ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྐད་ཁྲོད་མ་དག་རྒྱུན་འབྱམས་སུ་སོང་བའི་གནད་དོན་འགའ།

ཡོང་ཁུངས། : སྒང་ལམ་པའི་རྩོམ་རིག་འཕྲིན་སྟེགས་ལས་བཤུས།   རྩོམ་པ་པོ། : པད་མ་ཚེ་རིང་།   སྤེལ་དུས། : 2023-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱིར་སྐད་རིགས་གང་ཞིག་ཡིན་རུང་། དེའི་ནང་དུ་མ་དག་རྒྱུན་འབྱམས་སུ་སོང་བའི་གནད་དོན་སྣ་ཚོགས་མཆིས་པ་ནི་བཟློག་ཏུ་མེད་པའི་ཆོས་ཉིད་ཡིན་ཏེ། ཚད་མ་རྣམ་འགྲེལ་དུ། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། ཞེས་གསུངས་པ་དང་། རྗེ་ས་པཎ་གྱི་ཚད་མ་རིགས་གཏེར་དུའང་། འཁྲུལ་བའི་བག་ཆགས་གོམས་པ་ཡིས། །བརྡ་ཡི་དུས་ན་བསྲེས་ནས་སྦྱར། །ཐ་སྙད་དུས་ནའང་དེ་ལྟར་གོ །དེའི་ཕྱིར་འཁྲུལ་ཡང་བདེན་པ་འཐད། །ཞེས་གསུངས་པ་སོགས་ལས་ངེས་ཤེས་འདྲོང་། ཡིན་ནའང་། སུམ་རྟགས་དག་གསུམ་རྩ་བར་གྱུར་བའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཆ་ཚང་ལྡན་པའི་བོད་མི་རིགས་ལ་མཚོན་ན། སྐད་ཆའི་སྦྱོར་བ་ཅི་ཞིག་སྤེལ་ཀྱང་། ཐ་སྙད་གསར་བ་གང་འདྲ་བཟོས་ཀྱང་། དེ་ལ་ལུང་དང་རིགས་པའི་རྒྱུ་མཚན་བསྙད་དུ་ཡོད་པས། སྐད་རིགས་གཞན་དང་བསྡུར་ན་ཁྱད་ཆོས་མངོན་པར་གསལ།

རང་རེའི་བརྡ་སྤྲོད་པའི་གཞུང་ལ་སྦྱངས་པ་དམན་ཞིང་ཚན་ལྡན་མཁས་པའི་གསུང་རྩོམ་བཀླགས་པའི་མྱོང་བས་དབེན་པ། མི་མང་གི་ངག་ཏུ་བརྗོད་པའི་བོད་སྐད་རྣལ་མ་ལ་རྒྱུས་མངའ་མེད་པའི་དེང་དུས་ཀྱི་གསར་བུ་ལོ་ཆུང་མང་པོ་ཞིག་གི་རྩོམ་ནི་གཞན་སྐད་ཀྱི་ཤན་ཞུགས་པའི་དབང་གིས་གོ་དཀའ་ལ། མ་དག་པ་རྣམས་ཀྱང་རྒྱུན་འབྱམས་སུ་སོང་དང་འགྲོ་མུས་སུ་ཡོད། དེའི་རྐྱེན། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་རྩོམ་འདི་རིགས་ནི་མཛེས་མའི་ངོ་ལ་རྨ་བུད་པ་འདྲ་ཞེས་སྐྱོན་བརྗོད་པའང་དོན་ལ་གནས་པར་སེམས་སོ། །

མ་དག་རྒྱུན་འབྱམས་ཀྱི་གནད་དོན་རྣམས་ཇི་མི་སྙམ་པར་བཏང་སྙོམས་སུ་བཞག་ན། ནམ་ཞིག་རང་རེའི་སྐད་ཆས་མཚོན་པའི་བོད་མིའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་འབྱུང་སྲིད་ལ། སྐད་ཆར་ཉར་བའི་བོད་མིའི་ཡུལ་སྲོལ་གོམས་འདྲིས་ཀྱང་ཉམས་ཉེན་ཆེ། དེར་མ་ཟད། སྔོན་རྗེས་མགོ་འདོགས་སོགས་ཀྱིས་བསྐྱེད་པའི་ཡི་གེའི་བྱེད་ནུས་གཞན་གྱིས་ཆ་ཙམ་ཡང་བསྒྲུན་དུ་མེད་པ་རྣམས་ཀྱང་སྦས་པའི་བརྟུལ་ཞུགས་བཟུང་ནས་ལོ་རྒྱུས་ཀྱི་གར་སྟེགས་སུ་སྔར་བཞིན་འགྱིང་བའི་སྤོབས་པ་མེད་ན། རང་རའི་སྐད་ཡིག་འདིའི་རྗོད་སྟོབས་ཀྱང་ཇེ་ཞན་དུ་འགྲོ་ངེས་པས། “བོད་མི་སྤྱིའི་འདུ་ཤེས་འཛིན་སྟངས་དང་། འཚོ་བའི་གོམས་གཤིས། བརྡ་སྦྱོར་ཚུལ་དང་འགལ་ན་བོད་སྐད་དུ་མི་རུང་བས། སྔོན་ནས་གཏན་ཆགས་སུ་གྱུར་བའི་བརྡ་སྤྲོད་ལུགས་དང་བསྟུན་པ་གནད་དམ་པར་འཁུམས་སོ། །”[1]

གཅིག

བོད་སྐད་ཀྱི་ཚིག་མང་པོ་ཞིག་ཏུ། དགག་སྒྲ་མ་ཡི་རྗེས་སུ་དུས་འདས་པ་སྟོན་པའི་བྱ་བའི་མིང་ངམ་བྱས་འབྲས་སྟོན་པའི་ལས་ཚིག་ཅིག་སྦྱར་ཅིང་། དེའི་རྗེས་སུ་སྔོན་དང་གོང་སོགས་དུས་སྟོན་པའི་སྒྲ་ཞིག་སྦྱར་ནས་དུས་ཀྱི་བར་མཚམས་སྟོན་པའི་སྣང་ཚུལ་ནི་ག་ས་གང་དུ་ཁྱབ་ཡོད། ཐུགས་མཉམ་མ་བཞག་པའམ་གོམས་པའི་རྐྱེན་ཡིན་གང་ཡང་རུང་། གནང་དེང་མཁས་པའི་རྩོམ་དུ་འདི་འདྲ་མང་པོ་མཐོང་རྒྱུ་ཡོད་པ་དཔེར་ན།

ཀ ལྷ་མ་ཡིན་མི་བཞིན་དུ་གནད་དུ་ཕོག་ན་འཆི་ལ་དེའང་གསེར་གྱི་ས་གཞིའི་སྟེང་གི་མཚོ་ཀུན་སྣང་ལ་ཤི་བ་དང་རྐང་ལག་ཆད་པ་ལ་སོགས་པའི་གཟུགས་བརྙན་ཤར་ཏེ་དམག་མ་ལོག་པའི་སྔོན་དུ་མྱ་ངན་བྱེད་པར་བཤད་དོ། །(མངོན་པ་ཀུན་བཏུས་རྒྱན་གྱི་མེ་ཏོག)

ཁ། ཐམས་ཅད་ཆོས་ལུགས་དེ་སྲིད་དོན་ལ་མ་ཞུགས་པའི་སྔོན་གྱི་གནས་སྐབས་ན་ཡིན་ནོ། །   (ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི།)

ག ཞི་གནས་མ་རྙེད་པའི་སྔོན་དུ་ནི་ཤས་ཆེར་དམིགས་པ་གཞན་ལ་གཡེང་བས་དགེ་སྦྱོར་བྱས་པ་ཐམས་ཅད་སྟོབས་ཆུང་སྟེ།(ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན།)

ང་། མངལ་དུ་མིག་སོགས་དབང་པོ་མ་གྲུབ་པའི་སྔོན་དུ་རྐང་ལག་སོགས་གྲུབ་པས་དེའི་ཕྱིར་དཀྱིལ་འཁོར་རྒྱལ་མཆོག་ཏུ་སེམས་དཔའི་སྔོན་དུ་ཁྲོ་བོ་སྤྲོ་བ་བསྟན།(དུས་འཁོར་ཉམས་ལེན་ལ་ཉེ་བར་མཁོ་བ་བསྟན་པའི་མཛེས་རྒྱན།)

ཅ། དམིགས་པ་བཏང་ནས་སྐྱིལ་ཀྲུང་མ་བཤིག་པའི་གོང་དུ་གནས་ལུགས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྒོམས་ཏེ།(བློ་སྦྱོང་ལེགས་བཤད་ཀུན་འདུས།)

ཆ། དེས་ན་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པའི་བར་དུ་རྟེན་བརྟན་པས་ཆོག་མོད། སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱང་ཡང་སྲིད་ལེན་པའི་རྟེན་བརྟན་ན། འཁོར་བ་སྒོས་བཙན་པའི་རྒྱུན་མི་ཆད་པས་ལམ་སྒོམ་པ་དོན་མེད་དུ་འགྱུར་རོ། །(ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ཉི་མའི་སྙིང་པོ་བཞུགས་པའི་དབུ་ཕྱོགས་ལགས་སོ།)

ཇ། བསྟན་པ་ཕྱི་དར་ནས་ཇུན་གར་གྱིས་བོད་དབུས་གཙང་ལ་དབང་མ་བསྒྱུར་གོང་གི་ལོ་གྲངས་་་(བཟོ་གནས་སྐྱ་རྩེའི་ཆུ་ཐིགས།)

དཔེར་བརྗོད་ཀ་པར་མཚོན་ན། དམག་མ་ལོག་པའི་དུས་ནི་གང་ཡིན་མི་ངེས་ཤིང་། དམག་མ་ལོག་པའི་སྔོན་ཞེས་པ་དམག་ལོག་པའི་སྔོན་གྱི་དུས་སྐབས་གང་སྟོན་པ་མི་གསལ་ལ། དུས་སྐབས་གང་བསྟན་ཀྱང་མི་རུང་བ་མེད་པས། ཞིབ་འདང་བརྒྱབ་ན། འདི་ལྟ་བུའི་ཚིག་ལ་དོན་གྱི་གོལ་ས་ཡོད་དེ། ཇི་སྐད་དུ། གང་ཞིག་ཚིག་ལ་ཐེ་ཚོམ་ཟ་གྱུར་བ། །དེ་ཡི་དོན་ནི་ཇི་ལྟར་རྟོགས་པར་འགྱུར། །ཞེས་དང་། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །ཞེས་གསུངས་པ་བཞིན། རྗོད་བྱེད་ཚིག་ལ་དག་ཆ་ལྡན་ཞིང་། བརྗོད་བྱའི་དོན་ལ་གཏན་ཚིགས་ཡོད་པའི་སྐད་ཆའི་སྦྱོར་བ་སྤེལ་བ་ནི་ང་ཚོས་ནམ་ཡང་འབད་པ་བྱ་དགོས་པའི་གནས་ཡིན་སེམས་སོ། །དེ་བས། དམག་མ་ལོག་པའི་སྔོན་ཞེས་པ་དམག་ལོག་པའི་སྔོན་ཞེས་སུ་བསྒྱུར་ན་གོལ་སའང་ངང་གིས་བསལ་འགྲོ། གོང་བཀོད་དཔེར་བརྗོད་གཞན་རྣམས་ཀྱང་རིགས་བསྒྲེ་བར་བྱའོ། །

སྤྱིར་མ་དག་པ་འདི་རིགས་རྒྱུན་འབྱམས་སུ་འགྲོ་བའི་བཟོ་ཞིག་མཆིས་ནའང་། ཚིག་དོན་གཉིས་ཐད་ལ་གཙིགས་ཆེན་མཛད་པའི་མཁས་པ་སྐོར་ཞིག་ནི་མང་ཁ་ཉུང་ལེན་གྱི་འཇིག་རྟེན་གོམས་སྲོལ་གྱིས་མ་སྦགས་པར་གཞར་ཡང་བདེན་དོན་ཕྱག་ཏུ་བསྣམས་པའི་མི་བུ་ཉུང་ཤས་དེ་དག་གི་གྲལ་དུ་བསྡད་པ་ནི་ཁྱོད་དང་ང་ལྟ་བུའི་སྐལ་བ་མཉམ་པ་རྣམས་ཀྱིས་དུས་རྟག་ཏུ་ཡི་རང་དང་རྗེས་སུ་འབྲང་རིགས་སོ། །དཔེར་བརྗོད་འགའ་དྲང་ན་འདི་ལྟ་སྟེ།

ཀ ཉིན་དང་མཚན་དུ་བསྙེན་གནས་ཀྱི་སྡོམ་པ་བརྒྱད་བླང་བར་འདོད་ན། ཉི་མ་འཆར་བའི་སྔོན་དུ་དེ་བླང་བར་བྱའོ།(སྡོམ་གསུམ་གྱི་རྣམ་བཞག་ཐུབ་བསྟན་བྱི་དོར། མཁས་གྲུབ་རྗེ།)

ཁ། བྱ་བ་གང་ཡིན་པ་དེ་མགོ་བརྩམས་ནས་ཡོངས་སུ་རྫོགས་པའི་བར་གྱི་ཡུན་ལ་འཇོག(མཁས་པའི་ཚུལ་ལ་འཇུག་པའི་སྒོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།)

ག མི་རིང་བར་རྒྱུད་ཆེན་ཉིད་སྐུ་གཤེགས་པར་གནང་ཞིང་ཆོས་ཆོས་ཀྱི་བདག་པོ་ལ་སྤྲོད་ཀྱི་བར་དུ་བསྒུགས་ནས་བཞུགས་པར་སེམས་སོ། །ཞེས་ཐུའུ་བཀྭན་རིན་པོ་ཆེ་ནས་གསུངས། (བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ། པོད་གསུམ་པ།)

ང་། གང་འདི་བཅོམ་ལྡན་འདས་ཀྱིས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ། (བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོས་པའི་རྫུན་རྐོང་།)

ཅ། གཙུལ་ལག་ཁང་སོགས་བཞེངས་པའི་སྔོན་ལ་ས་གཞི་འདུལ་སྦྱོང་བྱེད་པའི་སྔགས་ཀྱི་ཆོ་ག་ཞིག(བོད་ཡིག་ཀུན་ཁྱབ་མིང་མཛོད།)

ཆ། མི་ལ་མཚོན་ན། མིར་གྱུར་ནས་ཤི་བའི་སྔོན་ལ་སྐྱེས་ལ་མ་འགགས་པ་ཡིན།(བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། 127)

ཇ། དགེ་བའི་བཤེས་གཉེན་པའི་ཞལ་ནས་ཆོས་གང་ལ་ཉན་བཤད་བྱེད་པའི་སྔོན་དུ། (དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ། 17)

འདི་ལྟ་བུའི་དཔེར་བརྗོད་ད་དུང་མང་པོ་དགོད་དུ་ཡོད་ཀྱང་། ཡིག་ཚོགས་ལ་འཇིགས་པས་རེ་རེ་བཞིན་འགོད་པའི་ངལ་བ་མ་བྱས་སོ། །

རྒྱ་སྐད་དུའང་སྣང་ཚུལ་འདི་རིགས་ཡོད་དེ། དཔེར་ན། 差点没撞死ཞེས་དང་། 说出来不怕您笑话 ཞེས་པ་ལྟ་བུ་མི་མང་གི་ཁ་ན་རླུང་ལྟར་གྲགས་ནའང་། ཞིབ་ཏུ་བསམས་ཚེ། ཚིག་འདི་གཉིས་ཀྱི་ནང་གི་དགག་ཚིག没དང不གཉིས་ཀྱང་གོང་བསྟན་བོད་སྐད་ཀྱི་དཔེར་བརྗོད་རྣམས་དང་འདྲ་བར་དོར་ན་ཚིག་དོན་ལ་གོལ་ས་མི་འབྱུང་ངོ་། །ད་དུང救火དང养病ཞེས་པའང་འདི་དང་ཆ་འདྲ་སྟེ། མ་གཞི་འདི་གཉིས་རིམ་པ་བཞིན灭火དང治病ཞེས་བརྗོད་ན་དོན་གྱི་གནས་ལུགས་དང་མཐུན་མོད། རྒྱུན་འབྱམས་སུ་སོང་བའི་དབང་གིས་འཁྲུལ་བ་འཁྲུལ་བར་མི་ལྟ་བའོ། །དེའི་རྐྱེན། “སྐད་ཆའི་སྦྱོར་བ་ནི་བརྗོད་དོན་གྱི་གནས་ལུགས་དང་མཐུན་པ་གལ་ཆེ་ཡི། བརྡ་སྤྲོད་དང་མཐུན་པ་ཙམ་གྱིས་བརྗོད་དུ་མི་རུང་བའི་སྐབས་མང་ངོ་། །”[2]དཔེར་བརྗོད་འདི་ལྟ་བུ་བོད་རྒྱ་སྐད་རིགས་གཉིས་ལ་ཐུན་མོང་དུ་སྣང་ནའང་། གཅིག་གིས་གཅིག་ལ་ཤན་ཞུགས་མ་ཞུགས་ནི་ལུང་རིགས་ཀྱི་སྒྲུབ་བྱེད་ལྷ་ཧ་ལས་པ། མི་ཡིད་ཆེས་པ། འདྲེ་ཁོ་ཐག་ཆོད་པ་ཞིག་མ་རྙེད་པས་ཁ་ཚོན་གཅད་མ་བཏུབ་བོ། །

གཉིས།

ད་ལྟའི་བོད་སྐད་དུ་དར་སྤེལ་ཞེས་པ་བསྐྱར་ཚད་ཤིན་ཏུ་མཐོ་བའི་མིང་འདུས་མ་ཞིག་ཡོད་པ་འདི་ནི་དར་དང་སྤེལ་ཞེས་པའི་བྱ་བའི་མིང་གཉིས་འདུས་ཏེ་གྲུབ་པ་ཡིན་ལ། དར་ནི་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་དང་སྤེལ་ནི་བྱེད་པོ་གཞན་དང་འབྲེལ་བའི་བྱ་བའི་མིང་ཡིན། བྱ་བའི་མིང་གཉིས་ཀྱིས་གྲུབ་པའི་མིང་འདུས་མ་ནི་སྔ་རབས་མཁས་པའི་གསུང་ན་དཀོན་ཡང་དེང་རྩོམ་ལ་མང་པོ་མཐོང་དུ་ཡོད་པ་ནི་སྐད་བརྡ་འཕེལ་འགྱུར་གྱི་སྣང་ཚུལ་ཞིག་ཏུ་འཁུམས་ཏེ། རང་རེའི་བོད་སྐད་དུ་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་གཉིས་ཀྱིས་གྲུབ་པའི་མིང་འདུས་མ་དཔེར་ན་སྐུལ་སྤེལ།  འདོན་སྤེལ། འགྲེམ་སྤེལ་སོགས་དང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གཉིས་ཀྱིས་གྲུབ་པའི་མིང་འདུས་མ་སྟེ། དར་རྒྱས། དར་འཕེལ། དར་རྒུད། དར་བདོ། དར་ཁྱབ་ཞེས་པ་ལྟ་བུ། ད་དུང་སྔ་མ་བྱེད་པོ་གཞན་དང་འབྲེལ་བའི་བྱ་བའི་མིང་དང་ཕྱི་མ་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གཉིས་ཀྱིས་གྲུབ་པའི་མིང་འདུས་མའང་ཡོད་པ་སོགས་ནི་བརྡ་སྤྲོད་དང་མཐུན་ནའང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་སྔོན་ལ་སྦྱར་ཅིང་བྱེད་པོ་གཞན་དང་འབྲེལ་བའི་བྱ་བའི་མིང་རྗེས་སུ་སྦྱར་པའི་མིང་འདུས་མ་དར་སྤེལ་ལྟ་བུ་ནི་བརྡ་སྤྲོད་པའི་ལུགས་དང་མི་མཐུན་ལ། དོན་ལ་བསམས་ཀྱང་གཏན་ཚིགས་དང་འགལ་ལོ། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས། དར་ནི་ངང་གིས་བྱུང་བ་དང་། སྤེལ་ནི་གཞན་གྱིས་བྱེད་པ་ཡིན་པས། དེ་གཉིས་ལྷན་དུ་སྦྱོར་སྲོལ་མེད། ཅེས་གསུངས་པ་ནང་བཞིན། བརྡ་སྤྲོད་སྨྲ་བའི་མཁས་དབང་མང་པོས་མགྲིན་གཅིག་དབྱངས་གཅིག་ཏུ་བཞེད་དོ། །

དེང་དུས་ཀྱི་རྒྱ་སྐད་ལ་མཚོན་ན། བྱ་ཚིག་ཕལ་མོ་ཆེ་ནི་སྒྲ་ཚིགས་གཉིས་ཀྱིས་གྲུབ་ཅིང་། ཡིག་འབྲུ་གཅིག་གིས་བྱ་བའི་དོན་བསྟན་ཐུབ་པ་ཉུང་ཤས་ཡིན། བོད་སྐད་ནི་དེ་དང་མི་འདྲ་སྟེ། སློབ་སྦྱོང་དང་། ཀློག་འདོན། བཀོལ་སྤྱོད་ཅེས་པ་ལྟ་བུ་ལས་ཚིག་གཉིས་ཀྱིས་གྲུབ་པའི་ཁྱད་གཞི་བརྗོད་པའི་མིང་གི་རྗེས་སུ་བྱེད་དང་བྱས་སོགས་ཚིག་གྲོགས་སྦྱར་ཏེ་བྱ་བ་བྱེད་པའི་དོན་སྟོན་པའང་གཞན་སྐད་ཀྱི་ཤན་ཞུགས་པའི་དབང་གིས་མང་དུ་མཐོང་ནའང་། བོད་སྐད་ཀྱི་ལས་ཚིག་རྣམས་སྒྲ་ཚིགས་གཅིག་གིས་དོན་ཆ་ཚང་བསྟན་ཐུབ་པས་དར་སྤེལ་གྱི་ཚབ་ཏུ་སྤེལ་ཁོ་ན་སྤྱད་ཀྱང་མི་ཆོག་པ་ཅི་ཡོད། འོ་སྐོལ་གྱིས་སླ་མོ་དཀའ་མོར་བཏང་བའི་སྦྱོར་བ་འདི་ལྟ་བུ་སྤེལ་བ་ནི་ཇི་སྐད་དུ། ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚྭའི་ཁྲོན་པ་རྐོ་བ་ཡིན། །ཞེས་པའི་རྗེས་སུ་སོང་བ་མ་ཡིན་ནམ། འོ་ན་སྡེབ་སྦྱོར་གྱི་དབང་གིས་བྱ་བའི་མིང་གཉིས་ཀྱིས་གྲུབ་པའི་མིང་འདུས་མ་ཞིག་སྤྱད་དགོས་ཤེ་ན། གོང་སྤེལ་ཞེས་པ་ལྟ་བུ་བརྗོད་རུང་ལ། སྒྲ་ཚིགས་གསུམ་ཅན་མཁོ་ན། དར་བར་བྱེད། དར་བར་གཏོང་ཞེས་སོགས་སྦྱར་ཏེ་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དང་སྟོབས་མཚུངས་སུ་བསྒྱུར་ཆོག་གོ །

གཞན་ཐུག་འཕྲད་བྱེད་དང་ཤེས་རྟོགས་བྱེད། མངོན་འགྱུར་བྱེད་ཅེས་པ་སོགས་ཀྱང་དེང་རྩོམ་དུ་ཇེ་མང་འགྲོ་ཡིན་ཡོད་པ་དང་། འདི་དག་ལས་ཐུག་འཕྲད་དང་ཤེས་རྟོགས། མངོན་འགྱུར་ཞེས་པ་རྣམས་ནི་བྱེད་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་གམ་བྱས་འབྲས་སྟོན་པའི་ལས་ཚིག་འབའ་ཞིག་ཡིན་པས། བྱེད་པོ་གཞན་འབྲེལ་གྱི་ལས་ཚིག་དང་སྟོབས་མཚུངས་སུ་བསྒྱུར་ན་རྗེས་སུ་ཐད་ཀར་བྱེད་དང་བྱས་སོགས་ཚིག་གྲོགས་སྦྱར་བ་ནི་མ་དག་པ་ཡིན་པས། ཤེས་སུ་བཅུག མངོན་པར་བྱས་ཞེས་བར་དུ་ལ་དོན་གྱི་ཚིག་ཕྲད་ཅིག་སྦྱར་ན་ད་གཟོད་དོན་གྱི་གནས་ལུགས་དང་མཐུན། དེར་མ་ཟད། སྤྱད་ཡུལ་ལ་སྤྱོད་ཡུལ། བྱ་ཡུལ་ལ་བྱེད་ཡུལ། དཔྱད་ཡུལ་ལ་དཔྱོད་ཡུལ། མྱང་བྱ་ལ་མྱོང་བྱ་བྲིས་པ་སོགས་ཀྱང་མ་དག་པ་ཡིན་མོད། རྒྱུན་འབྱམས་སུ་འགྲོ་བའི་བཟོ་ཞིག་འདུག འདིའི་སྐོར་ནི་བརྡ་སྤྲོད་ཀྱི་གནད་དོན་གཞན་ཞིག་ཡིན་པས། སྐབས་གཞན་དུ་སྤྲོ་བར་བྱ། །

གསུམ།

དེ་ཡང་ཐ་སྙད་གསར་བ་བཟོ་མཁན་ནམ་ཚིག་སྦྱོར་གསར་བ་སྤེལ་མཁན་ཐམས་ཅད་བརྡ་སྤྲོད་རིག་པར་ནང་བྱན་ཆུད་པའི་མཁས་པ་ཤ་སྟག་ཡིན་པ་མི་སྲིད་པས། སྐད་རིགས་གང་དུའང་མ་དག་རྒྱུན་འབྱམས་ཀྱི་གནད་དོན་འདི་ལྟ་བུ་འབྱུང་སྲིད། ཡིན་ནའང་། མ་དག་པ་ཇེ་མང་དུ་འཕེལ་ན། མི་རིགས་གང་དེའི་སྐད་ཆའི་འགྲུབ་རྒྱུར་གྱུར་བའི་མིང་དང་ཚིག་གི་སྒྲིག་གཞི། བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་བའི་མིང་གི་རྟེན་འབྲེལ་གྱི་གནས་ལུགས་སོགས་ལའང་ཚད་མི་འདྲ་བའི་ཤན་ཤུགས་ཐེབས་ཏེ། བྲིས་པའི་རྩོམ་རྣམས་གོ་དཀའ་ཞིང་། བཤད་པའི་གཏམ་དག་འབྲེལ་མི་ཆགས། དེ་ནས་མི་རིགས་དེའི་རྒྱུད་ལ་ཐེར་ཟུག་ཏུ་གནས་པའི་སྔ་རྒྱུ་ཕྱི་འབྲས་ཀྱི་བསམ་བློ་གཏོང་སྟགས་ལའང་རིམ་གྱིས་འགྱུར་ལྡོག་འབྱུང་ངེས་པས། རང་རེའི་སྐད་དང་ཡི་གེ་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མི་བུར་འདོད་མཁན་ཀུན་གྱིས་དུས་རྟག་ཏུ་ཚད་ལྡན་མཁས་པའི་གསུང་རྩོམ་བཀླག་ཅིང་། མ་དག་པའི་གནད་དོན་ལ་ཕྲད་ཚེ་རང་ནུས་ཅི་ལྕོགས་ཀྱིས་ཡོ་བསྲང་གི་ལས་ལ་འབད་ན། ཁྱད་ཆོས་འབུམ་ལྡན་གྱི་བོད་པའི་སྐད་ཡིག་འདིའང་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་གནས་ཐུབ་སྙམས་སོ། །

ལུང་ཁུངས།

【1】【2】(《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།》 260དང308)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།