཟང་པ་ཀུན་བཟང་རྒྱལ།   སྤེལ་དུས། : 2023-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

【ནང་དོན་གནད་བསྡུས།】 ཅིང་སོགས་ཀྱི་ཕྲད་ནི་སུམ་ཅུ་པའི་རྩ་བ་རུ་དངོས་བསྟན་ལ་མ་བྱུང་ཞིང་། བརྡ་སྤྲོད་ཀྱི་གཞུང་འགྲེལ་གྲགས་ཆེ་བ་འགའ་རུ་ཡང་མ་བྱུང་ནའང་། ཅིང་སོགས་ཀྱི་ཕྲད་རྣམས་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་རྣམས་སུ་མང་པོ་བྱུང་ཡོད། དེ་ཡང་ཅིང་སོགས་ཀྱི་ཕྲད་སྦྱོར་ལ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སྡོམ་ཚིག་གི་ཆིངས་ལྟར། ཆོས་རྗེ་ས་པཎ་དང་། ཞ་ལུ་ལོ་ཙཱ་བ་རྣམ་གཉིས་ཀྱང་དེའི་ལུགས་སུ་བཞེད་ལ། དཔལ་ཁང་ལོ་ཙཱ་བས་ཅེའོ་ཞེའོ་ཤེའོ་གསུམ་གསར་དུ་བསྣན་ནས་ཅིང་ཞིང་ཤིང་གསུམ་ཀྱི་ཕྲད་སྦྱོར་དུ་བཅུག་པས་། «དག་ཡིག་ངག་སྒྲོན»ནི་ཚིག་ཕྲད་ཅིང་སོགས་ཆ་ཚང་བར་སྡོམ་དུ་བཀོད་པས་བསྟན་བཅོས་ཐོག་མ་ཡིན་ལ། དེ་ནས་སུམ་འགྲེལ་ཁ་ཤས་སུ། ཤེས་ཀྱི་ཚབ་ཏུ་ཞེས་སྦྱོར་བའི་རྩ་དོན་གཞིར་བཟུང་ནས། ཕྲད་བཅུ་བཞིར་ངེས་པར་བྱས་པ་དང་། ཕྲད་སྦྱོར་དེ་ཡང་དགེ་བཤེས་གསུང་རབ་རྒྱ་མཚོའི«སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས»སུ། སྡོམ་གྱི་ཚིག་སྦྱོར་བཅོས་སྒྲིག་མཛད་པ་དེ་ནི། སྔ་འགྲེལ་རྣམས་ལས་ཚིག་ཉུང་ལ་དོན་འདུས་པ། གོ་བདེ་ལ་ངོས་འཛིན་སླ་བ་བཅས་སུ་འཕེལ་རྒྱས་བྱུང་བར་འདོད་དོ། །

【བརྡ་ཆད་གཙོ་བོ།】 ཅིང་ཞིང་། ཕྲད་སྦྱོར། འཕེལ་རིམ། འཇུག་དོན།

སྔོན་འགྲོའི་གླེང་གཞི།

ཅིང་སོགས་ཀྱི་ཚིག་ཕྲད་བཅུ་བཞི་ཡོད་པ་ནི་སུམ་ཅུ་པའི་རྩ་བ་ལས་མ་བྱུང་ནའང་། དཔྱད་རྩོམ་དུ་ཚིག་ཕྲད་དེ་རྣམས་ལས“ཅེས་ཞེས”གཉིས་ནི་སྤྱོད་སྒོ་མང་པོའི་ཕྲད་དེ། ལུང་འདྲེན་པའི་ཕྲད་དུ་ངེས་པའི་ཕྱིར་ན། «སྒྲ་སྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ»ལས། མེས་སྟོན་ལ་གཏད་པའི་མགུར་ན། “བུ་ཁྱེད་ཀྱིས་བྱས་པའི་ཞབས་ཏོག་ལ། །དྲིན་ལན་དམ་ཆོས་དཔག་མེད་སྦྱིན། །ཆོས་ཀྱི་ཞོ་ཤ་ཉམས་སུ་ལོངས། །འགྲོ་བ་གཞན་ལ་ཅི་ཕན་མཛོད། །ཅེས་གསུངས་པས།”[1] ཞེས་དང་། དེ་ཉིད་ལས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་འབྱུང་བ་རྡོ་རྗེའི་ལེའུ་ན། “ཕྱོགས་བཅུ་རྣམ་པ་ཐམས་ཅད་དུ། །གང་བཞུགས་བདེ་བར་གཤེགས་པའི་ཚོགས། །མཛད་པ་གཅིག་པའི་རྣམ་ཐར་གྱིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །”[2]ཞེས་པའི་ཚིག་འདི། “ཅེས་ཞེས”གཉིས་ཀྱི་ཕྲད་ལ་བརྟེན་ནས་ཚིག་དུམ་དེ་གཉིས་ལུང་དུ་དྲངས་པར་གོ་ནུས་ལ། ཚིག་གྲོགས་ཀྱི་འགྱུར་བ་ལས་དོན་གྱི་གོ་བ་མི་འདྲ་བ་ནི། «ཐོན་མིའི་ཞལ་ལུང»ལས། “གཞན་གཞུང་ལུང་དུ་དྲངས་ཚེ་དེའི་དུམ་བུ་ཞིག་ཚར་ཡོད་ན། ཞེས་དང་། ཞེས་པ་འཐོབ་པར་མ་ཟད། དེའི་མུ་མཐུད་ནས་ད་དུང་ལུང་ཚན་ཕྱི་མ་འདྲེན་པའི་བརྡ་རུ་གོ་དགོས། ཚར་མེད་ན། ཞེས་སོགས་ཞེས་སྦྱོར་བ་དང་། ཞེས་པ་ལྟར་དང་། ཞེས་གསུངས་པ་ལྟར་ཞེས་ཡོད་ཚེ་ལུང་དེ་དང་མཐུན་པའི་འགྲེལ་བཤད་བྱེད་རྒྱུའི་བརྡ་རུ་གོ་དགོས། ཞེས་སོ། །ཞེས་སོགས་སོ། །ཞེས་རྫོགས་ཚིག་སྦྱར་ཚེ་ལུང་དྲངས་པ་དེ་གས་ཆོག་པར་བྱས་ནས་འགྲེལ་བཤད་མི་བྱེད་པའི་བརྡ་རུ་གོ་དགོས་པ……”[3]ཞེས་གསུངས་པ་ནི་རིག་གཞུང་ཉམས་ཞིབ་ཀྱི་ལས་ལ་འཇུག་མཁན་རྣམས་ཀྱིས་དོ་སྣང་བྱེད་དགོས་པའི་གནད་ཅིག་ཏུ་མཐོང་ངོ་། །

ཅིང་སོགས་ཀྱི་ཚིག་ཕྲད་དེ་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་སུ་བྱུང་ཡོད་མེད་དང་། ཡོད་ན་ཇི་ལྟར་བྱུང་ཞིང་ཕྲད་སྦྱོར་གྱི་ཁྱད་ཆོས་གང་འདྲ་ཡིན་པ་དང་། དུས་སྐབས་ནམ་ཞིག་ལ་བསྟན་བཅོས་གང་དུ་ཅིང་སོགས་ཀྱི་ཕྲད་སྦྱོར་ལ་སྡོམ་ཚིག་ཐོག་མ་ཇི་ལྟར་མཛད་པ་དང་། རྒྱུན་འཛིན་དང་འཕེལ་རིམ་གྱི་གོ་རིམ་ལས་འགྱུར་བ་གཙོ་བོ་གང་དག་བྱུང་བ་དང་། དོན་ཀྱི་འཇུག་ཚུལ་ལམ་འཇུག་དོན་ལ་ངོས་འཛིན་གང་དག་བྱུང་བ་སོགས་དཔྱད་པར་འདོད་པ་ལ།

དང་པོ། བོད་བཙན་པོའི་དུས་སུ་བཞེངས་པའི་རྡོ་རིང་ཡི་གེ་ལས་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་ཇི་ལྟར་བྱུང་བ།

སྤྱི་ལོ763ལོར་བཞེངས་པའི«ཞོལ་རྡོ་རིང་ཕྱི་མ»ལས་བྱང་ངོས་ཀྱི་ཡིག་ཕྲེང་ཉི་ཤུ་པ་ན། “བཀུརཿཞིངཿབསྟོདཿཔརཿགནངཿངོཿ།”[4] ཞེས་པའི་ཞིང་དང་། ཡིག་ཕྲེང་ཉེར་དྲུག་པ་ན། “གཅྀགཿགྀསཿསྨདཿཅྀངཿ”[5] ཞེས་པའི་ཅྀང་དང་། ཡིག་ཕྲེང་ཞེ་བདུན་པ་ན། “དམའཿབརཿབྱེདཿཔཿཞིགཿཡོདཿན།”[6] ཞེས་དང་། ཡིག་ཕྲེང་ང་གཅིག་པ་ན། “བུཿཚཿའཕེལདཿགྱྀཿནངཿནསཿལཿལཿཞིག”[7]ཅེས་པའི་ཞིག་དང་། ལྷོ་ངོས་ཀྱི་ཡིག་ཕྲེང་བཞི་ཅུ་པ་ན། “གློཿབཿཉེཿཞིངཿ”[8] ཞེས་པའི་ཞིང་དང་། ཡིག་ཕྲེང་ཞེ་བདུན་པ་ན།  “ལོཿཅྀགཿཅྀངཿ”[9] ཞེས་པའི་ཅྀང་དང་། ཡིག་ཕྲེང་བརྒྱད་ཅུ་པ་ན། “ཀླུཿཁོངཿགློཿབཿཉེཿཞིངཿ” ཞེས་པའི་ཞིང་གཅིག་བཅས་བསྡོམས་ན་རྡོ་རིང་འདིར“ཞིང་ཅྀང་ཞིག”གསུམ་གྱི་ཐ་སྙད་བདུན་བྱུང་ཡོད།

སྤྱི་ལོ798—815བར་གང་རུང་ལ་བཞེངས་པའི«ཞྭ་ལྷ་ཁང་གི་རྡོ་རིང་དང་པོ»ལས། (གཤམ་དུ་ཡིག་ཚོགས་སྤོངས་ཕྱིར་རྡོ་རིང་འདི་གཉིས་ལས་ཐ་སྙད་གང་དེ་གཙོ་བོར་འགོད་པ་ལས་ཡིག་ཕྲེང་སོགས་འགོད་པར་མི་བྱེད)བླ་འོག་དགྱེས་ཤྀང་། བྐ་གྲོས་གསོལ་ཅིང་། འཁྲུག་པ་མྱེད་ཅྀང་། དགེ་སློང་གི་ཚུལ་འཛྀན་ཅིང་། ཡུན་དུ་བརྟན་ཞྀང་། བསྒྱུར་བར་གྱྀས་ཤིག སྤྱན་གྱིས་བཙའ་ཞིང་། ལ་ལ་ཞྀག ཉེས་པ་གཞན་ཞྀག སྲིད་བདེ་ཞིང་། གནང་ཞིང་། མྱང་དབཱས་སྙིང་ཉེ་ཞིང་། ནམ་ཞིག[10]སོགས་ཐ་སྙད་བཅུ་གསུམ་བྱུང་ཡོད་པ་འདིར“ཤྀང་ཅིང་ཞྀང་ཤིག་ཞིག”བཅས་ཀྱི་ཚིག་ཕྲད་ལྔ་ཡོད་ལ། དེ་ལས་ཤྀང་ཞེས་གུག་གུ་ཕྱིར་ལོག་གཅིག་དང་། ཅྀང་ཞེས་གུག་གུ་ཕྱིར་ལོག་གཅིག་དང་མ་ལོག་པ་གཉིས། ཞྀང་ཞེས་གུག་གུ་ཕྱིར་ལོག་གཅིག་དང་མ་ལོག་པ་བཞི། ཞྀག་ཅེས་གུག་གུ་ཕྱིར་ལོག་གཉིས་དང་མ་ལོག་པ་གཅིག་བཅས་ཡོད།

སྤྱི་ལོ812ལོར་བཞེངས་པའི«ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པ»ལས། དཔགས་པ་ལས་ཀྱང་ཕྲྀ་ཞིང་། བཀའ་དྲིན་ཆུངས་ཤྀང་། བཀའ་གྲོས་གསོལད་ཅྀང་། སྙིང་ཉེ་ཞིང་། ཡུན་ཏུ་བརྟན་ཞྀང་། མྱི་བསྒྱུར་བར་གྱྀས་ཤིག[11]བཅས་ཐ་སྙད་དྲུག་བྱུང་ཡོད་པ་འདིར་ཡང“ཞིང་ཤྀང་ཅྀང་ཤིག”བཅས་ཚིག་ཕྲད་བཞི་ཡོད་ལ། དེ་ལས་ཞྀང་ཞེས་གུག་གུ་ཕྱིར་ལོག་གཅིག་དང་མ་ལོག་པ་གཉིས། ཤྀང་དང་ཅྀང་ཞེས་གུག་གུ་ཕྱིར་ལོག་གཅིག་རེ་དང་། ཤིག་ཅེས་གུག་གུ་ཕྱིར་མ་ལོག་པ་གཅིག་བཅས་ཡོད།

ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་དཔྱད་ཡིག་གི་ཁུངས་བཙུན་པའི་བཙན་པོ་རྒྱལ་རབས་དུས་སྐབས་ཀྱི་རྡོ་རིང་ཡི་གེ་འདི་གསུམ་ན། “ཅིང་ཞིང་ཤིང་ཞིག་ཤིག”བཅས་ཀྱི་ཚིག་ཕྲད་ལྔ་བྱུང་ཡོད་ལ། དེ་དག་གི་ཕྲད་སྦྱོར་ནི། རྗེས་འཇུག་ག་ད་ན་ལ་—ཅིང་དང་། རྗེས་འཇུག་ང་འ་ར་ན་དང་མཐའ་མེད་དེ་རྗེས་འཇུག་མེད་པའི་མཐར—ཞིང་དང་། རྗེས་འཇུག་ས་དང་ཡང་འཇུག་ས—ཤིང་དང་། རྗེས་འཇུག་ན་མ་དང་མཐའ་མེད་དེ་རྗེས་འཇུག་མེད་པའི་མཐར—ཞིག་དང་། རྗེས་འཇུག་ས—ཤིག་ཐོབ་པར་སྦྱར་ཡོད་དོ། །

གཉིས་པ། ཏུན་ཧོང་ཡིག་རྙིང་དུ་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་བྱུང་ཚུལ།

ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལPel.tib.0509ཨང་རྟགས་ཀྱི«གསེར་འོད་དམ་པ་མདོ་སྡེ་དབང་པོ་འི་རྒྱལ་པོ»ལས། ཡིག་ཕྲེང་གཉིས་པ་ན“སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅྀང་གཟིགས་པ་ནྀ་བརྗོད་ཅྀང་།”[12] ཞེས་མཁྱེན་ཅྀང་དང་བརྗོད་ཅྀང་ཞེས་པའི་ཅྀང་དང་། ཡིག་ཕྲེང་བཞི་བ་ན“སྐྱེ་བོའྀ་སྨོན་ལམ་གྲུབ་ནས་ཕྱུག་ཅིང”[13]ཞེས་པའི་ཅིང་དང་། ཡིག་ཕྲེང་དགུ་བ་ན“ལྷན་ཅིག་ཏུ་སངས་རྒྱས་སུ་གྲུབ་པར་སྨོན་ཏོ། །”[14]ཞེས་པའི་ཅིག་དང་། ཡིག་ཕྲེང་བཅོ་བརྒྱད་པ་ན“ལན་ཅྀག་ཕྱིར་ལྡོག་པ་དང་།”[15] ཞེས་པའི་ཅྀག་དང་། ཡིག་ཕྲེང་ཉེར་བཞི་བ་ན“དེ་ཅྀའི་ཕྱྀར་ཞེ་ན་རྀགས་གྱི་བུ་ཆོས་ཐམས་ཅད་ནི་སྟོང་བ་སྟེ།”[16] ཞེས་པའི་ཞེ་ན་དང་། ཤོག་དྲིལ་དེ་ན་ད་དུང“ཅྀའི་ཕྱྀར་ཞེ་ན”ཞེས་པ་ལྔ་དང་། “བཞི་གང་ཞེ་ན”ཞེས་པ་གཉིས་ཡོད་པ་དང་། ཡིག་ཕྲེང་ཉེར་ལྔ་བ་ན“ཚེ་ཡང་མྱེད་སྐྱེ་ཞིང་འགོག་པ་ཡང་མྱེད།” ཅེས་པའི་ཞིང་དང་། ཡིག་ཕྲེང་ཉེར་བདུན་པ་ན“ངོ་བོ་ཉྀད་ཡོད་པ་ཞེས་བྱའོ། །”[17]ཞེས་པའི་ཞེས་དང་། ཡིག་ཕྲེང་དེ་ན“ལས་གྱྀས་བསྒྲིབ་པ་བྱང་ཞྀང་ཟད་པར་བྱའོ། །”[18]ཞེས་པའི་ཞྀང་དང་། ཡིག་ཕྲེང་ང་ལྔ་བ་ན“དེ་བཞིན་དུ་ཆོས་ཀྱྀ་དབྱིངས་རྣམ་པར་རྟོག་པ་ཐམས་ཅད་མྱྀ་སྐྱེ་བའྀ་ཕྱིར་རྣམ་པར་དག་པ་ཞེས་བྱ་སྟེ།”[19]ཞེས་པའི་ཞེས་དང་། ཡིག་ཕྲེང་རེ་གཉིས་པ་ན“དེ་བཞིན་གཤེགས་པ་ཎྀ་བདག་གྀ་མཁན་པོ་ཆེན་པོ་ཞེས་ཐེ་ཙོམ་མེད་པར་ཡིད་ཆེས་ན།”[20] ཞེས་པའི་ཞེས་དང་། ཡིག་ཕྲེང་རེ་བདུན་པ་ན“དེ་ནྀ་འཕགས་པའྀ་ལྷ་ཞེས་བྱའོ། །”[21]ཞེས་པའི་ཞེས་དང་། ཡིག་ཕྲེང་རེ་དགུ་བ་ན“ཡང་དག་པའྀ་སྤྱོད་ཡུལ་སྒྲུབས་པས་ཀྱང་ཤེས་ཤྀང་མཐོང་བར་མྱི་ནུས་ཏེ།”[22] ཞེས་པའི་ཤྀང་དང་། ཡིག་ཕྲེང་དོན་བརྒྱད་པ་ན“སྐུ་གཉིས་མྱ་ངན་ལས་འདས་པ་ལ་མྱྀ་གནས་ཤེ་ན།”[23] ཞེས་པའི་ཤེ་ན་དང་། ཡིག་ཕྲེང་གྱ་བདུན་པ་ན“སངས་རྒྱས་བཅོམ་ལྡན་འདས་ཤེས་བྱའོ། །”[24]ཞེས་པའི་ཤེས་དང་། ཡིག་ཕྲེང་གོ་གཅིག་པ་ན“འཇིག་རྟེན་གྱྀ་ཁམས་རིན་པོ་ཆེའི་རྒྱན་ཅེས་བྱ་བ་ན།”[25] ཞེས་པའི་ཅེས་དང་། ཡིག་ཕྲེང་གོ་གཉིས་པ་ན“མཆོག་གི་ཆོས་འཆད་ཅྀང་སྐྱེ་དགུ་ལ་རྒྱ་ཆེར་འདྲེན་ཏོ། །”[26]ཞེས་པའི་ཅྀང་དང་། ཡིག་ཕྲེང་བརྒྱ་བ་ན“གནོད་སྦྱིན་ཕལ་མང་པོས་ཡུལ་སྲུང་ཞྀང་སྐྱོབ་བོ། །”[27]ཞེས་པའི་ཅྀང་སོགས་བསྡོམས་ན་ཤོག་དྲིལ་འདིར“ཅྀང་ཅྀག་ཞྀང་ཤྀང་ཞེས་ཞེ་ན་ཤེ་ན”བཅས་ཚིག་ཕྲད་བདུན་བྱུང་བ་དང་། དེ་ལས་ཅྀང་ཞེས་གུག་གུ་ཕྱིར་ལོག་གསུམ་དང་མ་ལོག་པ་གཅིག་དང་། ཅྀག་ཅེས་གུག་གུ་ཕྱིར་ལོག་དང་མ་ལོག་པ་གཅིག་རེ་དང་། ཞྀང་ཞེས་པ་གུག་གུ་ཕྱིར་ལོག་པ་གསུམ་དང་། ཤྀང་ཞེས་པ་གུག་གུ་ཕྱིར་ལོག་པ་གཅིག་དང་། ཞེས་ཟེར་བ་ལྔ་དང་། ཞེ་ན་ཟེར་བ་བཅུ་གཅིག་དང་། ཤེ་ན་ཟེར་བ་གཅིག་བཅས་ཡོད།

ཅྀང་ཞྀང་སོགས་ཀྱི་ཕྲད་བདུན་བྱུང་བ་རྣམས་ཚིག་གྲུབ་བཅུ་དགུ་ལ་ཞུགས་ཏེ་བརྗོད་འབྲེལ་གྱི་དོན་གང་ཡིན་ལེགས་པར་བསྟན་པ་དང་། དེ་དག་གི་ཕྲད་སྦྱོར་ནི། རྗེས་འཇུག་ག་ད་ན—ཅྀང་དང་། རྗེས་འཇུག་ན—ཅྀག་དང་ཅིག་གཅིག་རེ་དང་། རྗེས་འཇུག་ང་དང་མཐའ་མེད་དེ་རྗེས་འཇུག་མེད་པའི་མཐར—ཞྀང་དང་། རྗེས་འཇུག་ས—ཤྀང་དང་ཤེས། མཐའ་མེད་དེ་རྗེས་འཇུག་མེད་པའི་མཐར—ཞེས་དང་། རྗེས་འཇུག་ང་ར—ཞེ་ན་དང་། རྗེས་འཇུག་ས—ཤེ་ན་ཐོབ་པར་སྦྱར་ཡོད།

གོང་དུ་དྲངས་པའི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་གཉིས་སུ་བྱུང་བའི་ཕྲད་སྦྱོར་གྱི་འཇུག་ཚུལ་རྣམས་གཅིག་ཏུ་དྲིལ་ན། རྗེས་འཇུག་ག་ད་ན་ལ་མཐར་ཅིང་དང་། རྗེས་འཇུག་ན་མཐར་ཅིག་དང་། རྗེས་འཇུག་ང་འ་ར་ན་དང་མཐའ་མེད་མཐར་ཞིང་དང་། རྗེས་འཇུག་ས་དང་ཡང་འཇུག་ས་མཐར་ཤིང་དང་། རྗེས་འཇུག་ས་མཐར་ཤེས་དང་། རྗེས་འཇུག་ན་མ་དང་མཐའ་མེད་མཐར་ཞིག་དང་། རྗེས་འཇུག་ས་མཐར་ཤིག་དང་། རྗེས་འཇུག་ང་ར་མཐར་ཞེ་ན་དང་། རྗེས་འཇུག་ས་མཐར་ཤེ་ན་ཐོབ་པར་སྦྱར་ཡོད་དོ། །

གསུམ་པ། བརྡ་དག་ཏུ་ཚིག་ཕྲད་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་དབྱེ་ཚུལ།

པཎྜི་ཏ་སྨྲི་ཏི(དུས་རབས་བཅུ་བ)ཡིས་མཛད་པའི«སྨྲ་སྒོ་མཚོན་ཆའི་རྩ་བ»ལས། “ཅིང་ལ་སོགས་པ་བསྡུ་བ་དང་། །མཚམས་སྦྱོར་དག་ཏུ་བྱེད་པ་ཡིན། །”[28]ཞེས་ཚིག་རྐང་གཉིས་གསུངས་པ་འདིར་ཅིང་དངོས་བསྟན་དང་། སོགས་སྒྲའི་ནང་དུ་ཞིང་ཤིང་གཉིས་བསྡུས་པ་རང་འགྲེལ་ན། “ཅིང་ཞེས་བྱ་བ་དང་། ཞིང་ཞེས་བྱ་བ་དང་། ཤིང་ཞེས་བྱ་བ་འདི་རྣམས་བསྡུ་བ་ལ་འཇུག་པ་ནི། ཡང་དང་ཀྱང་ལ་སོགས་པ་དང་མཐུན་པར་འཇུག་གོ །མཚམས་སྦྱོར་བར་བྱེད་པ་ནི་སྟེ་དང་། ཏེ་ལ་སོགས་པ་དང་མཐུན་པར་སྟོན་པ་སྟེ། འདོད་ཅིང་ཆགས་པ་ཞེས་པ་ལྟ་བུའོ། །”[29]ཞེས་ཅིང་ཞིང་ཤིང་གསུམ་གྱི་འཇུག་དོན་བསྡུ་བ་དང་མཚམས་སྦྱོར་ལ་འཇུག་པ་དང་། ཇི་ལྟར་འཇུག་ཚུལ་ནི་ཀྱང་སོགས་དང་སྟེ་སོགས་མཐུན་པར་བརྗོད་ཀྱང་། རྗེས་འཇུག་གང་དག་ལ་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་ཚུལ་གང་ཡིན་གྱི་རྣམ་གཞག་གསལ་བོར་མ་མཛད་པ་རེད།

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ(1049—1109)ཀྱིས་མཛད་པའི«དག་ཡིག་ཉེར་མཁོ་བསྡུས་པ»ལས། “ག་ད་བ་ཅིང་ས་མཐར་ཤིང་། །ཕྱུག་ཅིང་བླུན་པ་རྒུད་ཅིང་འགྲོ། །སློབ་ཅིང་ནུས་པ་མཁས་ཤིང་ཕྱུག །ང་འ་ན་མ་ར་ལ་དང་། །འདོགས་ཅན་རྐྱང་པ་རྣམས་ཞིང་དཔེར། །དྲང་ཞིང་བདེ་བ་རབ་དགའ་ཞིང་། །སྙན་ཞིང་འགྱུར་བ་འཇམ་ཞིང་མཛེས། །དར་ཞིང་རྒྱས་པར་འཚལ་ཞིང་བདག །བདེ་ཞིང་སྐྱིད་ནས་ཟ་ཞིང་སྣང་། །ག་ད་བ་ཅེས་ང་འ་དང་། །ན་མ་ར་ལ་ས་དང་ནི། །འདོགས་ཅན་རྐྱང་པ་ཞེས་ཏེ་དཔེར། །རྟག་ཅེས་བྱ་བའི་བདག་ཡོད་ཅེས། །སྨྲ་བ་ཟབ་ཅེས་བྱུང་ཞེས་ཐོས། །གདའ་ཞེས་འདི་ལྟ་ཡིན་ཞེས་པའམ། །འདི་ཙམ་ཞེས་པ་འགྱུར་ཞེས་པར། །འཁྲུལ་ཞེས་སྟོན་པས་ལེགས་གསུངས་ཞེས། །མི་མཁས་པ་ཞེས་སྨྲ་ཞེས་བཤད། །ཁ་ཅིག་ས་མཐར་ཤེས་ཞེས་ཟེར། །མི་འཐད་པར་མཐོང་ཁོ་བོས་འདོར། །ག་ད་བ་ཅིག་ས་མཐར་ཤིག །རྐྱང་བའི་རྗེས་སུ་ཡིན་ཏེ་དཔེར། །ཤོད་ཅིག་སོད་ཅིག་རྒྱོབ་ཅིག་ཅེས། །གྱིས་ཤིག་ཅེས་ནི་ཁ་ཅིག་སྨྲ། །ང་འ་ན་མ་ར་ལ་དང་། །འདོགས་ཅན་རྣམས་ཀྱི་མཐར་ཞིག་དཔེར། །ཅུང་ཞིག་སྡོད་ལ་འགའ་ཞིག་ལ། །འཕྲིན་ཞིག་ནམ་ཞིག་བསྐུར་ཞིག་ཅེས། །ངལ་ཞིག་གསོས་ལ་མདོ་ཞིག་སྨྲོས། །ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མའི་ད་དྲག་བཞེད། །དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང་། །ཕྱི་མ་རྣམས་ཀྱིས་ད་དྲག་དོར། །འོན་ཀྱང་ན་ར་ལ་གསུམ་གྱི། །རྗེས་སུ་ཞིག་ཞེས་ཞིག་ཡིན་ནའང་། །ད་དྲག་ངེས་པར་ཐོབ་པ་དེར། །ད་དྲག་སྦྱོར་རམ་མི་སྦྱོར་ཡང་། །ཅིང་ཅེས་ཅིག་ཅེས་ཞེས་ཏེ་དཔེར། །མཁས་པར་མཁྱེན་ཅིང་ཡོན་ཏན་གྱིས། །བརྒྱན་ཅེས་ཐོབ་ཀྱི་སྟོན་ཅིག་ཅེས། །ཟེར་ཅིང་མཐོང་ནས་མཚར་ཅེས་ཏེ། །བདག་ཀྱང་འདི་འདྲར་གྱུར་ཅིག་ཅེས། །སྨོན་ལམ་བཙལ་ཞིང་སློབ་པར་ནི། །འཚལ་ཅེས་ཟེར་གྱིས་མྱུར་སྩོལ་ཅིག །ག་ད་བ་མཐར་ཅེ་ན་དང་། །ས་མཐར་ཤེ་ན་སྦྱར་ཏེ་དཔེར། །སུ་འདུག་ཅེ་ན་བླ་མ་བཞུགས། །ཅི་འཆད་ཅེ་ན་གདམས་པ་སྟེ། །གང་ཟབ་ཅེ་ན་སྤྲོས་བྲལ་ཆོས། །སུས་ཐོས་ཤེ་ན་བདག་གིས་ཐོས། །ང་འ་ན་མ་ར་ལ་དང་། །འདོགས་ཅན་རྐྱང་པ་ཞེ་ན་དཔེར། །གང་བྱུང་ཞེ་ན་ཧོར་འདྲ་སྟེ། །དུ་གདའ་ཞེ་ན་མང་པའོ། །སུ་ཡིན་ཞེ་ན་དབེན་པ་སྟེ། །ཁྲིམས་ཀྱིས་དབེན་ནམ་ཞེ་ན་དབེན། །ཅི་སྐོར་ཞེ་ན་རྒྱལ་ཁམས་ཏེ། །གང་བཙལ་ཞེ་ན་ནོམ་པའོ། །ཅི་སྐྱེས་ཞེ་ན་བུ་སྐྱེས་ཏེ། །སུ་ལ་ཞེ་ན་སྨད་ཚོང་ལའོ། །”[30]ཞེས་གསུངས་པ་འདི་ནི་མིག་སྔར་ལག་སོན་བྱུང་བའི་ཚིག་ཕྲད་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་དང་དཔེར་བཀོད་པའི་བསྟན་བཅོས་ཐོག་མ་ཡིན་ལ། རྩོམ་པ་པོའི་ལོ་ཚིགས་ལ་བལྟས་ནས་དཔྱད་ན་ཅིང་སོགས་ཀྱི་ཕྲད་སྦྱོར་གྱི་སྡོམ་དེ་དུས་རབས་བཅུ་བའི་ནང་བྱུང་བ་ཤེས་ཐུབ་བོ། །

ས་པཎ་ཀུན་དགའ་རྒྱལ་མཚན(1182—1251)གྱིས་མཛད་པའི«དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ»[31]ལས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གསུངས་པའི་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་དང་དཔེ་རང་སོར་བཀོད་པ་ལས་འགའ་ཞིག་བཅོས་གནང་མཛད་པ་ནི། སློབ་ཅིང་ནུས་པ་མཁས་ཤིང་ཕྱུག །ཅེས་པའི་དཔེ་འདི། ཟབ་ཅིང་གསལ་བ་མཁས་ཤིང་བཙུན། །ཞེས་བཅོས་པ་དང་། འདོགས་ཅན་རྐྱང་པ་ཞེས་ཏེ་དཔེར། །ཞེས་པའི་ཕྲད་སྦྱོར་གྱི་སྡོམ་འདི། རྐྱང་པ་འདོགས་ཅན་ཞེས་ཏེ་དཔེར། །ཞེས་ཚིག་སྦྱོར་བཅོས་པ་དང་། མི་མཁས་པ་ཞེས་སྨྲ་ཞེས་བཤད། །ཅེས་པའི་དཔེ་འདི། མཁས་པ་ཞེས་བྱས་སྨྲ་ཞེས་བཤད། །ཅེས་བཅོས་པ་དང་། མི་འཐད་པར་མཐོང་ཁོ་བོས་འདོར། །ཞེས་པའི་དཔེ་འདི། མི་འཐད་པར་མཐོང་ཁོ་བོས་དོར། །ཞེས་འདས་ཚིག་དོར་ཞེས་བཅོས་པ་དང་། རྐྱང་བའི་རྗེས་སུ་ཡིན་ཏེ་དཔེར། །ཞེས་པའི་དཔེ་འདི། རྐྱང་བའི་རྗེས་སུ་ཅིག་ཡིན་དཔེར། །ཞེས་ཅིག་ཡིན་པར་བཅོས་པ་དང་། ངལ་ཞིག་གསོས་ལ་མདོ་ཞིག་སྨྲོས། །ཞེས་པའི་དཔེ་འདི། ངལ་ཞིག་གསོ་ལ་རེ་ཞིག་སྨྲོས། །ཞེས་བཅོས་པ་དང་། ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མའི་ད་དྲག་བཞེད། །ཅེས་པ་འདི། ན་ར་ལ་གསུམ་རྗེས་སུ་ནི། །ཕྱིནད། གྱུརད། རོལད། སྒྲ་བསྒྱུར་སྔ་མ་སྐ་བ་དཔལ་བརྩེགས་ལ་སོགས་པ། ས་ད་དྲག་བཞེད། །ཅེས་ཡིག་ཆུང་གིས་གསལ་བཤད་གནང་བ་དང་། དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང་། །ཞེས་པའི་ཕྲད་སྦྱོར་གྱི་སྡོམ་འདི། དེ་ལ་ཅིང་ཅེས་ཅིག་འཐོབ་ཀྱང་། །ཞེས་དེ་ལ་ཞེས་བཅོས་པ་དང་། ཕྱི་མ་རྣམས་ཀྱིས་ད་དྲག་དོར། །ཞེས་པའི་ཕྲད་སྦྱོར་གྱི་སྡོམ་འདི། ཕྱི་མ་རྔོག་ལོ་དཔང་ལོ་ལ་སོགས་པ། རྣམས་ཀྱིས་ད་དྲག་དོར། །ཞེས་ཡིག་ཆུང་གིས་གསལ་བཤད་གནང་བ་དང་། འོན་ཀྱང་ན་ར་ལ་གསུམ་གྱི། །རྗེས་སུ་ཞིག་ཞེས་ཞིག་ཡིན་ནའང་། །ཞེས་པའི་ཕྲད་སྦྱོར་གྱི་སྡོམ་འདི། འོན་ཀྱང་དེ་དང་ཤན་འདྲ་བ། །འགའ་ཡོད་པ་ཡང་བཤད་ཀྱིས་ཉོན། །སྤྱིར་ནི་ན་དང་ར་དང་ལའི། །རྗེས་སུ་ཞིག་ཞེས་ཞིག་ཡིན་ནའང་། །ཞེས་འོན་ཀྱང་ཞེས་པའི་ཚིག་རྐང་འདིར་བཅོས་གནང་མཛད་པར་མ་ཟད། ཚིག་རྐང་གཉིས་གསར་དུ་བསྣན་ཡོད་པ་དང་། ད་དྲག་ངེས་པར་ཐོབ་པ་དེར། །ད་དྲག་སྦྱོར་རམ་མི་སྦྱོར་ཡང་། །ཅིང་ཅེས་ཅིག་ཅེས་ཞེས་ཏེ་དཔེར། །ཞེས་པའི་ཕྲད་སྦྱོར་གྱི་སྡོམ་འདི། ད་དྲག་སྦྱོར་ན་ཐོབ་པ་དེར། །ཅིང་ཅེས་ཅིག་ཅེས་ཐོབ་སྟེ་དཔེར། །ཞེས་ཚིག་སྔ་ཕྱི་གཉིས་བཅོས་ཏེ་བར་མ་དོར་བ་དང་། ཟེར་ཅིང་མཐོང་ནས་མཚར་ཅེས་ཏེ། །བདག་ཀྱང་འདི་འདྲར་གྱུར་ཅིག་ཅེས། །སྨོན་ལམ་བཙལ་ཞིང་སློབ་པར་ནི། །འཚལ་ཅེས་ཟེར་གྱིས་མྱུར་སྩོལ་ཅིག །ཅེས་པའི་དཔེ་འདི་རྣམས། ཟེར་ཅིང་མཐོང་ནས་མཚརད་ཅེས་ཏེ། །བདག་ཀྱང་འདི་འདྲར་གྱུརད་ཅིག་ཅེས། །སྨོན་ལམ་བསྩལད་ཅིང་སློབ་པར་ནི། །འཚལད་ཅེས་ཟེརད་ཅེས་མྱུར་སྩོལད་ཅིག །ཅེས་བྱ་ཚིག་གི་རྗེས་འཇུག་ར་ལ་མཐར་ཡང་འཇུག་ད་དྲག་ཐོབ་པར་བཅོས་པ་དང་། ཅི་འཆད་ཅེ་ན་གདམས་པ་སྟེ། །ཞེས་པའི་དཔེ་འདི། ཅི་མཛད་ཅེ་ན་དབང་བསྐུར་ཏེ། །ཞེས་བཅོས་པ་དང་། སུས་ཐོས་ཤེ་ན་བདག་གིས་ཐོས། །ཞེས་པའི་དཔེ་འདི། སུས་ཐོབ་ཅེ་ན་ཕྱུག་པོ་ཚོས། །ཞེས་བཅོས་པ་དང་། གང་བྱུང་ཞེ་ན་ཧོར་འདྲ་སྟེ། །ཞེས་པའི་དཔེ་འདི། སུ་བྱུང་ཞེ་ན་ཧོར་འདྲ་སྟེ། །ཞེས་སུ་ཡིག་ཏུ་བཅོས་པ་དང་། སུ་ཡིན་ཞེ་ན་དབེན་པ་སྟེ། །ཞེས་པའི་དཔེ་འདི། སུ་ཡིན་ཞེ་ན་རྒྱལ་པོའི་སྟེ། །ཞེས་བཅོས་པ་དང་། གང་བཙལ་ཞེ་ན་ནོམ་པའོ། །ཅི་སྐྱེས་ཞེ་ན་བུ་སྐྱེས་ཏེ། །ཞེས་པའི་དཔེ་འདི་གཉིས། གང་འཚལ་ཞེ་ན་ནོམ་པའོ། །ཅི་བགྱི་ཞེ་ན་སྐྱེལ་བ་སྟེ། །ཞེས་དཔེ་སྔ་མའི་བཙལ་ཡིག་འཚལ་ཏུ་བཅོས་པ་དང་། དཔེ་ཕྱི་མའི་བརྗོད་དོན་ཡོངས་སུ་བཅོས་པ་དང་། སུ་ལ་ཞེ་ན་སྨད་ཚོང་ལའོ། །ཞེས་པའི་དཔེ་འདི། སུ་ལ་ཞེ་ན་སྨད་འཚོང་ལའོ། །ཞེས་མིང་མཐའ་ཕྱི་མའི་ཚོང་དེ་འཚོང་ཞེས་ད་ལྟ་བར་བཅོས་གནང་མཛད་ཡོད་དོ། །

ཡང་ས་པཎ་ཁོང་གིས་མཛད་པའི«སྡེབ་སྦྱོར་གྱི་བསྟན་བཅོས་བསྟོད་དབྱངས་ཀྱི་ཕྲེང་བ»ལས། “ག་ད་བ་ཅིང་ས་མཐར་ཤིང་། །ང་ན་མ་འ་ར་ལ་དང་། །རྐྱང་པ་འདོགས་ཅན་རྣམས་ལ་ཞིང་། །སྦྱོར་བར་བསྟན་ལ་ཕྱག་འཚལ་ལོ། །ག་ད་བ་ཅེས་ང་དང་ན། །མ་འ་ར་ལ་ས་རྣམས་དང་། །རྐྱང་པ་འདོགས་ཅན་མཐར་ཞེས་ནི། །འཐད་པར་གསུང་ལ་ཕྱག་འཚལ་ལོ། །ག་ད་བ་དང་རྐྱང་བ་ཅིག །ང་ན་མ་འ་ར་ལ་དང་། །འདོགས་ཅན་ཞིག་སྟེ་ས་མཐར་ཤིག །ཐུགས་རྗེས་བྱུང་ལ་ཕྱག་འཚལ་ལོ། །ན་ར་ལ་རྗེས་ཞིང་ཡིན་ཡང་། །གང་དུ་ད་དྲག་སྦྱར་བའི་སར། །ཅིང་ཞེས་གཅིག་ཏུ་འཐོབ་པར་གསུངས། །སྨྲ་མཁས་ཁྱོད་ལ་ཕྱག་འཚལ་ལོ། །ག་ད་བ་མཐར་ཅེ་ན་དང་། །ས་མཐར་ཤེ་ན་ང་མ་ན། །འ་ར་ལ་དང་རྐྱང་འདོགས་ཅན། །ཞེ་ན་གསུངས་ལ་ཕྱག་འཚལ་ལོ། །”[32]ཞེས་ཤོ་ལོ་ཀ་ལྔ་གསུངས་ཡོད་ལ། ཤོ་ལོ་ཀ་རེའི་མཇུག་ཏུ་སྦྱོར་བར་བསྟན་ལ། འཐད་པར་གསུང་ལ། ཐུགས་རྗེས་བྱུང་ལ། སྨྲ་མཁས་ཁྱོད་ལ། ཞེ་ན་གསུངས་ལ། སོགས་ཀྱི་ཚིག་སྦྱོར་དུ་ལ་སྒྲ་ལྔ་ཞུགས་པ་དང་། ལ་སྒྲ་དེ་རྣམས་ཀྱིས་བསྟན་བྱ་དངོས་ནི། ཅིང་སོགས་ཀྱི་ཕྲད་སྦྱོར་ཐོག་མར་སྡོམ་དུ་མཛད་མཁས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སྟེ། རྔོག་ལོ་ཆེན་པོའི་བཀའ་དྲིན་དྲན་ནས། སྨྲ་མཁས་ཁྱོད་ལ་ཕྱག་འཚལ་ལོ་ཞེས་ས་པཎ་ཁོང་གིས་གུས་ཕྱག་ཡང་ཡང་ཕུལ་བ་མཚོན་ཡོད་དོ། །

ཞ་ལུ་ལོ་བ་ཆོས་སྐྱོང་བཟང་པོ(1441—1527)ཡིས་མཛད་པའི«དག་ཡིག་ཟ་མ་ཏོག»[33]ལས་ཀྱང་། ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་དང་དཔེ་སོགས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པ་ཇི་བཞིན་བཀོད་པ་ལས་ཡིག་འབྲུ་རེ་གཉིས་བཅོས་གནང་མཛད་པ་ནི། ཁ་ཅིག་ས་མཐར་ཤེས་ཞེས་ཟེར། །མི་འཐད་པར་མཐོང་ཁོ་བོས་དོར། །ཞེས་པའི་ཕྲད་སྦྱོར་གྱི་སྡོམ་འདི། ཁ་ཅིག(སྔོན་གྱི་མཁས་པ)ས་མཐར་ཤེས་ཞེས་ཟེར། །མི་འཐད་པར་མཐོང(ལོ་ཆེན་བློ་ལྡན་ཤེས་རབ་དང་དཔང་ལོས་ཀྱང་བཀག་པས)ཁོ་བོས་དོར། །ཞེས་གུག་རྟགས་ནང་དུ་སྔོན་གྱི་མཁས་པའི་མཚན་བཀོད་ནས་རང་ལུགས་ལའང་དེ་ལུགས་སུ་དོར་བར་བཞེད་པ་དང་། ངལ་ཞིག་གསོས་ལ་མདོ་ཞིག་སྨྲོས། །ཞེས་པའི་དཔེ་འདི། ངལ་ཞིག་གསོས་ལ་མདོ་ཞིག་སྒྲོགས། །ཞེས་སྒྲོགས་སུ་བཅོས་པ་དང་། འོན་ཀྱང་ན་ར་ལ་གསུམ་གྱི། །ཞེས་པའི་ཕྲད་སྦྱོར་གྱི་སྡོམ་འདི། དེ་ན་ན་ར་ལ་གསུམ་གྱི། །ཞེས་དེ་ན་རུ་བཅོས་པ་དང་། སུ་ལ་ཞེ་ན་སྨད་ཚོང་ལའོ། །ཞེས་པའི་དཔེ་འདི། སུ་ལ་ཞེ་ན་མ་ལ་ལའོ། །ཞེས་མ་ལ་ཡིན་པར་བཅོས་པ་རྣམས་སོ། །

དཔལ་ཁང་ལོ་ཙཱ་བས་མཛད་པའི«དག་ཡིག་ངག་སྒྲོན»(1538ལོར་བརྩམས་ཞེས་ཐོན་མིའི་ཞལ་ལུང་དུ་གསལ།)ལས། “ཚིག་ཕྲད་ག་ད་བའི་རྗེས་སུ། །ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་ན་མ་འ་ར་ལ་དང་། མཐའ་རྟེན་མེད་པའི་རྗེས་དག་ཏུ། །ཞིང་ཞེས་ཞེའོ་ཞེ་ན་ཞིག །ས་མཐར་ཤིང་ཤེའོ་ཤེ་ན་ཤིག །ན་ར་ལ་གསུམ་རྗེས་སུ་ནི། །ད་དྲག་ཐོབ་ཕྱིར་དེ་གསུམ་གྱི། །རྗེས་སུ་ཞིང་སོགས་ལྔ་ཐོབ་ཀྱང་། །ད་དྲག་ངེས་པར་ཐོབ་པ་དེར། །ཅིང་སོགས་ལྔ་པོ་ལེགས་ཏེ་དཔེར། །”[34]ཞེས་གོ་བདེ་བའི་ཕྲད་སྦྱོར་གྱི་སྡོམ་འདི། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་སྡོམ་དང་མི་འདྲ་བའི་ཁྱད་པར་ནི། ཅེའོ་ཞེའོ་ཤེའོ་གསུམ་གསར་ཏུ་བསྣན་ནས་ཅིང་ཞིང་ཤིང་གསུམ་གྱི་ཕྲད་སྦྱོར་དུ་བཅུག་པ་དང་། ཕྲད་སྦྱོར་གྱི་སྡོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚིག་སྡེབ་ལེགས་པར་མཛད་པས་ཅིང་སོགས་ཀྱི་ཕྲད་སྦྱོར་དེ་ངོས་འཛིན་སླ་ལ་གོ་བདེ་བ་ཞིག་ཏུ་གྱུར་རོ། །

གོང་དུ་དྲངས་པའི་རྡོ་རིང་གསུམ་དང་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་གཅིག་བཀོད་པ་བཅས་ཀྱི་ཕྲད་སྦྱོར་དང་བསྡུར་ན། རྩ་བའི་ཆ་ནས་གཅིག་མཚུངས་སུ་ཡོད་མོད། འོན་ཀྱང་མི་འདྲ་བའི་ཆ་ཙམ་སྣང་བ་ནི། «ཞྭ་ལྷ་ཁང་གི་རྡོ་རིང་དང་པོ»ལས། བྐ་གྲོས་གསོལ་ཅིང་། དགེ་སློང་གི་ཚུལ་འཛྀན་ཅིང་། ཞེས་པ་དང་། ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ«གསེར་འོད་དམ་པ་མདོ་སྡེ་དབང་པོ་འི་རྒྱལ་པོ»ལས། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅྀང་གཟིགས་པ་ནྀ་བརྗོད་ཅྀང་། ཞེས་རྗེས་འཇུག་ན་ལ་གཉིས་ཀྱི་མཐར་ཅིང་ཐོབ་པར་སྣང་མོད། གསོལ། འཛྀན། མཁྱེན། གསུམ་ནི་བྱ་ཚིག་ཡིན་ལ་ཀློག་ཚེ་སྒྲ་ཤུགས་དྲག་པོ་འབྱུང་ཕྱིར། ན་ལ་གཉིས་ཀྱི་མཐར་ཡང་འཇུག་ད་དྲག་དོན་གྱིས་ཐོབ་པས། «དག་ཡིག་ཉེར་མཁོ་བསྡུས་པ»ལས། ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མའི་ད་དྲག་བཞེད། །དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང་། །ཞེས་པ་དང་། «དག་ཡིག་ངག་སྒྲོན»ལས། ད་དྲག་ངེས་པར་ཐོབ་པ་དེར། །ཅིང་སོགས་ལྔ་པོ་ལེགས་ཏེ་དཔེར། །ཞེས་གསུངས་ཡོད་པ་ལྟར་དང་།  ད་དུང་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་དེ་ན། ལན་ཅྀག་དང་ལྷན་ཅིག་ཅེས་བྱུང་པའི་ཅྀག་དང་ཅིག་ནི་མིང་གི་ཆ་ཤས་སུ་གྱུར་པ་ཡིན་ལ། ན་མཐར་ཅྀག་དང་ཅིག་སྦྱར་བ་ནི་ཡང་འཇུག་ད་དྲག་ཐོབ་པའི་དབང་དུ་བྱས་པ་དང་། «དག་ཡིག་ཉེར་མཁོ་བསྡུས་པ»ལས་ཅིང་ཞིང་སོགས་ཀྱི་ཚིག་ཕྲད་བཅུ་གཅིག་བསྟན་པའི་སྟེང་དུ། «དག་ཡིག་ངག་སྒྲོན»ལས་ཅེའོ་ཞེའོ་ཤེའོ་གསུམ་བསྣན་པས་ཅིང་སོགས་ཚིག་ཕྲད་བཅུ་བཞི་རུ་འཕེལ་བ་ཡིན་ནོ། །

གཞན་ཡང་སྨྲ་སྒོ་མཚོན་ཆའི་རྩ་འགྲེལ་དུ་ཅིང་ཞིང་ཤིང་གསུམ་གྱི་འཇུག་དོན་གསུངས་པ་ལྟར། དཔལ་ཁང་ལོ་ཙཱ་བའི་རང་འགྲེལ«ངག་གི་སྒྲོན་མའི་འགྲེལ་བ་བདུད་རྩིའི་དགའ་སྟོན»[35]ལས། ཅིང་ཞིང་ཤིང་གསུམ་ནི“ལྷག་བཅས་ཀྱི་སྒྲ”ཞེས་པ་དང་། ཅེས་ཞེས་གཉིས་ནི“ཚིག་སྔ་མ་ངེས་བཟུང་གི་སྒྲ”ཞེས་པ་དང་། ཞེ་ན་ནི“ཕྱི་མ་ངེས་འཛིན་གྱི་སྒྲ”ཞེས་པ་དང་། ཅིག་ཞིག་ཤིག་གསུམ་ནི“སྐུལ་སྨོན་ངེས་བཟུང་གི་སྒྲ”ཞེས་ཚིག་ཕྲད་དགུ་ཡི་འཇུག་དོན་དྲུག་གསུངས་པས་ན། བརྡ་དག་རྣམས་སུ་ཚིག་ཕྲད་ཅིང་སོགས་ཀྱི་ཕྲད་སྦྱོར་དང་འཇུག་དོན་གཉིས་གསུངས་ཡོད་པ་རྟོགས་པར་བྱའོ། །

བཞི་བ། བརྡ་སྤྲོད་གཞུང་འགྲེལ་དུ་མ་བྱུང་བའི་བསྟན་བཅོས་གྲགས་ཆེ་བ་ཁག་ཅིག

དབུས་པ་བློ་གསལ་གྱིས་མཛད་པའི«སུམ་ཅུ་པའི་འགྲེལ་པ»དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི«སུམ་ཅུ་པའི་རྣམ་འགྲེལ»དང་། ལོ་ཆེན་ནམ་མཁའ་བཟང་པོས་མཛད་པའི«བྱཱ་ཀ་ར་ཎའི་རྩ་བ་སུམ་ཅུ་པའི་འགྲེལ་པ»དང་། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི«སུམ་རྟགས་ཀྱི་སྦྱར་བཤད་ཡང་དག་མཁས་པའི་དགའ་སྟོན»དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི«སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན»དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི«སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ»དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི«མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས»དང་། དགའ་བཞི་བ་བསྟན་འཛིན་དཔལ་འབྱོར་གྱིས་མཛད་པའི«བོད་ཀྱི་བརྡ་སྤྲོད་སྒྲ་རིག་གི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་རྩ་འགྲེལ»དང་། གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེས་མཛད་པའི«སུམ་ཅུ་པའི་གཞུང་གི་རྣམ་བཤད་ཉིན་མོའི་སྣང་བ»དང་། ཆོས་རྗེ་དཔའ་བོས་མཛད་པའི«སུམ་ཅུ་པ་དང་རྟགས་འཇུག་གི་འགྲེལ་བ»དང་། རྔ་རྒོད་ནམ་མཁའ་སེངྒེས་མཛད་པའི«སུམ་རྟགས་ཀྱི་འགྲེལ་བ་ཉུང་གསལ་བློ་ལྡན་དགའ་བསྐྱེད»དང་། རྗེ་དྲུང་སྤྲུལ་སྐུ་ཕྲིན་ལས་བྱམས་པ་འབྱུང་གནས་ཀྱིས་མཛད་པའི«ཀུན་ཕན་ཉི་བྱེད་གཞོན་ནུ»དང་། དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི«སི་ཏུའི་ཞལ་ལུང»དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི«སུམ་ཅུ་པ་དང་རྟགས་འཇུག་གི་གོ་དོན་ཉུང་བར་བཤད་པ་བློ་ལྡན་དགའ་བསྐྱེད»སོགས་སུམ་འགྲེལ་གྱི་གཞུང་གྲགས་ཆེན་རྣམས་སུ་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་གསུངས་མེད་པ་ཡིན་ནོ། །

ལྔ་བ། སུམ་འགྲེལ་གཞུང་དུ་བྱུང་བའི་ཅིང་ཞིང་སོགས་ཀྱི་ཕྲད་སྦྱོར་དང་འཇུག་དོན།

ཅིང་སོགས་ཀྱི་ཕྲད་སྦྱོར་ལས། ས་མཐར་ཤེས་སྦྱོར་བ་སྔོན་གྱི་མཁས་པས་ཕྱག་ལེན་དུ་བཞེད་ཀྱང་རྔོག་བློ་ལྡན་ཤེས་རབ་དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ས་པཎ་ཀུན་དགའ་རྒྱལ་མཚན། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་ཀྱིས་བཀག་སྟེ་མི་འདོད་པར་བཞེད་པ་དང་། རྗེས་འབྲངས་ཀྱི་མཁས་པ་རྣམས་ཀྱིས་དེ་ལུགས་སུ་མཛད་པ་ལྟར། དབྱངས་ཅན་གྲུབ་པའི་རྡོ་རྗེ(1809—༡1887)ཡིས་མཛད་པའི«ལེགས་བཤད་ལྗོན་དབང»ལས། “ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །”[36]ཅེས་ས་མཐར་ཞེས་སྦྱོར་བ་དམིགས་བསལ་དུ་བཞེད་པ་དང་། རང་འགྲེལ་ན“ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཞེས་པ་ས་མཐར་ཚིག་ཕྲད་དམིགས་བསལ་ཤེས་མི་སྦྱོར་བར་ཞེས་སྦྱོར་དགོས་པའི་དཔེ་ནི། ཆོས་ཞེས་ཟེར་རོ་ལྟ་བུ”[37]ཞེས་དཔེའི་སྒོ་ནས་གསལ་བཤད་གནང་བའི་མཐར། “འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་གཅེས། །ཞེས་པ་འོན་ཀྱང་ཁ་ཅིག་དང་། ལྷན་ཅིག་དང་། ཐབས་ཅིག་དང་། སྟབས་ཅིག་དང་། སྐབས་ཅིག་སོགས་མིང་གི་ཆ་ཤས་ཡིན་ཅིང་ཚིག་ཕྲད་མིན་པས་དེ་འདྲ་དང་མ་ནོར་བར་བྱེད་པ་ཤིན་ཏུ་གཅེས་སོ། །”[38]ཞེས་མིང་གི་ཆ་ཤས་དང་ཚིག་ཕྲད་ཀྱི་ཁྱད་པར་མི་འདྲ་བའི་གནད་ཀྱང་གལ་ཆེན་དུ་གདམས་ཡོད།

དམིགས་བསལ་གྱི་སྦྱོར་ཚུལ་དེ་དུས་ནམ་ཞིག་ལ་བྱུང་ཞེ་ན། མཁན་ཆེན་ཉི་མ་བསྟན་འཛིན(1813—1870)གྱིས་མཛད་པའི«འབེལ་གཏམ་ཉི་མ་གཞོན་ནུའི་རྩ་བ»ལས། “ས་མཐར་ཤིང་ཤེས་ཤེ་ན་ཤིག །ཐོབ་པ་དོན་ལ་གནས་མོད་ཀྱང་། །འཁྲུལ་གཞི་འགྱུར་དོགས་ས་མཐར་ཞེས། །སྦྱོར་བ་ཕྱིས་འབྱུང་གསར་བཅད་ལུགས། །”[39]ཞེས་དམིགས་བསལ་དེ་ནི་སྐད་གསར་བཅད་ཕྱི་མའི་ལུགས་སུ་བྱུང་བར་བཞེད་ལ། འཁྲུལ་གཞི་དེ་ཡང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ(1267—1342)ཡིས་མཛད་པའི«ཚོགས་གསུམ་གསལ་བ»ལས། “སའི་མཇུག་ཏུ་ཤེས་ཞེས་པར་བྱས་པ་ནི། སྐབས་འགར། ཤེས་པར་འཁྲུལ་བ་བདག་གིས་གྲུབ་པས་ན། སའི་མཇུག་ཏུ་ཞེས་ཞེས་པར་བྱའོ། །”[40]ཞེས་གསུངས་པ་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ(1845—1915)ཡིས་མཛད་པའི«གསེར་ཏོག་སུམ་རྟགས»ལས། “ཤེས་བྲིས་ན་བློ་དང་ཤེས་པ་གཉིས་སུ་ཕྱེ་བའི་ཤེས་པ་ལ་འཁྲུལ་གཞི་བསྐྱེད་སྲིད་པས་ན། ས་མཐར་མིང་ཚིག་གསལ་བྱེད་ཀྱི་ཚིག་སྦྱོར་ཚེ་ཞེས་བྲིས་པ་དམིགས་བསལ་ཡིན་ནོ། །”[41]ཞེས་པ་དང་། དེ་ཉིད་ལས“སྙིང་ནས་གཅེས་ཞེས་བསྟོད། ཅེས་པ་ལྟ་བུ་མིང་དང་ཚིག་དོན་གསལ་བྱེད་ལ་འཇུག་གོ །”[42]ཞེས་གསུངས་པ་དང་། རྗེ་ཚེ་ཏན་ཞབས་དྲུང(1910—1985)གིས་མཛད་པའི«གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལས་ཡི་གེའི་ཐོབ་ཐང་བཤད་པ»ལས། “བརྟགས་ཤིང་དཔྱད་ནས་བོད་ལ་གངས་ལྗོངས་ཞེས་ཟེར་བའི་དོན་གང་ཞེ་ན། བརྗིད་ཅིང་མཐོ་བའི་གངས་རི་མང་བོས་བསྐོར་བའི་ཡུལ་ལྗོངས་ཤིག་ཏུ་གྲུབ་པ་ལ་གངས་ལྗོངས་ཤེའོ། །ས་མཐར་ཤེས་འབྲི་ན་སེམས་ཀྱི་ཤེས་པ་ལ་ནོར་བ་འབྱུང་བས་ཕྱིས་ཀྱི་མཁས་པ་རྣམས་ནས་དམིགས་བསལ་དུ་ཞེས་འབྲི་བར་མཛད་པ་ཤིན་ཏུ་ལེགས་སོ། །”[43]ཞེས་ས་མཐར་དམིགས་བསལ་ཞེས་སྦྱོར་བའི་དགོས་པ་དང་རྒྱུ་མཚན་བཅས་གསལ་བར་གསུངས་གནང་མཛད་པ་ལྟར་རོ། །

དོན་གྱིས་འཇུག་ཚུལ་ནི། ཨ་ལག་ཤ་ངག་དབང་བསྟན་དར(1759—1831)གྱིས་མཛད་པའི«སུམ་ཅུ་བ་དང་རྟགས་འཇུག་གི་གོ་སླ་བར་བསྡུས་པའི་བཤད་པ»ལས། ཅིང་ཞིང་ཤིང་གསུམ་ནི“སྡུད་པ་དང་མཚམས་སྦྱར་ལ་འཇུག་པ་གཉིས་ཡོད”[44]ཅེས་ཚིག་ཕྲད་གསུམ་གྱི་འཇུག་དོན་མི་འདྲ་བ་གཉིས་གསུངས་པ་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི«ལེགས་བཤད་ལྗོན་དབང»ལས། ཅིང་ཞིང་ཤིང་གསུམ་ནི“ཚིག་དོན་སྔ་ཕྱི་ཕྲད་བྱེད”[45]ཅེས་པ་དང་། ཅེའོ་ཞེའོ་ཤེའོ་གསུམ་ནི“ཟེར་རོ་ཞེས་པའི་དོན”[46]ཞེས་པ་དང་། ཅེ་ན་ཞེ་ན་ཤེ་ན་གསུམ་ནི“ཟེར་ན་ཞེས་པའི་དོན་ཡིན”[47]ཞེས་ཚིག་ཕྲད་དགུ་ཡི་འཇུག་དོན་མི་འདྲ་བ་གསུམ་གསུངས་པ་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི«གསེར་ཏོག་སུམ་རྟགས»ལས། ཅིང་ཞིང་ཤིང་གསུམ་ནི“ཕྱོགས་གཅིག་ཏུ་སྡུད་པ་དང་། མཚམས་སྦྱོར་གྱི་དོན་ལ་འཇུག”[48]ཅེས་པ་དང་། ཅེས་ཞེས་གཉིས་ནི“མིང་དང་ཚིག་དོན་གསལ་བྱེད་ལ་འཇུག”[49]ཅེས་པ་དང་། ཕྲད་གཉིས་འདུས་ཀྱི་ཅེའོ་ཞེའོ་ཤེའོ་གསུམ་ནི“འཇུག་སྡུད་ཀྱི་དོན་ལ་འཇུག”[50]ཅེས་པ་དང་། ཅེ་ན་ཞེ་ན་ཤེ་ན་གསུམ་ནི“འདྲི་བའི་གཞི་སྟོན་པ་ལ་འཇུག”[51]ཅེས་པ་དང་། ཅིག་ཞིག་ཤིག་གསུམ་ནི“བསྐུལ་བའི་དོན་དང་། སྨོན་པའི་དོན་དང་། བསླབ་བྱ་གདམས་པའི་དོན་ལ་འཇུག”[52]ཅེས་ཚིག་ཕྲད་བཅུ་གཅིག་གི་འཇུག་དོན་མི་འདྲ་བ་བརྒྱད་གསུངས་པ་དང་། དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱིས་མཛད་པའི«བརྡ་སྤྲོད་གསལ་བྱེད་ངག་སྒྲོན»ལས། ཅིང་ཞིང་ཤིང་གསུམ་ནི“མཉམ་སྦྱོར”[53]ཞེས་པ་དང་། དེ་ལ་ཁྱད་ཆོས་གཉིས་མཉམ་པར་སྦྱོར་བ་དང་། བྱ་བ་གཉིས་དུས་མཉམ་པར་སྦྱོར་བའི་དབྱེ་བ་ཆེན་པོ་གཉིས་དང་། བྱ་བའི་མཉམ་སྦྱོར་དེ་ལ་བྱེད་པ་པོ་གཅིག་ཡིན་པར་མཚོན་པ་དང་། སོ་སོའི་འབྱུང་གཞི་གཅིག་ཡིན་པར་མཚོན་པ། སྔ་རྐྱེན་ཕྱིས་འབྱུང་མཚོན་པ། དོན་ནམ་གནས་ཚུལ་ཞིག་གསལ་བར་མཚོན་པ། བྱེད་ཡུན་རིང་ཙམ་མཚོན་པ་བཅས་དབྱེ་བ་ལྔ་ཡི་བགར་བ་དང་། ཅེས་ཞེས་གཉིས་ནི“འདྲེན་སྒྲ”[54]ཞེས་པ་དང་། དེ་ལ་ལུང་འདྲེན་པ་དང་། དོན་གཞན་འདྲེན་པ། བརྗོད་བྱ་གསལ་བྱེད་བཅས་དབྱེ་བ་གསུམ་དུ་བགར་བ་དང་། ཅེའོ་ཞེའོ་ཤེའོ་གསུམ་ནི“འདྲེན་སྡུད”[55]ཅེས་པ་དང་། གསེར་ཏོག་སུམ་རྟགས་ལས་ཕྲད་འདི་གསུམ་ལ་ཕྲད་གཉིས་འདུས་ཞེས་བཞེད་པ་དེ་ཡང་། འདིར་ཅེས་ཞེས་ཤེས་གསུམ་རྫོགས་ཚིག་དང་འབྲེལ་བའི་ཕྲད་གཉིས་ཏེ། ཅེས་བྱའོ། ཞེས་བགྱིའོ། ཞེས་བྱ་བའོ། ལྟ་བུ་རྣམས་ཀྱི་ཚེག་བར་བསྡུས་ནས་གྲུབ་པ་ཡིན་པར་གསལ་བརྗོད་གནང་བར་མ་ཟད། འཇུག་དོན་ཡང་ཅེས་དག་གི་འཇུག་པ་དང་རྫོགས་ཚིག་གི་འཇུག་པ་གཉིས་ཀའི་ཆ་དང་ལྡན་པར་འགྲེལ་མཛད་གནང་ཡོད་པ་དང་། ཅེ་ན་ཞེ་ན་ཤེ་ན་གསུམ་ནི“དོགས་སློང”[56]ཞེས་པ་དང་། དེ་ནི་འདྲི་བའི་ཚུལ་གྱིས་ཉན་མཁན་ལ་རྣམ་ཤེས་གཏོད་པར་བཅུག་ཐོག བརྗོད་པར་བྱ་བའི་གཞི་གང་སྟོན་པར་བྱེད་པ་ཞིག་ཏུ་བཞེད་པ་དང་། ཅིག་ཞིག་ཤིག་གསུམ་ནི“སྐུལ་སྨོན”[57]ཞེས་པ་དང་། དེ་ལ་ལས་སུ་ཉེ་བར་སྐུལ་བ་དང་། འདོད་དོན་འགྲུབ་པར་སྨོན་པ། གྲངས་ཚོད་སྟོན་པ་བཅས་དབྱེ་བ་གསུམ་དུ་བགར་ཡོད་དོ། །

སུམ་འགྲེལ་གྱི་གཞུང་འདི་རྣམས་སུ་ཅིང་སོགས་ཀྱི་ཕྲད་སྦྱོར་དེ་ལེགས་བཤད་ལྗོན་དབང་གི་སྡོམ་གྱི་རྩ་དོན་ལྟར་ས་མཐར་ལ་དམིགས་བསལ་ཞེས་སྦྱོར་བ་གསལ་ཁ་གནང་ཡོད་པ་ལས་གཞན། པཎྜི་ཏ་སྨྲྀ་ཏི་དང་དཔལ་ཁང་ལོ་ཙཱ་བས་བཞེད་པའི་འཇུག་དོན་དེའང་། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པས་འགྲེལ་མཛད་གནང་བ་ནས་རིམ་གྱིས་སུམ་ཅུ་པའི་གཞུང་འགྲེལ་ཁག་ཅིག་ཏུ་གསུངས་གནང་མཛད་པ་དང་། དེ་དག་གི་རྨང་གཞི་ལ་བརྟེན་ནས་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ཀྱིས་ཅིང་སོགས་ཀྱི་ཚིག་ཕྲད་བཅུ་བཞི་དེ་འཇུག་དོན་མི་འདྲ་བའི་ཁག་ཆེན་པོ་ལྔ་དང་། བྱེ་བྲག་གི་དབྱེ་བ་བཅུ་བཞིར་བགར་ཏེ་སྔ་འགྲེལ་རྣམས་ལས་ཅུང་ཞིབ་ཆ་ལྡན་པ་ཞིག་ཏུ་འགྲེལ་མཛད་གནང་ཡོད་དོ། །

གོང་དུ་དྲངས་པ་རྣམས་ལས་འཇུག་དོན་ཆེས་མང་པོར་དབྱེ་བའི་བཞེད་ལུགས་གཉིས་བསྡུར་ན། གསེར་ཏོག་ཚང་གིས། ཅིང་ཞིང་ཤིང་གསུམ་ཕྱོགས་གཅིག་ཏུ་སྡུད་པར་འཇུག་པའི་དཔེ་ལ། བསྒྱུརད་ཅིང་བསྐུལ། བདེ་ཞིང་སྐྱིད། ཤེས་ཤིང་བསམ། ལྟ་བུ་དང་། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས། ཅིང་ཞིང་ཤིང་གསུམ་ཁྱད་ཆོས་མཉམ་པར་སྦྱོར་བའི་དཔེ་ལ། ང་ཚོའི་འཚོ་བ་བདེ་ཞིང་སྐྱིད། ལྟ་བུ་སོགས་དཔེ་བཞི་བཀོད་ཡོད། དེས་ན་བདེ་ཞིང་སྐྱིད། ང་ཚོའི་འཚོ་བ་བདེ་ཞིང་སྐྱིད། ལྟ་བུའི་དཔེ་གཉིས་ཀྱི་ཕྲད་སྦྱོར་ཚུལ་དང་། ཕྲད་ཀྱི་སྔ་ཕྱིའི་ཐ་སྙད་དང་བསྟན་བྱ་གང་ཅིའི་ཐད་ནས་གཅིག་མཚུངས་ཡིན་ཡང་། གསེར་ཏོག་ཚང་གིས་སྡུད་པར་བཞེད་པ་དང་། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་ཁྱད་ཆོས་མཉམ་པར་སྦྱོར་བ་ཞེས་ཟེར།

དེ་ལྟར་ན་དཔེ་དོན་གཅིག་ལ་ངོས་འཛིན་ཚུལ་མི་འདྲ་བའི་བཞེད་ལུགས་གཉིས་བྱུང་ཡོད་པས། རང་ལུགས་ལ་རྒན་དཔའ་རིས་སངས་རྒྱས་ལགས་ཀྱི་བཞེད་ལུགས་ལྟར་འདོད་དེ། ཅིའི་ཕྱིར་ཞེ་ན། བདེ་ཞིང་སྐྱིད། ཅེས་པའི་ཕྲད་ཀྱི་སྔ་མའི་བདེ་དང་ཕྱི་མའི་སྐྱིད་གཉིས་མིང་གི་དབྱེ་བ་ལས་ཁྱད་ཆོས་བརྗོད་པའི་མིང་ཡིན་ལ། ཕྲད་ཞིང་གི་སྦྱོར་བ་ལས་འཚོ་བ་བདེ་ཞེས་སྔ་མའི་ཁྱད་ཆོས་ཀྱི་མིང་བདེ་དང་། ཕྱི་མའི་ཁྱད་ཆོས་ཀྱི་མིང་སྐྱིད་གཉིས་མཉམ་པར་འཚོ་བའི་གཞི་གཅིག་གི་རང་བཞིན་དུ་སྦྱར་བ་ཡིན་པས་སོ། །

ཡང་གསེར་ཏོག་ཚང་གིས། ཅིང་ཞིང་ཤིང་གསུམ་མཚམས་སྦྱོར་གྱི་དོན་ལ་འཇུག་པའི་དཔེ་ལ། མཆོད་ཅིང་གསོལ་བ་གདབ། གདོན་བཅོམ་ཞིང་བསྲུང་བ་བྱ། གཅེས་ཤིང་བསླབ་སྦྱང་གདམས། ལྟ་བུ་སོགས་བཀོད་པ་དང་། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས། ཅིང་ཞིང་ཤིང་གསུམ་བྱ་བ་དུས་མཉམ་པར་སྦྱོར་བ་འཇུག་ཚུལ་གསུངས་པ་ལས། བྱེ་བྲག་གི་དབྱེ་བ་ལྔ་བགར་བ་དང་། དེ་ལས་བྱ་བ་གཉིས་དུས་མཉམ་པར་སྦྱར་བའི་དཔེ་ལ། མདའ་འཕངས་ཤིང་ཕོག ལྟ་བུ་བཀོད་པ་ནི། གོང་གི་མཆོད་ཅིང་གསོལ་བ་གདབ། ལྟ་བུའི་དཔེ་གཉིས་བསྡུར་ན། ཕྲད་ཀྱི་སྔ་ཕྱི་གཉིས་བྱ་བའི་མིང་ཡིན་པ་འདྲ་ཡང་། སྔ་མའི་མཚམས་སྦྱོར་བའི་དོན་ལ་བཞེད་པ་དང་། ཕྱི་མའི་བྱ་བའི་དུས་མཉམ་པར་སྦྱར་བ་ལས་སྔ་རྐྱེན་ཕྱིས་འབྱུང་མཚོན་པར་བཞེད་པ་རེད། ཡིན་ཡང་ཁ་གསལ་མིན་དང་ཞིབ་ཆ་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་སྤྱི་ལྡོག་ནས་མཚམས་སྦྱོར་བའི་དོན་ལ་འཇུག་པ་ཡིན་པས་ལྟ་བའི་དགོངས་གཞི་གཅིག་ཏུ་གྱུར་ཡོད་དོ། །

ཡང་གསེར་ཏོག་ཚང་གིས། ལག་ཏུ་འབྱོར་ཅེས་བཤད། གྲུབ་མཐའ་ཞེས་པ་ནི། ལྟ་བུ་སོགས་ཀྱི་དཔེ་ལ་བརྟེན་ནས་ཅེས་ཞེས་གཉིས་ནི་མིང་དང་ཚིག་དོན་གསལ་བྱེད་ལ་འཇུག་པར་བཞེད་པ་དང་། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས། ཅེས་ཞེས་གཉིས་ཀྱི་འཇུག་ཚུལ་གསུམ་གསུངས་པ་ལས། འགྲོ་གྲོགས་གྲིབ་མ་ནག་རིལ་དང་། །འདུག་གྲོགས་སྤུས་མོ་སྐྱ་རིལ་རེད། །ཅེས་པ་མགོན་མེད་སྐྱབས་བྲལ་གྱི་དཔེ། ཞེས་དང་། རྫུན་གྱིས་ཕ་རོལ་བསླུས་སོ་ཞེས། །སྙམ་ན་རང་ཉིད་བསླུས་པ་ཡིན། །ལན་གཅིག་རྫུན་པར་སྨྲ་བ་དེ། །བདེན་པར་སྨྲས་ཀྱང་དོགས་པ་སྐྱེ། །(ས་སྐྱ་ལེགས་བཤད་ལས)ཞེས་པ་ལྟ་བུའི་ཅེས་ཞེས་གཉིས་ནི་བརྗོད་བྱ་གསལ་བཤད་དེ། སྒྲའམ། མིང་ངམ། ཚིག་གང་རུང་ཞིག་གསལ་བར་བྱེད་པ་ལ་འཇུག་པར་གསུངས་པས་ན། གསེར་ཏོག་ཚང་གི་བཞེད་ལུགས་དང་བསྡུར་ན་ཚིག་སྡེབ་ཀྱི་ཁྱད་པར་ཙམ་ལས་དོན་གྱི་འཇུག་ཚུལ་གཅིག་ཏུ་གྱུར་པ་དང་། ཅེས་ཞེས་གཉིས་ལ་འདྲེན་སྒྲ་ཞེས་ལུང་འདྲེན་པ་དང་དོན་གཞན་འདྲེན་པ་གཉིས་སུ་བཀོད་པ་ནི་གསེར་ཏོག་སུམ་རྟགས་ན་མེད་པའི་བཞེད་ལུགས་རྣལ་མ་ཞིག་ཏུ་འཁུམས་སོ། །

ཡང་གསེར་ཏོག་ཚང་གིས། ཅེའོ་ཞེའོ་ཤེའོ་གསུམ་མཇུག་སྡུད་ཀྱི་དོན་ལ་འཇུག་པར་བཞེད་ལ་དཔེ་ནི། ཆོས་བཤད་ཅེའོ། །ལུས་སེམས་རྩུབ་ཅེའོ། །ཡིད་ལ་ཟིན་ཅེའོ། །ལྟ་བུ་སོགས་དཔེ་བཅུ་བཞི་བཀོད་པ་དང་། དཔེ་དེ་རྣམས་ཀྱི་སྤྱི་ལྡོག་ནས་ཚིག་གི་མཇུག་སྡུད་པའམ་རྫོགས་པར་སྟོན་པའི་སྒྲ་ལ་ཅེའོ་ཞེའོ་ཤེའོ་གསུམ་སྦྱར་བ་ཡིན་ཡང་། མཇུག་སྡུད་ཚུལ་དེ་ལ་མི་འདྲ་བའི་ཁྱད་པར་ཅུང་ཡོད་པར་དགོངས་ནས། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་ཅེའོ་ཞེའོ་ཤེའོ་གསུམ་ལ་འདྲེན་སྡུད་ཟེར་བ་དང་། དེར་འཇུག་དོན་གཉིས་ལས་དང་པོའི་དཔེ་ལ། མི་ཤེས་ཤེས་ཁུལ་མ་བྱེད། བླུན་པོའི་སྨྲ་བ་ཉུང་ན་མཛེས་ཤེའོ། །ལྟ་བུ་སོགས་དཔེ་ལྔ་བཀོད་པའི་གོང་ན། མི་གཞན་པའི་སྐད་ཆ་དྲངས་ཐོག བརྗོད་དོན་དེ་རེ་ཞིག་སྡུད་པའམ་རྫོགས་པར་བྱེད་པ་ཡིན་པར་གསལ་བརྗོད་གནང་ལ། འདྲེན་སྡུད་ཅེས་བོད་ཀྱི་གཏམ་དཔེ་ཞིག་ལུང་དུ་དྲངས་ནས་དོན་དེ་རེ་ཞིག་མཇུག་སྡུད་པའམ་རྫོགས་པའི་དོན་དུ་གོ་བ་ཡིན།

གཉིས་པའི་དཔེ་ལ། གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་རྩོམ་མཁན་གྱི་མིང་ལ་དབང་འདུས་ཤེའོ། །ལྟ་བུ་སོགས་དཔེ་གསུམ་བཀོད་པའི་གོང་ན། མིང་དང་ཚིག་གསལ་བར་བྱེད་པ་ཙམ་རྫོགས་པར་སྟོན་ཞེས་རྗོགས་ཚིག་ཏེ་མིང་ཚིག་གསལ་བྱེད་ཙམ་ལ་དགོངས་པ་དང་། མཇུག་ན་ཨ་མདོའི་ཁ་སྐད་དུ་ཅེའོ་དག་གི་དོད་དུ་ཟེར་གི་ཞེས་འཇུག་པ་མང་། མི་དེ་ཁ་འཇམ་ཁོག་རྩུབ་ཅིག་རེད་ཅེའོ་ལ། མི་དེ་ཁ་འཇམ་ཁོག་རྩུབ་ཅིག་རེད་ཟེར་གི ལྟ་བུའོ། །ཞེས་ཅིག་གི་འཇུག་ཚབ་ལ་ཨ་མདོའི་ཁ་སྐད་དུ་ཟེར་གི་ཡིན་པ་དཔེ་ལ་བརྟེན་ནས་གསལ་བརྗོད་གནང་ཡོད།

དེས་ན་གསེར་ཏོག་ཚང་གིས་མཇུག་སྡུད་ཀྱི་དོན་ལ་བཞེད་པའི་དཔེ་མཐའ་དག་ཀྱང་འདྲེན་སྡུད་ཅེས་པ་དང་དོན་གཅིག་སྟེ། ལུས་སེམས་རྩུབ་ཅེའོ། །ཞེས་པའི་དཔེ་འདི་ཡང་། མཇུག་སྡུད་པའམ་རྫོགས་པའི་དོན་ཁོ་ན་ཙམ་ཞིག་མ་ཡིན་ཏེ། ཨ་མདོའི་ཁ་སྐད་ཀྱི་དབང་དུ་བཏང་ན་ལུས་སེམས་རྩུབ་ཟེར་གི་ཞེས་པ་དང་། ཅེའོ་ཞེས་པའི་ཕྲད་ཀྱིས་མི་གཞན་གྱིས་བརྗོད་ཟིན་པའི་སྐད་ཆ་ཞིག་དྲངས་ནས་བཤད་པའི་གོ་བ་སྟེར་པའི་ཕྱིར་ན། མཇུག་སྡུད་ལས་འདྲེན་སྡུད་ཅེས་པ་ནི་ཡང་དག་པའི་གོ་དོན་རྣལ་མར་འདོད་དོ། །

རྒན་དཔའ་རིས་སངས་རྒྱས་ལགས་ཀྱི་འཇུག་དོན་གཉིས་པ་མིང་དང་ཚིག་གསལ་བར་བྱེད་པ་ཙམ་རྫོགས་པར་སྟོན་ཞེས་པའི་དཔེ་རྣམས་གསེར་ཏོག་ཚང་གི་མཇུག་སྡུད་ཀྱི་དཔེ་དང་བསྡུར་ན་ཁྱད་པར་ཡོད་དེ། སྔ་མ་གསེར་ཏོག་ཚང་གི་དཔེ་རྣམས་ལས་ཅེའོ་ཞེའོ་ཤེའོ་གསུམ་གྱི་ཕྲད་ཀྱིས་མིང་ཚིག་གསལ་བར་བྱེད་པ་ཙམ་རྫོགས་པར་བྱེད་པའི་དོན་སྟོན་ཞིང་། ཕྱི་མ་རྒན་ཚང་གི་དཔེ་ལས་ཅེའོ་ཞེའོ་ཤེའོ་གསུམ་གྱི་མི་གཞན་གྱིས་བརྗོད་ཟིན་པའི་སྐད་ཆ་ཞིག་དྲངས་ནས་དེ་འཕྲལ་མཇུག་རྫོགས་པར་སྟོན་པའི་གོ་བ་སྟེར་པའི་ཕྱིར་ན། དཔེ་སྔ་ཕྱི་གཉིས་ལ་ཞིབ་ཆ་ཡོད་མེད་ཀྱི་ཁྱད་པར་ཅུང་ཡོད་པས། རྒན་དཔའ་རིས་སངས་རྒྱས་ལགས་ཀྱི་གོ་དོན་འཇོག་ཚུལ་ནི་ཅུང་ཞིབ་ཆ་ལྡན་པ་ཞིག་ཏུ་སྙམ་མོ། །

ཡང་གསེར་ཏོག་ཚང་གིས། ཅེ་ན་ཞེ་ན་ཤེ་ན་གསུམ་འདྲི་བའི་གཞི་སྟོན་པ་ལ་འཇུག་པར་བཞེད་ལ་དཔེ་ནི། གང་ལ་ཡོད་ཅེ་ན། དོན་གང་ཞེ་ན། ནམ་ཞིག་ངེས་ཤེ་ན། ལྟ་བུ་སོགས་དཔེ་བཅུ་བཞི་བཀོད་ཡོད།

རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་ཅེ་ན་ཞེ་ན་ཤེ་གསུམ་ནི་དོགས་པ་སློང་བའི་སྒྲ་སྟེ། འདྲི་བའི་ཚུལ་གྱིས་ཉན་མཁན་ལ་རྣམ་ཤེས་གཏོད་པར་བཅུག་ཐོག བརྗོད་པར་བྱ་བའི་གཞི་གང་སྟོན་པར་བཞེད་ལ་དཔེ་ནི། བསླབ་ལ་འདུ་ཤེས་ཇི་ལྟ་བ་འཛིན་དགོས་དགོས་ཤེ་ན། རང་ལ་ནད་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་སྨན་པ་ཆེན་པོའི་འདུ་ཤེས་དང་། ཡོན་ཏན་ལ་སྨན་བཟང་བོའི་འདུ་ཤེས་དང་། སློབ་གྲོགས་ལ་ནད་གཡོག་གི་འདུ་ཤེས་དང་། རྟོགས་པ་དང་ཉམས་སུ་ལེན་པ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ལྟ་བུ་སོགས་དཔེ་བཞི་བཀོད་ཡོད།

ཁོང་རྣམ་གཉིས་ཀྱི་དཔེ་ཕན་ཚུན་བསྡུར་ན། འདྲི་བའི་གཞི་དེ་ལ་དྲིས་ལན་བཀོད་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་དཔེ་འཇོག་སྟངས་དང་དོན་གྱི་བསྟན་བྱ་གཅིག་ཡིན་ཡང་། སྔ་མའི་འདྲི་བའི་གཞི་སྟོན་པ་ཞེས་པ་དང་། ཕྱི་མའི་དོགས་སློང་ཞེས་གདགས་པའི་དོན་གྱི་གོ་བ་བསྐྱེད་ཚུལ་ལ་ཅུང་ཁྱད་པར་ཡོད་པས། དོགས་སློང་ཞེས་པའི་དོགས་ཀྱི་འཇུག་ཡུལ་ནི་ཡུལ་མིན་གསལ་བོར་མ་ངེས་པ་དང་བློ་ཐག་གསལ་བོར་མ་ཆོད་པའི་དོན་དུ་གོ་བའི་ཕྱིར་ན། འདྲི་བའི་ལས་མཐའ་དག་ནི་དོགས་པ་ཡོད་པ་ཁོ་ནར་མ་ཡིན་ཏེ། མ་ཤེས་པ་དང་གསལ་བོར་རྟོགས་པའི་ཕྱིར་གཞན་ལ་འདྲི་བའང་ཡོད་པས་ན། འདྲི་བའི་གཞི་སྟོན་པར་འཇུག་ཅེས་པ་ནི་དཔེ་འདིའི་སྤྱི་ལ་ཁྱབ་པའི་གོ་དོན་ཞིག་ཏུ་སྙམ་མོ། །

ཡང་གསེར་ཏོག་ཚང་གིས། ཅིག་ཞིག་ཤིག་གསུམ་བསྐུལ་བ་དང་སྨོན་པར་འཇུག་ཚུལ་གསུངས་པ་ནི། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་ཀྱང་དེ་ལུགས་སུ་བཀོད་ནའང་། གསེར་ཏོག་སུམ་རྟགས་ལས། བསླབ་བྱ་གདམས་པར་འཇུག་པའི་དཔེ་ལ།  བག་ཡངས་སུ་སྤྱོད་པར་མ་བྱེད་ཅིག  རང་གི་རྒྱུད་མ་ངན་ཞིག གྲོང་དུ་མ་གནས་ཤིག་ཅེས་པ་ལྟ་བུ་བཀོད་པས་ན། དོན་གྱི་འཇུག་ཚུལ་ཡང་དེ་ལྟར་ཡིན་མོད། བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས་སྐུལ་ཚིག་ལ་འཇུག་པའི་དཔེ་ན། གདམས་ངག་གི་ཚུལ་དུ་སྐུལ་བ་ལ། སྐུལ་ཚིག་གི་མཐར་དང་སྒྲ་སྦྱར་བ། ལྟོས་དང་། ལྟ་བུ་ཞེས་དང་སྒྲའི་གདམས་ངག་སྟོན་པར་བཞེད་པས་གསེར་ཏོག་གི་བཞེད་ལུགས་དང་མི་མཐུན་པ་དང་། སྐུལ་ཚིག་ལ་འཇུག་པའི་དཔེ། ལྟོས་ཤིག ལྟ་བུ་བཀོད་ཡོད་པས། སྐུལ་ཚིག་ཡིན་ན་གདམས་ངག་ཡིན་པས་མ་ཁྱབ་པ་དང་གདམས་ངག་ཡིན་ན་སྐུལ་བའི་ཚིག་ཡིན་པས་ཁྱབ་པ་ན་ཁྱད་པར་ཅུང་ཡོད།

བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས། ཅིག་ཞིག་ཤིག་གསུམ་ནི་གྲངས་མང་ཉུང་གི་ཚོད་ཙམ་སྟོན་པར་འཇུག་ཚུལ་གསུངས་པ་ནི། ང་ཚོ་སློབ་གྲྭ་ན་སློབ་མ་སྟོང་ཚོ་གཉིས་ལྷག་ཅིག་ཡོད། ཅེས་པ་དང་། སྒོར་མོ་སྟོང་ཞིག་བསྐྱིས་ནས་བུད་སོང་། ཞེས་པ་དང་། སྐབས་ཤིག་ན། ལྟ་བུ་སོགས་བཀོད་པ་དོན་ལའང་དེ་ལྟར་ཡིན་མོད། གསེར་ཏོག་སུམ་རྟགས་ལས་གྲངས་ཚད་སྟོན་པར་འཇུག་པ་ཞིག་གསུངས་མེད་པ་རེད།

སྤྱིར་ཕྲད་ཀྱི་འཇུག་དོན་ནི། མིང་དང་ཚིག་གང་གི་བར་དང་མཐའ་ལ་ཕྲད་གང་རུང་ཞུགས་ན་ཕྲད་དེའི་ནུས་པ་ལ་བརྟེན་ནས་དོན་བྱེ་བྲག་པ་ཞིག་གསལ་བར་སྟོན་པས་ན། ཕྲད་གཅིག་ལའང་འཇུག་དོན་མི་འདྲ་བ་དུ་མ་ཞིག་བྱུང་བ་དང་། འཇུག་དོན་དེ་དག་ཀྱང་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་ངོས་འཛིན་སྟངས་དང་གཙོ་ཕལ་གྱི་དགོས་པར་དམིགས་ནས་བཞག་པའི་ཕྱིར་ན། སུམ་འགྲེལ་གཞུང་གི་བསྟན་བཅོས་རྣམས་སུ་འཇུག་དོན་ལ་མང་ཉུང་དང་བཞེད་ལུགས་འདྲ་མིན་གྱི་ཁྱད་པར་བྱུང་བ་ལགས་སོ། །

དྲུག་པ། ཅིང་ཞིང་ཤིང་གསུམ་གྱི་སྒྲ་ལྕི་ཡང་མི་འདྲ་བ།

ཅིང་སོགས་ཀྱི་ཚིག་ཕྲད་ལས“ཞིང་དང་། ཤིང་། ཅིང་གསུམ་པོ་འདི་ཡང་མིང་དུ་འཇུག་པའི་སྐབས་སུ་ཡང་བ་ཡིན་ཏེ་དཔེར་ན། ཞིང་ཁ། ཞིང་ཁམས། ས་ཞིང་། ཤིང་སྡོང་། ལྗོན་ཤིང་ལྟ་བུ་དང་། དེ་བཞིན་པེ་ཅིང་ལྟ་བུ་རྣམས་ནི་མིང་ཡིན་པས་ཡང་བར་ཀློག་དགོས་པ་ཡིན་ཡང་། དེ་རྣམས་ཚིག་ཕྲད་དུ་གྱུར་པའི་སྐབས་སུ་ལྕི་བར་ཀློག་དགོས་པ་དཔེར་ན། ནམ་མཁའ་སྔོ་ལ་དྭངས་ཤིང་། །ཉི་འོད་དྲོ་ཞིང་གསལ་བ། །མཛེས་ཤིང་ཡིད་དབང་འཕྲོག་པའི། །ལྷ་ས་སྐྱིད་ཅིང་བདེ་བ། །ཞེས་པ་ལྟ་བུའི་སྐབས་སུ་ཅིང་ཞིང་ཤིང་གསུམ་རྣམས་ཚིག་ཕྲད་ཡིན་པས་ལྕི་བར་བཀླག་ན་ཚིག་གོ་གསལ་ཞིང་འདེགས་འཇོག་གི་ཉམས་དང་ལྡན་པས་ཉན་པ་པོ་ཉན་སྤྲོ་བར་མ་ཟད། གོ་དོན་མ་འཁྲུལ་བ་སོགས་ཀྱི་དགེ་མཚན་ལྡན་ཡང་དེང་དུས་བོད་ཡིག་གི་ཀློག་སྟངས་སློབ་རྒྱུར་ལྷོད་གཡེང་ཤོར་བར་བརྟེན་ཡི་གེའི་གཟུགས་གཅིག་པ་ཡིན་ན་ཀློག་སྟངས་ཀྱང་གཅིག་པ་ཡིན་པར་བསམས་ནས་ཅིང་ཞིང་ཤིང་ཡིན་པ་ཐམས་ཅད་ཡང་པར་ཀློག་མཁན་མང་པོ་འདུག་པས་གོ་དོན་ལ་ཐེ་ཚོམ་མི་སྐྱེ་བ་ག་ལ་སྲིད་དེ་དཔེར་ན་གོང་གསལ་དཔེར་བརྗོད་ནང་གི་དྲོ་ཞིང་གསལ། ཞེས་པའི་ནང་གི་ཞིང་གི་སྒྲ་འདི་ཡང་བར་བཀླག་པ་ཡིན་ན་ཉན་མཁན་གྱིས་ཡི་གེའི་དག་ཆ་མི་མཐོང་བས་གྲོ་ཞིང་སྟེ་གྲོ་ཡི་ཞིང་ཁ་ཟེར་བ་མིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་སྲིད་ཅིང་། དེ་བཞིན་མཛེས་ཤིང་ཞེས་པའི་ཤིང་གི་སྒྲ་ཡང་བར་བཀླག་ན་མཛེས་པའི་ཤིང་ཞེས་འཁྲུལ་བ་ལས་འོས་མེད་པས་འདིའི་རིགས་སྣང་ཆུང་བྱེད་མི་རིགས་པའང་མཁྱེན་པར་མཛོད་ཅིག །”[58]ཅེས་པ་ལྟར་རོ། །

བདུན་པ། མཇུག་སྡོམ།

ཅིང་སོགས་ཀྱི་ཚིག་ཕྲད་རྣམས་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་ན་མང་པོ་བྱུང་ཡོད་ལ། ཕྲད་དེ་དག་ནི་དཔེར་ན། «ཞོལ་རྡོ་རིང་ཕྱི་མ»ལས། བཀུརཿཞིངཿབསྟོདཿཔརཿགནངཿངོཿ། ཞེས་པ་དང་། ཏུན་ཧོང་ཡིག་རྙིང་གི«གསེར་འོད་དམ་པ་མདོ་སྡེ་དབང་པོ་འི་རྒྱལ་པོ»ལས། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅྀང་གཟིགས་པ་ནྀ་བརྗོད་ཅྀང་། ཞེས་པ་དང་། དེ་བཞིན་གཤེགས་པ་ཎྀ་བདག་གྀ་མཁན་པོ་ཆེན་པོ་ཞེས་ཐེ་ཙོམ་མེད་པར་ཡིད་ཆེས་ན། ཞེས་པ་དང་། དེ་ཅྀའི་ཕྱྀར་ཞེ་ན་རྀགས་གྱི་བུ་ཆོས་ཐམས་ཅད་ནི་སྟོང་བ་སྟེ། ཞེས་བརྗོད་བྱ་རྣམས་སྟོན་པའི་བརྗོད་བྱེད་ཀྱི་ཚིག་ན། ཞིང་། ཅྀང་། ཞེས། ཞེ་ན་བཅས་ཕྲད་བཞི་ཡོད་ལ། ཕྲད་དེ་རྣམས་ཚིག་དུམ་དེ་དག་གི་སྦྱོར་བ་དངོས་ལ་མ་ཞུགས་ན་བརྗོད་འདོད་ཀྱི་དོན་དེ་གསལ་བར་མཚོན་མི་ནུས་པ་དང་། དེ་དག་སྦྱར་བས་ཚིག་གི་སྦྱོར་བ་བདེ་ཞིང་སྐད་བརྡའི་ལུགས་དང་མཐུན་པ། ལྷོད་ཆགས་ལ་ཚིག་གིས་གོ་བ་གསལ་བོར་སྟོན་པའི་དགེ་མཚན་ལྡན་པས་ན། བོད་པའི་སྐད་ཆའི་ཆོས་ཉིད་ལས་ཕྲད་དེ་དག་ཞུགས་དགོས་བྱུང་བ་རེད།

ཅིང་སོགས་ཀྱི་ཕྲད་སྦྱོར་ལ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་སྡོམ་ཚིག་གི་ཆིངས་ལྟར། ས་པཎ་ཀུན་དགའ་རྒྱ་མཚན་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་རྣམ་གཉིས་ཀྱིས་ཀྱང་དེ་ལུགས་སུ་བཞེད་ལ། དཔལ་ཁང་ལོ་ཙཱ་བས་ཅེའོ་ཞེའོ་ཤེའོ་གསུམ་གསར་ཏུ་བསྣན་ནས་ཅིང་ཞིང་ཤིང་གསུམ་གྱི་ཕྲད་སྦྱོར་དུ་བཅུག་པས། «དག་ཡིག་ངག་སྒྲོན»ནི་ཚིག་ཕྲད་ཅིང་སོགས་ཆ་ཚང་བར་སྡོམ་དུ་བཀོད་པའི་བསྟན་བཅོས་ཐོག་མ་ཡིན་པར་མ་ཟད། སྔ་འགྲེལ་གྱི་སྡོམ་དེ་སྡེབ་ལེགས་པར་བཅོས་གནང་མཛད་པའི་བསྟན་བཅོས་ཐོག་མའང་ཡིན། །

དེ་ནས་སུམ་འགྲེལ་གྱི་གཞུང་ཁ་ཅིག་ཏུ་ཅིང་སོགས་ཀྱི་ཕྲད་སྦྱོར་དང་དཔེར་བཀོད་པ་ལས། ཤེས་ཚབ་ཏུ་ཞེས་སྦྱོར་བའི་རྩ་དོན་རྒྱུན་འཛིན་བྱས་ཏེ། ཅིང་སོགས་ཀྱི་ཕྲད་སྦྱོར་དུ་ཤེས་མི་འཇོག་པས་ན་ཕྲད་བཅུ་བཞི་རུ་ངེས་པ་དང་། ཕྲད་སྦྱོར་དེ་ཡང་ཨ་ཁུ་གསུང་རབ་རྒྱ་མཚོ(1896—1982)ཡིས་མཛད་པའི«སུམ་ཅུ་པ་དང་རྟགས་འཇུག་གི་ཚིག་དོན་མདོར་བསྡུས»ལས། “ཚིག་ཕྲད་ཅིང་ལ་སོགས་པ་ནི། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་ན་མ་འ་ར་ལ་དང་། །རྗེས་འཇུག་མེད་པའི་མིང་མཐའ་རུ། །ཞིང་ཞེས་ཞེའོ་ཞེ་ན་ཞིག །ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །”[59]ཅེས་སྡོམ་གྱི་ཚིག་སྦྱོར་ལ་བཅོས་སྒྲིག་མཛད་དེ་སྔ་འགྲེལ་རྣམས་ལས་ཚིག་ཉུང་ལ་དོན་འདུས་པ། གོ་བདེ་ལ་ངོས་འཛིན་སླ་བ་བཅས་སུ་འཕེལ་རྒྱས་བྱུང་བ་ཡང་། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་སྦྱོར་བ་བདེ་ཞིང་གོ་སླ་བར་མཛད་པ་ཡིན་ནོ། །

མཆན།

[1] «དཔལ་མངའ་བདག་སྒྲ་བསྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གསུམ་འབུམ»(སྟོད་ཆ) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས2009ལོའི6པར་པར་དུ་བཏབ། ཤ246སྟེང་གསལ།

[2] «དཔལ་མངའ་བདག་སྒྲ་བསྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གསུམ་འབུམ»(སྨད་ཆ) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས2009ལོའི6པར་པར་དུ་བཏབ། ཤ317སྟེང་གསལ།

[3] «ཐོན་མིའི་ཞལ་ལུང»ཚེ་ཏན་ཞབས་དྲུང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1980ལོའི་ཟླ11པར་པར་དུ་བཏབ། ཤ188སྟེང་གསལ།

[4] «བོད་ཡིག་རྡོ་རིང་ཞིབ་འཇུག» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ5སྟེང་གསལ།

[5] «བོད་ཡིག་རྡོ་རིང་ཞིབ་འཇུ» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ5སྟེང་གསལ།

[6] «བོད་ཡིག་རྡོ་རིང་ཞིབ་འཇུག» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ6སྟེང་གསལ།

[7] «བོད་ཡིག་རྡོ་རིང་ཞིབ་འཇུག» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ7སྟེང་གསལ།

[8] «བོད་ཡིག་རྡོ་རིང་ཞིབ་འཇུག» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ10སྟེང་གསལ།

[9] «བོད་ཡིག་རྡོ་རིང་ཞིབ་འཇུག» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ10སྟེང་གསལ།

[10] «བོད་ཡིག་རྡོ་རིང་ཞིབ་འཇུག» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ17སྟེང་གསལ།

[11] «བོད་ཡིག་རྡོ་རིང་ཞིབ་འཇུག» ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ4པར་པར་དུ་བཏབ། ཤ34སྟེང་གསལ།

[12] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ110སྟེང་གསལ།

[13] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ110སྟེང་གསལ།

[14] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ110སྟེང་གསལ།

[15] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ110སྟེང་གསལ།

[16] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ110སྟེང་གསལ།

[17] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ110སྟེང་གསལ།

[18] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ111སྟེང་གསལ།

[19] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ111སྟེང་གསལ།

[20] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ111སྟེང་གསལ།

[21] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ111སྟེང་གསལ།

[22] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ111སྟེང་གསལ།

[23] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ112སྟེང་གསལ།

[24] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ112སྟེང་གསལ།

[25] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ112སྟེང་གསལ།

[26] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ112སྟེང་གསལ།

[27] «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཧུན་ཧོང་བོད་ཡིག་ཡིག་ཚགས»(དེབ་དྲུག་པ) ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས2008ལོར་བསྐྱར་པར་དུ་བཏབ། ཤ112སྟེང་གསལ།

[28] «སྨྲ་སྒོ་མཚོན་ཆ»པཎྜི་ཏ་སྨྲྀ་ཏིའམ་དྲན་པ་ཡེ་ཤེས་གྲགས་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2006ལོའི་ཟླ3པར་པར་ཐེངས་གཉིས་པ་པར་དུ་བཏབ། ཤ63སྟེ་གསལ།

[29] «སྨྲ་སྒོ་མཚོན་ཆ»པཎྜི་ཏ་སྨྲྀ་ཏིའམ་དྲན་པ་ཡེ་ཤེས་གྲགས་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2006ལོའི་ཟླ3པར་པར་ཐེངས་གཉིས་པ་པར་དུ་བཏབ། ཤ63སྟེ་གསལ།

[30] «བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས»(པོད་བཅུ་དགུ་པ་དག་ཡིག་སྐོར) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས2014ལོའི་ཟླ12པར་པར་བསྐྲུན་བྱོས། ཤ8སྟེང་གསལ།

[31] «དཔལ་ལྡན་ས་སྐྱ་པའི་གསུང་རབ»(པོད་གཉིས་པ) མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས2005ལོའི་ཟླ12པར་པར་ཐེངས་གཉིས་པ་དཔར། ཤ225སྟེང་གསལ།

[32] «ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ»(པོད༢༡) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས2015ལོའི་ཟླ8པར་པར་སྐྲུན་བྱོས། ཤ128སྟེང་གསལ།

[33] «དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ» ཞ་ལུ་ལོ་ཙཱ་བ་སོགས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2011ལོའི་ཟླ7པར་པར་བཞི་བ་པར་བསྐྲུན་བྱོས། ཤ85སྟེང་གསལ།

[34] «ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ» དཔལ་ཁང་ལོ་ཙཱ་བས་རྩ་བ་མཛད། བསྟན་འཛིན་རྒྱལ་གྱིས་འགྲེལ་བ་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2011ལོའི་ཟླ4པར་ཐེངས་དགུ་བ་པར་བསྐྲུན་བྱོས། ཤ5སྟེང་གསལ།

[35] «བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས»(པོདཉི་ཤུ་པ་དག་ཡིག་སྐོར) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས2014ལོའི་ཟླ12པར་པར་བསྐྲུན་བྱོས། ཤ170སྟེང་གསལ།

[36] «དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ»(གླེགས་བུམ་གསུམ་པ) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས2007ལོའི་ཟླ12པར་པར་བསྐྲུན་བྱོས། ཤ133སྟེང་གསལ།

[37] «བོད་ཀྱི་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་ཕྱོགས་བསྒྲིགས» དུད་བླ་བུ་ཆུང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ3པར་པར་བསྐྲུན་བྱས། ཤ209སྟེང་གསལ།

[38] «བོད་ཀྱི་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་ཕྱོགས་བསྒྲིགས» དུད་བླ་བུ་ཆུང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ3པར་པར་བསྐྲུན་བྱས། ཤ210སྟེང་གསལ།

[39] «གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས»(དེབ་གཉིས་པ) མི་རིགས་དཔེ་སྐྲུན་ཁང་གིས2010ལོའི་ཟླ9པར་པར་བསྐྲུན་བྱས། ཤ259སྟེང་གསལ།

[40] «བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས»(པོདཉེར་གསུམ་པ་བརྡ་སྤྲོད་སྤྱི་དོན་སྐོར) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས2014ལོའི་ཟླ12པར་པར་བསྐྲུན་བྱོས། ཤ349སྟེང་གསལ།

[41] «གསེར་ཏོག་སུམ་རྟགས» གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས། རིགས་དཔེ་སྐྲུན་ཁང་གིས1995ལོའི་ཟླ10པར་པར་བསྐྲུན་བྱོས། ཤ104སྟེང་གསལ།

[42] «གསེར་ཏོག་སུམ་རྟགས» གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས། རིགས་དཔེ་སྐྲུན་ཁང་གིས1995ལོའི་ཟླ10པར་པར་བསྐྲུན་བྱོས། ཤ104སྟེང་གསལ།

[43] «ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིག་པའི་བློ་གྲོས་མཆོག་གི་གསུང་འབུམ»(གླེགས་བམ་བཞི་བ) མི་རིགས་དཔེ་སྐྲུན་ཁང་གིས2017ལོའི་ཟླ4པར་པར་བསྐྲུན་བྱོས། ཤ16སྟེང་གསལ།

[44] «སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1997ལོའིཟླ10པར་པར་དུ་བསྐྲུན་བྱས། ཤ126སྟེང་གསལ།

[45] «དངུལ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ» བོད་ལྗོངས་ཡིག་རྙིང་དཔེ་ཁང་གིས2007ལོའི་ཟླ12པར་པར་བསྐྲུན་བྱས། ཤ145སྟེང་གསལ།

[46] «དངུལ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ» བོད་ལྗོངས་ཡིག་རྙིང་དཔེ་ཁང་གིས2007ལོའི་ཟླ12པར་པར་བསྐྲུན་བྱས། ཤ146སྟེང་གསལ།

[47] «དངུལ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ» བོད་ལྗོངས་ཡིག་རྙིང་དཔེ་ཁང་གིས2007ལོའི་ཟླ12པར་པར་བསྐྲུན་བྱས། ཤ146སྟེང་གསལ།

[48] «གསེར་ཏོག་སུམ་རྟགས» གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས1995ལོའི་ཟླ10པར་པར་བསྐྲུན་བྱས། ཤ102སྟེང་གསལ།

[49] «གསེར་ཏོག་སུམ་རྟགས» གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས1995ལོའི་ཟླ10པར་པར་བསྐྲུན་བྱས། ཤ104སྟེང་གསལ།

[50] «གསེར་ཏོག་སུམ་རྟགས» གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས1995ལོའི་ཟླ10པར་པར་བསྐྲུན་བྱས། ཤ105སྟེང་གསལ།

[51] «གསེར་ཏོག་སུམ་རྟགས» གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས1995ལོའི་ཟླ10པར་པར་བསྐྲུན་བྱས། ཤ105སྟེང་གསལ།

[52] «གསེར་ཏོག་སུམ་རྟགས» གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས1995ལོའི་ཟླ10པར་པར་བསྐྲུན་བྱས། ཤ106སྟེང་གསལ།

[53] «བརྡ་སྤྲོད་གསལ་བྱེད་ངག་སྒྲོན» དཔའ་རིས་སངས་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1987ལོའི་ཟླ11པར་པར་བསྐྲུན་བྱས། ཤ124སྟེང་གསལ།

[54] «བརྡ་སྤྲོད་གསལ་བྱེད་ངག་སྒྲོན» དཔའ་རིས་སངས་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1987ལོའི་ཟླ11པར་པར་བསྐྲུན་བྱས། ཤ129སྟེང་གསལ།

[55] «བརྡ་སྤྲོད་གསལ་བྱེད་ངག་སྒྲོན» དཔའ་རིས་སངས་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1987ལོའི་ཟླ11པར་པར་བསྐྲུན་བྱས། ཤ133སྟེང་གསལ།

[56] «བརྡ་སྤྲོད་གསལ་བྱེད་ངག་སྒྲོན» དཔའ་རིས་སངས་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1987ལོའི་ཟླ11པར་པར་བསྐྲུན་བྱས། ཤ135སྟེང་གསལ།

[57] «བརྡ་སྤྲོད་གསལ་བྱེད་ངག་སྒྲོན» དཔའ་རིས་སངས་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1987ལོའི་ཟླ11པར་པར་བསྐྲུན་བྱས། ཤ136སྟེང་གསལ།

[58] «བོད་ཀྱི་བརྡ་སྤྲོད་ནག་ཊྀཀཿ» ན་ག་སངས་རྒྱས་བསྟན་དར་གྱིས་བརྩམས། གངས་ལྷུན་པོ་རིག་གནས་ཁྱབ་སྤེལ་ལྟེ་གནས་པར་སྐྲུན་ཁང་གིས2018ལོར་པར་ཐེངས་གསུམ་པ་དཔར། ཤ210སྟེང་གསལ།

[59] «བོད་ཀྱི་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་ཕྱོགས་བསྒྲིགས» དུད་བླ་བུ་ཆུང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས2012ལོའི་ཟླ3པར་པར་བསྐྲུན་བྱས། ཤ365སྟེང་གསལ།


རྩོམ་པ་པོ་ངོ་སྤྲོད་རགས་བསྡུས།: སྙན་བཟང་པ་ཀུན་བཟང་རྒྱལ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།