ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་དར་མ་འུ་དུམ་བཙན་གྱི་སྐོར་ལ་དཔྱད་པ།

ཡོང་ཁུངས། : ཁྱུང་རྩེ་བཀྲ་ཤིས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས།   རྩོམ་པ་པོ། : ཁྱུང་རྩེ་བཀྲ་ཤིས༼གཅན་ཚ༽   སྤེལ་དུས། : 2023-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[ནང་དོན་གནད་བསྡུས] འདིར་ཁྲི་དར་མ་འུ་དུམ་བཙན་ནི་མ་གཞིར་དམ་པའི་ཆོས་ལ་དགའ་མཁན་ཞིག་ཡིན་པ་དང་། ཕྱིས་འདུལ་བའི་བསྟན་པ་བསྣུབས་པའང་བོད་ཆེན་པོའི་ལས་དོན་མཐའ་དག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གྱི་ཐོག་མའི་རྒྱུར་བརྩམས་པ་ཡིན་ཚུལ། ཁོང་བཀྲོངས་པ་དེས་བོད་ཀྱི་སྤྱི་ཚོགས་ཐོག་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཚུལ་བཅས་རགས་ཙམ་བརྗོད་ཡོད།

[གནད་ཚིག] ཉེས་བཤད་སྣ་ཚོགས། བསྟན་པ་བསྣུབས་པ། བཀྲོངས་པའི་ཉེས་སྐྱོན།

འཇིག་རྟེན་འདིའི་སྐྱེ་འགྲོ་སུ་ཞིག་ཡིན་རུང་རང་རིགས་ཀྱི་ལོ་རྒྱུས་ཤེས་རྒྱུ་ནི་གལ་ཆེ་ཞིང་། ཡང་དག་པའི་ལོ་རྒྱུས་ཡི་གེར་བྲིས་ཏེ་ཕྱི་རབས་པར་ཤུལ་རྟེན་དུ་འཇོག་པ་དང་། དེ་ལས་ལོ་རྒྱུས་ཀྱི་བསླབ་བྱ་ལེན་པར་བསྐུལ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་མོད། ཡིན་ནའང་དུས་འཁྲུག་གི་བཙན་གནོད་དང་ཤེས་རིག་གི་དར་རྒུད། ཆབ་སྲིད་ཀྱི་འགྱུར་བག་སོགས་ཕྱི་རྐྱེན་ནང་རྐྱེན་གང་མང་གི་བརྡབ་གསིག་ཁྲོད་དུ་འདས་བྱུང་རྗེན་པར་གསལ་བའི་ཡིག་ཚང་མང་པོ་རྩ་སྟོངས་དང་ཉམས་དམས་སུ་ཕྱིན་ལ། འགའ་ཞིག་ལྷག་པ་ལའང་རྩོམ་པ་པོ་རང་རང་གི་རིག་གནས་ཀྱི་ཆུ་ཚད་དང་བསམ་པའི་ཤེས་རྒྱ། ཆབ་སྲིད་ཀྱི་དགོས་མཁོ་སོགས་ལས། ཐ་ན་མིན་པ་ལ་ཡིན་པར་བྱས་པའི་ཨུ་ཚུགས་དང་བློ་བཅོས། མེད་པ་ལ་ཡོད་པར་བསྙད་པའི་བཙན་ཤེད་དང་སྒྲོ་འདོགས་སོགས་ཀྱི་ཆའང་སྐབས་ཀུན་ཏུ་འཁྲིལ་བ་བཞིན། བོད་རྒྱལ་བཙན་པོ་ཁྲི་དར་མ་འུ་དུམ་བཙན་གྱི་སྐོར་ཡང་དྲ་བ་འདི་ལས་འདར་མ་མཆིས་སྙམ།

《རྒྱལ་རབས་གསལ་མེ》ལས། དེར་སྲས་ཆེ་བ་གཙང་མ་ནི་རབ་ཏུ་བྱུང་། དར་མ་ནི་སྡིག་ལ་དགའ་སྟེ་རྗེའི་འོས་མ་ཡིན། བར་བ་རལ་བ་ཅན་ལ་སྲིད་གཏད་དོ། །ཞེས་དང་། 《ཆོས་འབྱུང་མཁས་དགའ》ལས། བ་ལང་གི་ཤ་ཚུགས་དང་འདྲ་ཞིང་། མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་གླང་དར་མར་བཏགས། ཞེས་འབྱུང་ལ། ངག་རྒྱུན་དུ་ཡང་རྒྱལ་པོ་གླང་དར་མའི་མགོ་ན་རྭ་ཅོ་ཡོད་པ་དང་ལྕེ་ཡང་ནག་པོ་ཡིན་པ་སོགས་སྣ་ཚོགས་ཚོགས་ཤིག་བཤད་པས། ཁྲི་དར་མ་ནི་གནོད་སྦྱིན་དང་སྲིན་པོའི་སྤྲུལ་བར་གྱུར་ལ་མི་སྡུག་པའི་མཚན་མས་གཡོགས་པ། གཅེན་དུ་གྱུར་ཀྱང་སྡིག་ལ་དགའ་བས་སྲིད་ཀྱང་མ་ཐོབ་ལ། ཕྱིས་རང་གི་གཅུང་བོ་བསད་ནས་རྒྱལ་སྲིད་འཕྲོགས་ཤིང་ནང་བསྟན་སྣུབ་མཁན་གྱི་བདུད་རྒྱལ་དངོས་མ་ཞིག་ཡིན་པར་བརྗོད་ཡོད། དེས་ན་གཤམ་དུ་བོད་ཀྱི་ཆོས་འབྱུང་དེབ་ཐེར་ཁག་དང་རྡོ་རིང་ཡི་གེ། རྒྱའི་ཡིག་ཚང་སོགས་ལ་ཁུངས་བཅོལ་ཏེ་དེ་ལས་བརྩམས་པའི་གཏམ་བྱིས་པའི་རྩེད་མཚར་ལྟ་བུ་ཞིག་གླེང་བར་བྱ་སྟེ།

དང་པོ། ཁྲི་དར་མ་མ་གཞིར་མི་ཇི་འདྲ་ཞིག་ཡིན་པར་དཔྱད་པ།

གཅིག མིང་ཐོགས་ཚུལ་དང་ཉེས་བཤད་གང་མང་ལ་དཔྱད་པ།

“བ་ལང་གི་ཤ་ཚུགས་དང་འདྲ་ཞིང་མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་གླང་དར་མར་བཏགས།”ཞེས་པ་མ་ངེས་ཏེ། གླང་ཞེས་བཏགས་པ་ཡོད་ཚད་སྨད་པའི་གནས་ཡིན་ན་ཁྲི་ལྡེ་སྲོང་བཙན་ལའང“གླང་མཇིང་ཡོན” ཞེས་ཀྱང་གྲགས་ལ། དར་མ་ཞེས་པའང་ངན་སྨྲས་ཤིག་མ་ཡིན་པར་ལེགས་སྦྱར་སྐད་ཀྱི་དྷརྨ་སྟེ། ཆོས་ཀྱི་དོན་ཡིན་ཚུལ་བཙན་པོའི་སྐབས་ཀྱི་ཡིག་རྙིང་དག་ཏུ་ད་ལྟ་ཡང་མཐོང་ཐུབ། དེ་བཞིན་བེའུ་ཞེས་གླང་དར་མར་འགྲེལ་བའི་ཁུངས་བཅོལ་སའི《འཇམ་དཔལ་རྩ་རྒྱུད》ཀྱི་ནང་གསལ་བའི་རྒྱལ་པོ་བཅུ་བོ་དེ་དག་ནི་བལ་བོའི་རྒྱལ་པོ་བཅུའི་མིང་ཡིན་པར་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསལ་པོར་གསུངས་འདུག་སྟེ། ཞིབ་ཏུ་ཤེས་འདོད་ན་《དུང་དཀར་ཚིག་མཛོད་ཆེན་མོའི》ནང་གི་འཇམ་དཔལ་རྩ་རྒྱུད་ཀྱི་འགྲེལ་བར་གཟིགས་དང་གསལ། ཁྲི་དར་མ་ནི་གནོད་སྦྱིན་དང་སྲིན་པོའི་སྤྲུལ་པ་ཡིན་པ་དང་སྔོན་གླང་བོ་ཞིག་གིས་ལོག་སྨོན་བཏབ་པ་ལས་ཉེས་པ་སོགས་བདུད་རྒྱལ་གྱི་དཔེ་ལྟ་བུར་སོང་ཡོད་པ་ནི་ཕྱིས་ཀྱི་གཏེར་མར་གྲགས་པ་འགའ་ལས་ལུང་བསྟན་ཡིན་ཚུལ་དུ་ཐོག་མར་བྲིས་པ་ཡིན་ལ། དེར་ཡང་བཅོས་སྒྱུར་ཅུང་ཙམ་ཡང་བྱས་མེད་པར་སུ་ཞིག་གིས་ཡིད་རྟོན་བྱེད་ནུས་ཏེ། ཐ་ན་ཁྲི་དར་མས་བསྟན་པ་བསྣུབས་པས་བང་སོ་ཡང་མེད་པར་བརྗོད་མོད། ད་ལྟ་ཡང་དངོས་སུ་མཇལ་རྒྱུ་མཆིས་པ་འདི་ཡིས་ཤེས། བཙན་པོ་གཉིས་ཀྱི་གཅེན་གཅུང་ཡང《སྦ་བཞེད་ཞབས་བཏགས་མ》དང《ལྡེའུ་ཆོས་འབྱུང་》རྒྱས་བསྡུས་གཉིས། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》སོགས་ཡིག་ཚང་རྙིང་པ་དག་ཏུ་བཀོད་པ་ལྟར་ལྷ་སྲས་བགྲེས་པ་རལ་བ་ཅན་དང་། ཆུང་བ་དར་མ་འུ་དུམ་བཙན་ཡིན་པར་བྱས་ན་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྒྱལ་སྲས་ཁྲིར་འགོད་ཀྱི་ལུགས་དང་མཐུན་ལ། 《ཐང་ཡིག་གསར་རྙིང》དང《སྲིད་སྐྱོང་ཀུན་གསལ་མེ་ལོང》སོགས་རྒྱའི་ཡིག་ཚང་གི་གཅེན་གཅུང་ཐད་ཀྱི་ལྟ་བ་དང་ཡང་ཡོངས་སུ་མཐུན་ཏེ། དོན་གྱི་སྙིང་པོ་བསྡུས་ན། གོང་གསལ་གྱི་བཤད་ཡམས་དེ་དག་ཀྱང་སྤྱིར་བཙན་པོའི་རྒྱལ་རབས་འཇིག་ནས་ལོ་ངོ་བརྒྱ་ཕྲག་གཉིས་གསུམ་ལྷག་འདས་པའི་ཆབ་སྲིད་ཁྲིམས་ལུགས་བག་ལ་ཞ་བའི་དུས་དང་། སྒོས་སུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པ་ནས་བྲིས་པའི་ཆོས་འབྱུང་ཁག་ལས་ཁྱབ་འགོ་བརྩམས་པས། དེར་ཡང་ཁུངས་ཐུབ་ཀྱི་རྒྱུ་མཚན་ཞིག་མ་མཆིས་སྙམ།

གཉིས། མི་གཤིས་དངོས་སོགས་ག་འདྲ་ཡིན་པར་དཔྱད་པ།

དེ་ཡང་ཁྲི་དར་མ་ཆུང་དུས་ནས་སྡིག་ལ་དགའ་བས་རྗེར་མ་འོས་པ་མ་ཡིན་ཏེ། ཏུན་ཧོང་གཏེར་ཡིག་གི《འུའི་དུན་བརྟན་གྱི་བསྔོ་ཡིག》ལས། བཙན་པོ་འུའྀ་དུན་བརྟན་གྱྀ་ཞ་སྔ་ནས།། …… དམ་པའྀ་ཆོས་བསྲུང་བ་དང་།། རྒྱལ་ཁམས་བྱྀན་ཆེན་པོའྀ་སྲྀད་བཅའ་བ་འྀ་དོན་དང་།། རྒྱལ་པོ་ཆེན་པོའྀ་དབང་དང་མཐུ་སྟོབས་ཀྱྀས་དགྲར་གྱུར་པའྀ་སེམས་ཅན་གཞན། སྲོག་སྲྀད་ལ་ཕབ་པ་མན་ཅད། གནོད་པའྀ་ཕྱོགསུ་གྱུར་ཏེ། ……ཚེའྀ་བར་ཆད་གྱྀ་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ།། གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩྀགས་ཤྀང་རྙྀང་བཅོས་པ་ཡང་ལྷ་དང་མྱྀའྀ་མཆོད་པའྀ་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའྀ་ཆོས་མྱྀ་འཇྀག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་བོའྀ་བསོད་ནམས་ཀྱྀ་གཞྀར་གྱུར་ཅྀག ……ཚེ་རབས་གྱྀ་དངོསྡིག་གྀ་དྲྀ་མ་ནྀ་བྱང་། བསོད་ནམས་དང་ཡེ་ཤེས་གྱྀ་ཚོགས་ནྀ་མྱུར་དུ་རྫོགས་ཤྀང་། ཕྱོགས་བརྒྱད་གྱྀ་རྒྱལ་པོ་ཐམས་ཅད་ཀྱང་། བཀའ་འོག་ཏུ་འདུས་པ་དང་། ད་ལྟར་བཞུགས་པའྀ་སྐུ་འདྀ་ལ་ལྟས་ངན་པར་སྟོན་པ་དང་། བགེགས་དང་ཕས་གྱྀ་རྒོལ་བ་ཐམས་ཅད་གྱྀས་མྱྀ་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ། ཞེས་སོགས་བཀོད་པར་གཞིགས་ན། ཁོས་རྒྱལ་སྲིད་བསྐྱངས་པའི་སྐབས་སུ་ཡང་དམ་པའི་ཆོས་ལ་བཀུར་བསྟི་དང་མོས་གུས་བྱས་ཡོད་ཅིང་ཡབ་དང་གཅེན་པོའི་ཕྱག་སྲོལ་ལུགས་བཞིན་དུ་བསྐྱངས་ལ། སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱས་སུ་གཏོང་ཆེད་གཙུག་ལག་ཁང་བཞེངས་པ་དང་མཆོད་རྟེན་ཉམས་གསོ་བྱས་པ་ཙམ་མ་ཡིན་པར་བསྟན་པ་ཡུན་རིང་དུ་གནས་པའི་ཐུགས་སྨོན་རྒྱ་ཆེར་བཏབ་པ་དང་། འབངས་དང་རྒྱལ་སྲིད། རྒྱལ་རྒྱུད་རྣམས་ཀྱང་ཡུན་རིང་དུ་གནས་ནས་ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་བཀའ་འོག་ཏུ་འདུས་ཏེ་སྔར་ལས་ལྷག་པའི་བོད་བཙན་པོའི་རྒྱལ་ཁབ་ཅིག་འཛུགས་ཐུབ་པའི་སྨོན་ལམ་ཡང་རྒྱ་ཆེར་བཏབ་ཡོད་པ་འདི་ལས་ཁོང་ནི་མ་གཞིར་བོད་ཆེན་པོའི་ཆོས་སྲིད་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་བཙན་པོ་བཟང་པོ་ཞིག་ཡིན་པའང་གསལ་པོར་རྟོགས་ཐུབ། གལ་ཏེ་སྡིག་ལ་དགའ་ཞིང་བསྟན་པ་ལ་སྡང་བའི་བདུད་རྒྱལ་ཞིག་ཡིན་ན། བློན་ངན་དབང་ཆེན་དག་གིས་བསྟན་པ་བསྣུབ་དགོས་ཚུལ་གྱི་གནས་ལུགས་མང་དུ་ཞུས་དུས། “ཡང་རེ་ཞིག་ང་ཡི་ཡབ་མེས་ཀྱི་ཐུགས་དམ་ཆོས་འཁོར་གསུམ་དང་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་རྣམས་ཀྱི་སྒོ་བཅད་དེ་འདག་ཞལ་གྱིས་ཤིག”ཅེས། ཤུལ་མེད་དུ་མ་བཏང་བར་འདག་ཞལ་བགྱི་བའི་དགོས་པ་མ་མཆིས་སོ།།

ཡང་“དེའི་ཚེ་བློན་འབངས་ཆོས་ལ་དགའ་བ་ཐམས་ཅད་འདུས་ནས་ངུ་འབོད་དང་མྱ་ངན་བྱས། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ལ་འདི་ལྟ་བུ་མཛད་པར་མི་རིགས། ཡབ་མེས་ཀྱི་ཡིག་ཚང་དང་དཀོར་མཛོད་ཀྱི་སྒྲོམ་བུ། རྡོ་རིང་གི་ཡི་གེ་ཐམས་ཅད་ལ་གཟིགས་ཤིག་ཅེས་མགྲིན་གཅིག་ཏུ་ངུ་འབོད་ཆེན་པོ་བྱས། རྒྱལ་པོ་ནུབ་ཕྱོགས་གླ་བའི་ཚལ་ན་མིག་མང་རྩེ་ཞིང་ཡོད་པ་འབངས་རྣམས་ཀྱི་ངུ་འབོད་ཐོས་པས་སེམས་མ་བདེ་སྟེ་རྡོ་རིང་གི་ཡི་གེ་ཀློག་གིན་ཡོད”ཅེས་པ་ལྟར། ཁོང་ནི་དམངས་ཀྱི་རེ་འདུན་དང་ལེན་དང་ཡབ་མེས་དག་གི་མཛད་རྣམ་ལ་ཡི་རང་གོང་བཀུར་བྱེད་མཁན་ཞིག་ཡིན་པ་མ་ཟད། “ལྷ་ལུང་དཔལ་གྱི་རྡོ་རྗེས་རྟ་བབས་ནས། པུས་མོ་ལ་བརྟེན་ནས་གཞུ་བཀངས་པས། བཙན་པོས་ཕྱག་བྱེད་པར་གོ་ནས་བཞེངས་འཚལ་ཟེར། ཕྱག་དང་པོ་བྱས”ཞེས་པ་བཞིན། ཁོང་ནི་ངང་རྒྱུད་འཇམ་ཞིང་འབངས་ཀུན་བྱམས་པས་སྐྱོང་བའི་བཙན་པོ་བཟང་པོ་ཞིག་ཀྱང་ཡིན་པར་འདོད། གལ་ཏེ་གདུག་རྩུབ་ཆེ་བ་དང་། སྡིག་ལ་དགའ་བ་ཞིག་ཡིན་ན། ཆོས་ལ་དགའ་བའི་བློན་འབངས་ཚོས་བཙན་པོ་རང་གིས་སྒྲུབ་མི་འདོད་ཅིང་ལྡོག་ཕྱོགས་སུ་གྱུར་པའི་ལས་ལ་བསྐུལ་དུས། དེ་ཚོར་སྤྱོ་སྡིགས་མནར་གཅོད་མི་གཏོང་རུང་སེམས་མི་བདེ་བ་འབྱུང་དགོས་མེད་ལ། རྡོ་རིང་གི་ཡི་གེ་ཀློག་པའི་དགོས་པ་ལྷག་ཏུ་མ་མཆིས་ཤིང་། འབངས་མི་གང་རུང་གིས་རང་ལ་ཕྱག་འཚལ་དུས་མྱུར་དུ་“བཞེངས་འཚལ”ཞེས་དེ་བས་ཀྱང་ཟེར་མི་སྲིད་དེ། ཁོང་གི་ཐུགས་རྒྱུད་དྲང་ཞིང་བཟང་བས། ལྷ་ལུང་དཔལ་རྡོར་གྱིས་ཀྱང་བཙན་པོའི་ལུས་སྟེང་གི་ཞན་ཆ་དེ་བེད་སྤྱོད་ཀྱིས་བཞེངས་འཚལ་ཞེས་གསུངས་པའི་གོ་སྐབས་དང་བསྟུན་ནས། ད་གཟོད་སྙིང་དུ་ཕོག་པའི་མདའ་དེ་འདྲ་འཕེན་ཐུབ་པར་སྙམ།

གཉིས་པ། ཁྲི་དར་མས་བསྟན་པ་བསྣུབས་པའི་རྒྱུ་རྐྱེན་ལ་དཔྱད་པ།

ཁྲི་དར་མས་བསྟན་པ་བསྣུབས་པའི་རྒྱུ་རྐྱེན་ལ་མང་དུ་བཤད་མོད། གནོད་སྦྱིན་དང་སྲིན་པོའི་སྤྲུལ་བ་ཡིན་པ། གླང་བོ་ཞིག་གིས་ལོག་སྨོན་བཏབ་པ་སོགས་ནི་ཆགས་སྡང་གི་གཏམ་དུ་འདུག་པ་གོང་དུ་བཤད་པ་བཞིན་ལགས་ལ། གལ་ཏེ་བདེན་པར་འདུག་ནའང་སེམས་ཅན་སྤྱི་མཐུན་གྱི་སྣང་ངོར་འཕྲོད་དཀའ། ཡང་ལ་ལས་རྒྱལ་པོ་དར་མས་བོན་ཆོས་སྤེལ་ཕྱིར་ནང་ཆོས་བསྣུབས་པར་ཡང་བཤད་མོད། དེ་ནི་དབའས་རྒྱལ་ཏོ་རེ་སྟག་སྙའམ་སྦས་སྟག་སྣ་སོགས་ནང་ཆོས་ལ་སྡང་བའི་བློན་པོ་སྐོར་ཞིག་གིས་བཙན་པོ་ཁྲི་རལ་བ་ཅན་བཀྲོངས་ནས་ཁོང་སྲིད་ཁྲིར་འདོན་གསོལ་མཛད་པས་དེ་ལྟར་སྒྲོ་བཏགས་པ་སྟེ། “སྐུའི་སྔགས་མཁན་དང་རྒྱལ་གྱི་སྐུ་གཤེན་ལ་བཀྱོན་ཕབ”ཅེས་པ་ལྟར། མེས་ཁྲི་སྲོང་ལྡེ་བཙན་གྱིས་བསྣུབས་ནས་སྔར་སྲོལ་མ་ཉམས་ཙམ་དུ་རྒྱལ་པོའི་སྐུ་སྲུང་ལ་བོན་གཤེན་རེ་གཉིས་ཙམ་བཞག་ཡོད་པ་དེར་ཡང་ཁོས་ཉེས་ཁྲིམས་བཅད་པས་བཤད་རྒྱུན་དེའི་ཡང་དག་མིན་གྱི་ཆ་ཡང་རང་གསལ་དུ་འགྲོ། དེ་བས་དུས་སྐབས་དེའི་དོན་དངོས་ལ་སྦྱར་ནས་དཔྱད་ན།

གཅིག སྤྱི་ཚོགས་ཀྱི་གནས་བབ།

སྤྱིར་བཙན་པོ་རལ་བ་ཅན་གྱི་རིང་ནི་བོད་བཙན་པོའི་རྒྱལ་རབས་ཧ་ཅང་དར་རྒྱས་ཆེ་བའི་དུས་སྐབས་ཤིག་ཡིན་ནའང་། སྐུ་ཚེ་སྨད་ལ་དམག་སྲིད་ཀྱི་བྱ་བར་དེ་འདྲ་དོ་ཁུར་མ་མཛད་པར་ལྷ་ཁང་གསར་བཞེངས་དང་དམ་ཆོས་བསྒྱུར་སྤེལ་ལ་རེམ་པ་མ་ཟད། ཆོས་བྱེད་མི་སྣའི་སྤྱི་ཚོགས་གོ་གནས་མཐོར་འདེགས་བྱེད་ཐབས་ལ་འབད་པ་དྲག་པོ་བྱས་ནས་བཞུགས་པ་ཡིན་ཏེ། ཁོང་གིས་ཆབ་སྲིད་ཀྱི་མདུན་ས་ཆུང་བ་རབ་བྱུང་པར་ཕུལ་ལ། “རྗེའི་ལ་ཐོད་ཕུད་ཅིང་རབ་ཏུ་བྱུང་པའི་གདན་དུ་འདིང་། རབ་ཏུ་བྱུང་མ་ཐག་གཅིག་གིའང་ཞབས་སྤྱི་བོར་ལེན། གོས་སེར་པོའི་ལྷན་པ་སྐྱེ་བོའི་ལུས་ལ་འདུག་པ་མཐོང་ཀྱང་དེ་ལ་རྒྱལ་པོ་ཕྱག་མཛད། ཞང་བློན་གང་གིས་རྟེན་ཕུལ་ནས། སྔུན་ཕྱག་ཉི་ཤུ་རྩ་གཅིག་ཕུལ་ཀྱང་ཕྱག་ལན་མི་གནང་། བོད་ཡོངས་རྗེའི་གསང་བཅའ་བསྡུས་ཏེ། བླའི་དགེ་འདུན་ལ་འཚོ་བར་ཕུལ། རབ་བྱུང་རེ་རེ་ལ་ཡང་འབངས་ཁྱིམ་བདུན་བདུན་ལྷ་རིས་སུ་ཆད་ཕུལ་ནས་ཟས་དང་ན་བཟའ་སྦྱོར། རབ་བྱུང་གི་གོས་ལྷན་པ་ཅན་གཟིགས་ན་དྲིས་ནས་དེའི་ལྷ་རིས་བཀའ་དྲག་ཏུ་གསོལ”བར་མ་ཟད། སྐྱ་བློན་དག་གིས་ཆོས་ལ་དེ་འདྲར་བཀུར་བསྟི་མི་བྱེད་པར་ཞུས་ན་དེ་ལས་ལྡོག་སྟེ་ལྷག་ཏུ་བཀུར་གཟོ་ཚད་མེད་ཀྱིས་བཙུན་པ་ལ་མིག་ཟུར་གྱིས་བལྟས་ན་མིག་འབྲུ་བ་དང་། མཛུབ་མོས་སྐྱོན་འཛུགས་བྱས་ན་མཛུབ་མོ་གཅོད་པ། རང་ཅག་རྣམས་འདི་འདྲར་གུ་དོག་པ་དེས་ལན་ཞེས་པའི་བརྡར་རབ་བྱུང་པའི་སྟེང་མཆུ་གཡོས་ན་དེའི་མཆུ་ཏོ་འབྲེག་པ་སོགས་བླ་མ་སེར་མོ་བླ་ལྷག་ཏུ་བཀུར་དགོས་པའི་ལུགས་སྲོལ་ཞིག་ཆགས་པར་བྱས་པས། གྲྭ་བཙུན་དག་གི་དབང་ཤུགས་ཇེ་ཆེར་སོང་ནས་ཆོས་བྱེད་སྐྱེས་བུ་ཁ་ཤས་ལ་ས་ཞིང་དང་འབྲོག་ར། འབངས་མི་སོགས་ཀྱང་མངའ་བར་གྱུར་ཅིང་། ཐ་ན་“ཐང་རྒྱལ་ཁབ་ཏུ་མངགས་པའི་ཕོ་ཉ་བའི་ཁྲོད་དུ་ཡང་རབ་བྱུང་བཙུན་པ་ཡོད་པ”ལྟ་བུར་ཆོས་བྱེད་མི་སྣའི་སྤྱི་ཚོགས་གོ་གནས་ཧ་ཅང་མཐོ་བར་གྱུར་ལ། ཆོས་བྱེད་མི་སྣའི་སྤྱི་ཚོགས་གོ་གནས་མཐོ་དྲགས་པས། ཆག་འཇིག་གི་ས་བོན་ཡང་ཀུན་ནས་རྒྱས་པར་གྱུར་ཏེ།

1.ཆོས་བྱེད་མི་སྣའི་སྤྱི་ཚོགས་གོ་གནས་མཐོ་དྲགས་པས། འབངས་མི་མང་ཤོས་ཤིག་གིས་ཆོས་ལ་དད་པས་མ་ཡིན་ཀྱང་། རང་ཉིད་ཀྱི་ལྟོ་གོས་དབང་ཐང་དང་ལུས་སྲོག་ལ་འཚེ་བ་མི་འབྱུང་བའི་ཆེད་རབ་ཏུ་བྱུང་བས། སུམ་གཉིས་ས་ལ་སྤྱོད་པའི་བོད་ཀྱི་མངའ་ཁོངས་སྲུང་བའི་དམག་མི་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་འགོ་ཚུགས་ཤིང་། གྲྭ་གྲངས་ཇེ་མང་དུ་འགྲོ་འགོ་ཚུགས་པ་མ་ཟད། གྲངས་འབོར་དེ་ཙམ་མང་བའི་གྲྭ་བཙུན་དང་དེ་དག་ལ་དབང་བའི་ལྷ་འབངས་བཅས་པར་དམག་ཁྲལ་སོགས་ཁྲལ་རིགས་གང་ཡང་བསྡུ་རྒྱུ་མེད་པས་དཔལ་འབྱོར་ཐད་ལའང་དཀའ་ངལ་འཕྲད།

2.ཆོས་བྱེད་མི་སྣའི་སྤྱི་ཚོགས་གོ་གནས་མཐོ་དྲགས་པས་སྐྱ་བློན་དག་གི་སྤྱི་ཚོགས་གོ་བབ་དང་ཁེ་ཕན་ལ་གནོད་པ་ཐེབས་ནས་མི་དགའ་བར་ཡོད་པ་ལ། བན་ཆེན་པོ་བྲན་ཀ་དཔལ་ཡོན་བཙན་པོ་གཉིས་པ་ལྟ་བུར་གྱུར་ཏེ་བློན་པོ་གཞན་དག་གིས་ཁོའི་བཀའ་བཀོད་ཅི་བྱས་བཞིན་བསྒྲུབ་དགོས་པའང་བྱུང་བས། སྐྱ་བློན་མང་པོ་སེམས་ལྷག་ཏུ་མི་དགའ་བར་གྱུར་ཅིང་། ལྷག་དོན་བྲན་ཀ་དཔལ་ཡོན་དང་དབའས་རྒྱལ་ཏོ་རེ་སྟག་སྙ་གཉིས་བར་སྔ་མོ་ནས་འཁོན་སེམས་ཡོད་པ་ལ། འགལ་བ་དེའི་བརྒྱུད་རིམ་ཁྲོད་ཁོ་གཉིས་ཀྱི་འགལ་བ་ཇེ་ཆེར་སོང་ཞིང་། དབའས་རྒྱལ་ཏོ་རེ་སྟག་སྙས་སྣེ་དྲངས་ཏེ་ཆོས་བྱེད་མི་སྣར་རྒོལ་བའི་དོན་དེ་ཚབས་ཆེན་དུ་གྱུར་ནས་རྒྱལ་བློན་བར་དང་སེར་སྐྱ་བློན་རིགས་བར་ཁྱོད་ཤི་ང་གསོན་གྱི་དོན་རྐྱེན་བྱུང་སྟེ། “ཆོས་ཁྲིམས་ཤིན་ཏུ་དམ་པས་བློན་པོ་སྡིག་ལ་དགའ་བ་རྣམས་སྐྱོ་སྟེ་”སྔོན་ལ་ལྷ་སྲས་གཙང་མ་མོན་ཡུལ་དུ་སྤྱུག་པར་བྱས་པ་དང་། དེ་ནས་སྙན་ཕྲ་ཞུས་ཏེ་བྲན་ཀ་དཔལ་ཡོན་ལ་བཀྱོན་ཕབ་པར་བྱས་ཤིང་། བཙུན་མོ་ངང་ཚུལ་མ་རང་ལྕེབས་བརྒྱབ་ནས་ལྟོའི་སྲས་ཀྱང་འཆི་བར་བྱས་ལ། ཆོས་ལ་དགའ་བའི་བློན་ཆེན་པོ་འབྲོ་ཁྲི་སུམ་རྗེ་ཡང་བཀྲོངས་མཐར། བཙན་པོ་རང་ཡང་རྒུན་ཆང་གསོལ་ནས་གཟིམ་སྐབས་བཀྲོངས་ཏེ། མཐོ་བ་བཙན་པོ་སྟངས་དཔྱལ་དང་། བློན་པོ་ཡོངས་ཀྱི་རྩེ་མའམ་དང་པོ་བན་བློན་བྲན་ཀ་དཔལ་ཡོན་དང་སྐྱ་བློན་འབྲོ་ཁྲི་སུམ་རྗེ་གཉིས་དམིགས་ཡུལ་ཡོད་པ་དང་གོ་རིམ་ཡོད་པར་བཀྲོངས་ཤིང་། ལྷ་སྲས་གཙང་མ་ཡང་གཞན་དུ་སྤྱུགས་པ་དེ་ནི། བཙན་པོའི་རྒྱལ་རབས་རིང་བློན་ཆེན་པོའི་གོ་གནས་མི་རབས་མང་པོར་བཟུང་བའི་སྐྱ་བློན་དབང་ཆེན་དབའས་རྒྱལ་ཏོ་རེ་སྟག་སྙས་མཚོན་པའི་དབའས་རྒྱུད་ཀྱིས་གྲོས་འགོ་བཏོན་ཞིང་སྒྲུབ་འགོ་བརྩམས་པ་ཞིག་ཡིན་འདུག་མོད། ཆོས་བྱེད་མི་སྣའི་རྒྱབ་རྟེན་དུ་གྱུར་པའི་རྒྱལ་བློན་རྣམས་དགྲོང་རྒྱུའི་གྲོས་བསྡུར་དང་དེའི་བགྱི་བ་དང་ལེན་བྱེད་དུས་ཀྱི་གོ་རིམ་ནང་། ཅོག་རོ་ལྷ་ལོད་དང་ལེགས་སྡུག་བཙན་བཅས་རུས་རྒྱུད་གཞན་དག་གི་མི་ཡང་ཞུགས་ཡོད་ཅིང་། ཆོས་ལ་དད་པའི་འགོས་རྒྱུད་ཀྱི་བློན་པོས་ཀྱང་བྲན་ཀ་བཀྲོངས་རྟིང་ལ་དབའས་སྟག་སྙར་བྲན་ཀས་འཆི་ཁར་ཅི་ཟེར་སོགས་བྲིས་ནས་སྐད་ཆ་དེས་ཁོ་མ་ཉེས་པའི་རྟགས་འདུག་སོགས་བཤད་པ་ཙམ་ལས། དབའས་སྟག་སྙར་སྤྱོ་སྡིགས་ཅི་ཡང་བྱས་མེད་པ་དེས། འགོས་རྒྱུད་ཀྱིས་ཀྱང་ཆོས་བློན་དབང་ཆེན་ལ་འཐབ་པའི་གོ་རིམ་ཁྲོད་འགོག་རྒོལ་མ་བྱས་པ་མཚོན་ཞིང་། དེས་སྐབས་དེའི་སྐྱ་བློན་ཕལ་མོ་ཆེའི་བསམ་འདུན་ཡང་མཚོན་ཡོད་སྙམ་སྟེ། དེ་ལྟ་མིན་ན། ལྷ་སྲས་གཙང་མ་ཡུལ་དབུས་སུ་བཞུགས་ན་རྒྱལ་ཁྲིམས་ཉམས་པར་འགྱུར་ཞེས་རྒྱལ་ཁྲིམས་ལ་བསྙད་ནས་སྤྱུག་པར་ཞུས་དུས། བཙན་པོས་ཀྱང་དེར་བརྟེན་ནས་མྱུར་དུ་སྤྱུག་དགོས་མེད་ཅིང་། བཙན་པོ་ཁྲི་རལ་བཀྲོངས་རྟིང་ལ་དབའས་ཀྱིས་ད་དུང་བཙན་པོ་འུ་དུམ་བཙན་གྱི་བློན་ཆེན་པོའི་གོ་གནས་ཡུན་རིང་དུ་འཁུར་ག་ལ་ནུས་ཏེ། ཆོས་སྲིད་ནང་འགལ་གྱིས་རྒྱལ་སྲིད་ཉམས་པར་དོགས་ནས་སྐྱ་བློན་མང་པོ་དབའས་རྒྱལ་ཏོ་རེ་སྟག་སྙས་མགོ་དྲངས་པའི་གྱེན་ལྡོག་དུས་འགྱུར་ནང་ཞུགས་པའམ། དེ་ལ་མོས་མཐུན་བྱས་པ་ཡིན་ཏེ། རྒྱལ་མཚམས་དང་རྒྱལ་འབངས་ཀྱི་དབྱེ་བར་ངེས་མེད་འགྱུར་ལྡོག་ཆེ་བའི་དུས་སྐབས་དེ་དག་ཏུ། རྒྱལ་ཁག་ཅིག་གི་རྒྱལ་པོའི་ངོས་ནས་ནང་ཆོས་དར་སྤེལ་དང་ཆོས་བྱེད་མི་སྣའི་སྤྱི་ཚོགས་གོ་གནས་མཐོར་འདེགས་ལ་འབད་ཐལ་དྲགས་ནས་སྲིད་དོན་ཡལ་བར་བོར་བ་དེས། ཕྱི་ཡི་དམག་དོན་མཐའ་སྲུང་དང་ནང་གི་དཔལ་འབྱོར་འཚོ་ཚིས། རྒྱལ་བློན་བར་གྱི་འཆམ་མཐུན་སོགས་ཕྱོགས་མང་པོར་འགལ་བ་བཟོས་ཏེ་རྒྱལ་བློན་བར་དང་སེར་སྐྱ་བློན་རིགས་དྲག་ཆེའི་བར་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཛ་དྲག་བསླངས་པ་རེད།

དེ་བས།  “དེ་ནས་བོད་འབངས་ཡོངས་ཀྱི་བསོད་ནམས་ནི། །སྣུམ་ཟད་མར་མེ་ལྟ་བུར་ཡལ་ལ་ཐུག །རྗེ་ཡི་མངའ་ཐང་དགུན་ཁའི་ཆུ་བཞིན་བྲི། །ཚུལ་ཁྲིམས་སོག་རུལ་ཕོན་ཐག་བཞིན་དུ་ཞིག །ཆབ་སྲིད་ཕན་བདེ་ནམ་མཁའི་འཇའ་བཞིན་ཡལ། །ནག་ཕྱོགས་སྤྱོད་པ་དཔྱིད་ཀྱི་རླུང་བཞིན་ལངས། །”ཞེས་པའི་སྐབས་བྱུང་ངོ་།།

གཉིས། ཁྲི་དར་མས་བསྟན་པ་བསྣུབས་པའི་དགོངས་གཞི་དང་དགོས་པ།

སྤྱི་ཚོགས་ཀྱི་གནས་བབ་དེ་འདྲའི་འོག་བོད་བཙན་པོའི་སྲིད་ཁྲིར་བཞུགས་པའི་དར་མ་འུ་དུམ་བཙན་ལ་མཚོན་ན། འགལ་ཟླ་སྣ་ཚོགས་གཙང་སེལ་གྱིས་《བསྔོ་ཡིག》ཏུ་བསྔོས་པ་བཞིན་ནང་ཆོས་ཉི་ཟླ་མ་ནུབ་ཀྱི་བར་དུ་མི་ནུབ་པ་དང་ཕྱོགས་སོ་སོའི་རྒྱལ་པོ་ཐམས་ཅད་ཀྱང་བཀའ་འོག་ཏུ་འདུས་པ་ལ་སོགས་པའི་དགོངས་བཞེད་རླབས་ཆེན་དེ་དག་མངོན་འགྱུར་བྱེད་པ་ལ། ཐོག་མར་བག་ཆགས་ཤིག་གམ་གོམས་རིམ་ཞིག་གིས་བསྐུལ་ཏེ་ཡབ་དང་གཅེན་པོའི་ཕྱག་སྲོལ་བཞིན་ནང་ཆོས་ལ་བཀུར་བསྟི་དང་རྒྱབ་སྐྱོར་ཙམ་མ་ཟད། འབྲི་ཡི་གཙུག་ལག་ཁང་དང་སྤ་གྲོ་སྟག་ཕུག་གི་ལྷ་ཁང་སོགས་བཞེངས་ནས་ལོ་ངོ་ཧྲིལ་པོ་གཉིས་རིང(སྤྱི་ལོ838ནས840ལོའི་བར)སྲིད་བསྐྱངས་མོད། སྐབས་དེར་བོད་དུ་སྔར་བྱུང་མ་མྱོང་བའི་སད་དང་སེར་བ། ཐན་པ། མུ་གེ ནད་ཡམས་སོགས་རང་བྱུང་གི་གནོད་འཚེ་བསྟུད་མར་བྱུང་བས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་གནོད་སྐྱོན་ཚབས་ཆེན་ཐེབས་ཤིང་། དེ་དང་བསྟུན་ནས། ཆོས་ལ་སྡང་བའི་བློན་པོ་སྦས་ཅོག་ལེགས་སོགས་ཀྱིས་དེ་དག་ཐམས་ཅད་ཆོས་བྱས་པས་ལན་པ་ཡིན་ཚུལ་གྱི་གླེང་བརྗོད་གང་སར་བསྒྲགས་ནས་མི་དམངས་མང་ཚོགས་ཀྱི་ཆོས་དད་འདོད་མོས་བཟློགས་པ་དང་། ཆོས་ལ་མི་དགའ་བའི་བློན་པོ་དབའས་རྒྱལ་ཏོ་རེ་སྟག་སྙ་དང་སྣ་ནམ་རྒྱལ་ཚ་ཁྲི་གསུམ་སོགས་དབང་ཤུགས་ཆེ་དྲགས་པས། འགལ་བ་སྣ་ཚོགས་སྔར་ལས་རྙོག་འཛིང་ཅན་དུ་གྱུར་ལ། ཁྱད་པར་དུ་བཙན་པོ་རལ་པ་ཅན་གྱི་སྐུ་ཚེའི་སྟོད་ལ་དབོན་ཞང་དབུ་སྙུང་རྡོ་རིང་བསླངས་ནས་བོད་རྒྱ་གཉིས་ཚེ་ཚེ་རབས་རབས་སུ་ཞི་མཐུན་ཡོང་བར་མནའ་བསྐྱལ་དམ་བཅའ་བྱས་ཡོད་ཀྱང་། བོད་ཉེན་ལ་འཇིགས་ཏེ་ཐང་གིས་སྤྱི་ལོ830ལོ་ནས་བཟུང་རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་ས་ཆ་དག་ཕྱིར་འཕྲོག་རྩིས་དང་ཐད་ཀར་བོད་བཙན་པོའི་རྒྱལ་སར་དམག་ལྷགས་ནས་སྔོན་གྱི་ངོ་ཚ་གཙང་སེལ་བྱ་རྒྱུ་སོགས་ཀྱི་གྲོས་ཁ་བསྡུར་བ་དང་། མཐའ་མཚམས་ས་ཁུལ་དུ་བོད་འགོག་དམག་དོན་རྟེན་གཞི་མང་དུ་བཙུགས་པ། དེང་གི་སི་ཁྲོན་ལི་རྫོང་(理县)དུ་ཡོད་པའི་བོད་ཀྱི་ཤར་ལྷོའི་བཙན་འགག་ཝི་ཀྲོའུ(维州)སྲུང་མཁན་ཞི་ཏ་མོའུ་ཡིས་ཐང་ལ་མགོ་བཏགས་པ་ཡུལ་དེ་རྒྱུད་ཀྱི་ཐང་གུར་དམག་དཔོན་གྱིས་དང་ལེན་མཛད་པ། དེ་སྔོན་སྤྱི་ལོ822ལོར་ཐང་གི་མཇལ་འདུམ་དཔོན་ལིའུ་ཡོན་ཏིན་བོད་དུ་ཡོང་སྐབས་རྨ་ཙོང་ཆུ་བོའི་རྒྱུད་ཀྱི་བོད་གཏོགས་རྒྱ་མི་མང་པོས་བོད་རྒོལ་རྒྱ་དྲན་གྱི་བསམ་འདུན་ངུ་བཞིན་དུ་བརྗོད་པ། བྱང་གི་ཡུ་གུར་པའི་རྒྱལ་རབས་དེ་དེའི་འདབས་འབྲེལ་གྱི་ཞ་ཅཱ་སི་པས་རྒོལ་ཏེ་གཏོར་བ་དང་། དེར་བརྟེན་ནས་ཡུ་གུར་པ་ཁག་ཅིག་བཙན་པོ་ཁོང་ལ་སྐྱབས་བཅོལ་དུ་ཡོང་བ་ཁོས་དེང་གི་ཀན་སུའུ་ཀྲང་ཡའེ་རུ་འབོད་པའི་ཀན་ཀྲིག་སོགས་སུ་བཀོད་སྒྲིག་བྱས་ནའང་། ཁག་ཅིག་གིས་སྐྱབས་མ་བཅོལ་བར་བཙན་པོའི་རྒྱལ་རབས་ཀྱིས་བདག་པོ་རྒྱག་པའི་བོད་བྱང་རྒྱབ་ཀྱི་ཨན་ཞིའམ། གུ་ཟན་ཡུལ་དུ་གནས་གཞི་བཟུང་བ། ནུབ་ཕྱོགས་ཀྱི་ཏ་ཟིག་པས་ཤར་ཕྱོགས་སུ་དབང་ཤུགས་སྐྱེད་བཞིན་ཡོད་པ། ཤར་གྱི་འཇང་རྒྱལ་ཕྲན་ཡང་སྤྱི་ལོ་794ལོ་ནས་བཟུང་བོད་ལ་ངོ་ལོག་ཅིང་སྟོབས་ཤུགས་རྒྱ་ཆེར་རྒྱས་བཞིན་ཡོད་པ་སོགས་ཀྱིས་“ཐུགས་སུ་གདོན་གསོལ”ཏེ། རྒྱལ་སྲིད་ཆོས་ལ་ཤོར་དོགས་ཀྱི་ཉེན་སྣང་སྐྱེས་པ་དང་། ནང་སྒོས་སུ་ཐང་གུར་གྱིས་འཇིགས་ཉེན་བསྐྱེད་ངེས་ཡིན་པའི་དོགས་སྣང་བྱུང་སྟེ། དེའི་ཚུལ་“ཆོས་ཇི་ལྟར་བསྣུབས་ན། རྒྱ་ནག་པོས་བོད་ཀྱི་རིག་པ་ཐམས་ཅད་ཐུབ་པ་ལ། ཆོས་ཀྱི་རིག་པ་དང་རྒྱལ་པོའི་བསོད་ནམས་མ་ཐུབ་ནས། ལོ་གཅིག་ཏུ་གབ་རྩེ་ཐམས་ཅད་བཀྲམ། ཇུ་ཞག་བརྩིས་པས་ཐབས་རྙེད་དེ། བོད་ཀྱི་རྒྱལ་པོ་དང་བཙུན་མོ། བློན་པོ་གསུམ་ལ་ལྟ་ལོག་དང་སྤྱད་ལོག་གྱིམ་ཤིང་བྱས་ཏེ། འདབ་ནོར་དང་དཔྱ་སྐྱེས་ཀྱི་ཐུམ་བུ་གསུམ་བྱས་ཏེ་(བསྐུར་རོ)། ཁོང་གསུམ་གྱི་ཕྱག་ཏུ་རེ་རེ་བཞག་སྐད་དོ།། དེར་གནམ་ཐེ་དཀར་པོ། བར་ཐེ་ཁྲ་བོ། ས་ཐེ་ནག་པོ་གསུམ་ཞུགས་ནས། དེར་ཐུགས་སུ་གདོན་གསོལ།” ཞེས་དང་། “རྒྱ་མོ་ཀོང་ཅོང་བྱ་བའི་གནོད་སྦྱིན་མོ་གཅིག་གིས། གནོད་སྦྱིན་གྱི་ལྷ་ཤཱཀྱ་མུ་ནི(ནེ)ཟེར་བ་བཀྲ་མ་ཤིས་གཅིག་སྤྱན་དྲངས་ནས།”ཞེས་བསྟན་པ་སྣུབ་པའི་ཐོག་མར་རྒྱ་བཟས་སྤྱན་དྲངས་པའི་ཇོ་སྐུར་ངན་སྨྲས་དང་གནོད་པ་བྱས་པ། “མོ་ས་སྤྱད་ལ་མཁས་པས་ས་སྤྱད་བྱས་ཏེ། ལྕགས་ཀ་རི་སེང་གེ་དཀར་མོ་གནམ་དུ་འཕྱོང་(མཆོང་)བ་འདྲ་བ་ལ་སྒལ་ཚིག་ཉི་ཤུ་རྩ་གཅིག་ལ་མཆོད་རྟེན་ཉི་ཤུ་རྩ་གཅིག་གི་མེ་རྩ་(བཙའ)བཞག སྤྱི་བོར་མཆོད་རྟེན་ནག་པོ་ཁྲི་འཕང་དགུ་པས་མནན་ལྟག་ཁུང་དུ་ལྷ་ཁང་བྱས་ནས་སྟོད་ལ་མནན། དེ་མ་མནན་ན་རྒྱ་གར་འབངས་སུ་འདུ་བ་ཡིན། དམར་ཕོ་(པོ)རི་སྟག་བྱི་(བྱེ)ཁུང་དུ་འཛུལ་བ་འདྲ་བའི་སྣ་ལ་ཤིང་སྣ་ལའི་ཕུར་པ་བཏབ། དེ་མ་བཏབ་ན་རྒྱ་ནག་མངར་འདུས་པ་ཡིན། ཡར་ལུང་མེ་སྣའི་གདོང་ལ་རི་འབྲས་ཀྱི་ལྗང་པ་འདྲ་བ་ཡོད་པ་དེ་སྐད་(སྐེད)པར་བཅད། དེ་མ་བཅད་ན་བོད་དུ་མུ་གེ་མི་འོང་བ་ཡིན། མྱང་རོ་ན་རི་སྟག་དང་སེང་གེ་འཐབ་པ་འདྲ་བ་ཡོད་དེའི་བར་བཅད། དེ་མ་བཅད་ན་བོད་ལ་དཔའ་འོ་(བོ)རྒྱུན་མ་ཆད་པར་འོང་བ་ཡིན། རི་སྟག་སེང་གཉིས་ཀྱི་མཇུག་མ་བསྣོལ་བ་ཡོད་པ་དེ་བཅད་ནས། བར་དུ་རཏྣའི་མཆོད་རྟེན་གྱིས་མནན། དེ་མ་བཅད་ན་བཙན་པོ་འཕྲུལ་དང་བློན་པོ་རིག་པ་ཅན་རྒྱུན་མ་ཆད་པ་འོང་བ་ཡིན། ……བོད་འབངས་ཐམས་ཅད་རབ་ཏུ་ཕྱུང་། བུད་མེད་དཀག་ནག་(ནས)ཆོས་བྱེད་དོ་ཟེར་ནས་རབས་བཅད་ནས། བོད་ཀྱི་ཆབ་སྲིད་ཕ་མིང་ལ་གཏད་འདོད་པ་ཡིན།”ཞེས་གྱིམ་ཤིང་ཀོང་ཇོར་ནན་གྱིས་སྤྱོས་པས་མཚོན་ཏེ། མདོར་ན། སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དེའི་དབང་གིས་བོད་ཀྱི་མི་འབོར་དང་ཆབ་སྲིད། དཔལ་འབྱོར། དམག་དོན་སོགས་ཕྱོགས་ཡོངས་ནས་སོར་ཆུད་དང་འཕེལ་རྒྱས་གཏོང་འདོད་ཡོད་པ་ལ། “རྒྱལ་སྲིད་ཆོས་ལ་ཤོར་གྱིས་དོགས་ནས་རྗེ་མིས་ཆོས་སྤངས”པ་ཡིན་ཏེ། རེ་ཞིག་འདུལ་བའི་བསྟན་པ་མི་སྣུབ་ཀ་མེད་བྱུང་བ་ཡིན་སྙམ།

འོན་ཀྱང་དཔྱད་པར་བྱ་བ་ཞིག་ལ། དེ་ལྟར་རེ་ཞིག་བསྟན་པ་བསྣུབས་ནས་སྲིད་དོན་གྱི་དགོངས་བཞེད་བླ་མེད་དེ་གྲུབ་རྗེས་ཡང་བསྐྱར་བསྟན་པ་གསོ་རྒྱུའི་ཐུགས་དགོངས་ཤིག་ཀྱང་ཡོད་སྙམ། དེའི་ཤེས་བྱེད་ལ་རང་རེའི་ཡིག་ཚང་ཚད་ལྡན་འགར་བཙན་པོས་“ཡང་ན་ལོ་གསུམ་གྱིས་གསོད་པ་སྔས། ཡང་ན་ལོ་གསུམ་གྱིས་གསོད་པ་འཕྱིས།” ཞེས་སྨྲེ་ངག་འདོན་བཞིན་ཕྱག་གཉིས་ཀྱིས་མདའ་ལ་འཇུས་ནས་གྲོངས་པར་བཤད་པ་ལྟར། དེ་ཡང་ལོ་གསུམ་གྱི་སྔོན་ལ་དགྲོང་ན་ཁོང་བཙན་པོའི་ཁྲི་ལ་བཞུགས་མེད་པས་བསྟན་པ་བསྣུབས་མི་སྲིད་པ་དང་། ཡང་ལོ་གསུམ་གྱི་རྗེས་སུ་དགྲོང་ན་སྲིད་སྐྱོང་ལམ་ལུགས་ལ་དག་ཐེར་བཅོས་བསྒྱུར་གྱིས་ཆོས་ལུགས་སླར་གསོ་བྱས་ཆོག་མོད། སྡིག་པའི་ཕུང་བོ་རི་རབ་ཙམ་ལས་བྱས་འབྲས་ཅི་ཡང་མེད་པའི་སྔ་མིན་འཕྱི་མིན་གྱི་དུས་སྐབས་སུ་བཀྲོངས་པས། བོད་ཆེན་པོའི་བདེ་སྡུག་ལ་བསམ་པའི་ཕངས་སེམས་དང་ལས་ངན་ཚབས་ཆེན་བསགས་པའི་འགྱོད་གདུང་གཉིས་འདྲེས་ཀྱི་ངང་དེ་ལྟ་བུའི་སྨྲེ་ངག་འདོན་བཞིན་གྲོངས་པ་ལགས་ཏེ། དེ་སྔོན་བོད་ལ་བོན་ཆོས་དར་ནས་ལོ་ངོ་སྟོང་ཕྲག་དུ་མ་འདས་ཤིང་། དེ་བོད་མིའི་སེམས་ཁམས་ཀྱི་སྲོག་རྩ་ལྟ་བུར་གྱུར་འདུག་ཀྱང་། དམིགས་བསལ་གྱི་ཁྱད་དབང་མངའ་བའི་རྒྱལ་བློན་རིམ་བྱུང་གི་དམིགས་བསལ་གྱི་རྒྱབ་སྐྱོར་དང་། ནང་བསྟན་རང་ཉིད་ལ་མངའ་བའི་མིང་དོན་གཉིས་མཚུངས་ཀྱི་“དམ་པའི་ཆོས”ཀྱི་ཁྱད་ནུས་ལ་བརྟེན་ནས། ཁྲི་སྲོང་ལྡེ་བཙན་ནས་ཁོང་གི་ཚ་བོ་དར་མའི་བར་གྱི་དུས་ཡུན་ཐུང་ངུ་དེ་འདྲའི་ནང་ལ་ནང་ཆོས་བོད་དུ་དེ་ལྟར་རྒྱ་ཆེར་དར་བ་ཡིན་པས། སྲིད་དོན་གྱི་དགོངས་བཞེད་བླ་མེད་དེ་གྲུབ་རྗེས་བསྟན་པ་ཡང་བསྐྱར་གསོས་ན་གསོ་ཐུབ་ངེས་མ་ཡིན་ནམ། དེ་མཚུངས་ཉེ་བའི་དུས་ལའང་། 1958ལོའི་“ཆོས་ལུགས་བཅོས་བསྒྱུར”ནས་“རིག་གནས་གསར་བརྗེ་ཆེན་མོ”བརྒྱུད་པའི་1979ལོའི་བར་གྱི་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་ནང་ཆོས་ལ་ཆག་འཇིག་ཇི་འདྲ་ཐེབས་རུང་། སྤྱི་ལོ་1979ལོར་ཆོས་ཀྱི་སྒོ་མོ་ཡང་བསྐྱར་ཕྱེས་པས་ཡང་དར་བསྟན་པའི་རྣམ་པ་བཟང་པོ་འདི་འདྲ་ཆགས་པ་ལགས་ཏེ། རྒྱལ་ཁབ་ཅིག་ལ་གཅིག་གྱུར་གྱི་སྲིད་སྐྱོང་ལམ་ལུགས་ནི་མེད་དུ་མི་རུང་ཞིང་། ཡང་དག་གཅིག་གྱུར་གྱི་སྲིད་ཁྲིམས་དེའི་ཁག་ཐེག་དང་རྒྱབ་སྐྱོར་གྱི་འོག་ཏུ་ད་གཟོད་སྤྱི་ཚོགས་ཀྱི་ལས་རིགས་སྣ་ཚོགས་གང་ཕན་གང་བཟང་གིས་བསྒྲུབ་ཆོག་པ་ལས། དེ་ལྟ་བུའི་སྲིད་ཁྲིམས་ཀྱི་འགན་ནུས་དང་བྲལ་ཚེ་ནང་ཆོས་ལ་ཁྱད་ནུས་ཇི་འདྲ་ཡོད་རུང་ཡུན་རིང་དུ་དར་ཞིང་རྒྱས་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་པས། རྒྱལ་སྲིད་ཆོས་ལ་ཤོར་དོགས་ནས་མགོ་ནག་བོད་པའི་གཏན་བདེའི་ཆེད་དུ་རེ་ཞིག་ཆོས་སྤོང་གི་ལས་ལ་ཞུགས་པར་འདོད།

འོ་ན། བསྟན་པ་བསྣུབས་དུས་ཁྲི་དར་མས་རྒྱལ་སྲིད་བསྐྱངས་ནས་ལོ་གསུམ་སོང་བ་སོགས་གང་གིས་ཤེས་ཞེ་ན། དེ་ཡང་བཙན་པོ་ཁྲི་རལ་བ་ཅན་དང་ཁྲི་དར་མ་གཉིས་ཀྱི་འཁྲུངས་ལོའི་ཐད་བཞེད་པ་མི་མཐུན་པ་ཇི་བཞིན་ཁོང་གཉིས་ཁྲི་ལ་བཞུགས་པའི་ལོ་དང་སྐུ་གཤེགས་པའི་ལོ་ཚིགས་ཐད་ལའང་རང་རེའི་ཡིག་ཚང་ཀུན་གཅིག་མཐུན་མིན་མོད། དབོན་ཞང་དབུ་སྙུང་རྡོ་རིང་གི་ཡི་གེ་ལས། བོད་ཆེན་པོའི་ལོའི་མྱིང་ནྀ་སྐྱིད་རྟག་ལོ་བདུན།། རྒྱ་ཆེན་པོའི་ལོའི་མྱིང་ནྀ།། ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་གྀ་ལོའི་དགུན་སླ་ར་བ་ཚེས་བཅུ་ལ། ཞེས་བཀོད་འདུག་པས། ཁྲི་རལ་བ་ཅན་གྱི་སྐྱིད་རྟག་ལོ་བདུན་པ་ནི་སྤྱི་ལོ་821ལོ་ཡིན་ལ། སྐྱིད་རྟག་ལོ་དང་པོའམ་ཁོང་ཁྲིར་བཞུགས་ཀྱི་ལོ་ནི་ཤིང་མོ་ལུག་སྤྱི་ལོ་815ཡིན་པ་དོན་གྱིས་གྲུབ། ཡང་《ཐང་ཡིག་རྙིང་མ》ལས། ཧོས་ཁྲང་(会昌)ཁྲི་ལོ་གཉིས་པར་བཙན་པོ་གཤེགས། ལོ་དེའི་ཟླ་བ་བཅུ་གཉིས་པར་བློན་བཙན་བཞེར་སོགས་གོང་མར་སྙན་སེང་ཞུ་བར་སླེབས། གོང་མས་(唐武宗李炎)ཅང་ཙོ་ཅན་གྱི་ཐབས་ཡོད་པ་ལི་ཅིན་(李璟)བྱ་བ་འདས་མཆོད་དུ་མངགས་ཞེས་སྤྱི་ལོ་842བོད་ཆུ་ཕོ་ཁྱིའི་ལོར་བཙན་པོ་གཤེགས་པ་ལས་བཙན་པོ་སུ་ཡིན་གྱི་གསལ་ཁ་མ་བཏོད་ཀྱང་། 《ཐང་ཡིག་གསར་མར》དེའི་འཕྲོར་ཆི་ལི་ཧུའུ་བཙན་པོར་བསྐོས་ཚུལ་བཀོད་པར་དཔགས་ན། སྤྱི་ལོ་842ལོར་གྲོངས་པའི་བཙན་པོ་དེ་དར་མ་ལས་འོས་མེད། དེའི་སྐོར་ཅུང་ཞིབ་ཚགས་ཆེ་བ་ལ་རྒྱའི་ཡིག་ཚང་《སྲིད་སྐྱོང་ཀུན་གསལ་མེ་ལོང་》(资治通鉴)ལས། ཁའེ་ཁྲིན་(开成)ལོ་གསུམ་པ་(སྤྱི་ལོ838ས་ཕོ་རྟའི་ལོ)ལ་སྐྱིད་རྟག་བཙན་པོ་འདས། གཅུང་དར་མ་ཁྲིར་འཁོད། ཞེས་དང་། ཧོས་ཁྲང་(会昌)ཁྲི་ལོ་གཉིས་པའི་(སྤྱི་ལོ་842བོད་ཆུ་ཕོ་ཁྱིའི་ལོར)ཟླ་བ་བཅུ་གཉིས་པར་བོད་ནས་བློན་བཙན་བཞེར་(论普热)མངགས་ནས་དར་མ་འདས་པའི་བརྡ་སྦྲན་ཞེས་འབྱུང་བས། དོན་དུ་ཁྲི་རལ་བ་ཅན་སྤྱི་ལོ་838(བོད་ས་ཕོ་རྟའི)ལོར་གྲོངས་ཤིང་ལོ་དེར་ཁྲི་དར་མ་ཁྲིར་བཀོད་པ་དང་། སྤྱི་ལོ་842ལོར་དར་མ་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་པ་བཅས་གསལ་པོར་ངེས་ཐུབ། དེ་ལ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དང་སྟག་ཚང་རྫོང་བའི་རྒྱ་བོད་ཡིག་ཚང་སོགས་སུ་ཁྲི་དར་མས་ལོ་ངོ་གཉིས་རིང་རྒྱལ་པོ་ཚུལ་བཞིན་མཛད་ཅིང་ལོ་གསུམ་པ་ནས་ཆོས་བསྣུབས་པར་བཤད་ལ། བསྟན་བསྣུབས་ཀྱི་ལོ་དེ་ཡང་ལྕགས་མོ་བྱའི་(སྤྱི་ལོ་841)ལོ་ཡིན་པར་ཡིག་ཚང་ཀུན་མཐུན་པས། འུ་དུམ་བཙན་ཁྲིར་བཞུགས་པ་(སྤྱི་ལོ་838)ནས་སྤྱི་ལོ་840(བོད་ལྕགས་ཕོ་སྤྲེལ)ལོའི་བར་ཏག་ཏག་ལོ་ངོ་ཧྲིལ་པོ་གཉིས་དང་། སྤྱི་ལོ་841(བོད་ལྕགས་མོ་བྱའི)ལོའི་བར་ལོ་ངོ་ཧྲིལ་པོ་གསུམ་སོང་འདུག་པས། “ཡང་ན་ལོ་གསུམ་གྱིས་གསོད་པ་འཕྱིས”ཞེས་པ་དང་ཀུན་ནས་འགྲིག

གསུམ་པ། ཁྲི་དར་མས་བསྟན་པ་བསྣུབས་པའི་ཚད་དང་གང་བསྣུབས་པ། དེའི་ཉེས་སྐྱོན་ལ་དཔྱད་པ།

དེ་ཡང་“སྔགས་ཀྱི་སྒྲུབ་གྲྭ་རྣམས་ནི་རི་སུལ་བྲག་ཕུག་སོགས་སུ་ཁོལ་བུར་གནས་པའི་ཕྱིར་དང་། གནུབས་ཆེན་ལ་གླང་དར་རང་གིས་ཁས་བླངས་པ་བཞིན་སྔགས་པ་སུ་ལའང་སྐྱོན་གཏན་ནས་མ་བྱུང”ཞེས་དང་། “དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག”ཅེས་པ་བཞིན། “རྒྱལ་ཁབ་དང་ཆབ་སྲིད་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་ཆེད་དུ་རྩ་བ་ཆབ་སྲིད་ལ་འབྲེལ་བའི་ཐོག་ནས་ཆོས་དང་ཐོན་སྐྱེད་ངལ་རྩོལ་ཟུང་འབྲེལ་བྱེད་པའི་ལམ་ལུགས་བཙུགས་ཤིང་། ཆོས་ལུགས་པའི་བྱེད་སྒོའི་རྣམ་པ་ལ་བསྒྱུར་བཅོས་བྱས་པ་ལས། ཆོས་ལུགས་ཀྱི་ངོ་བོ་བསྒྱུར་པའམ་བསྣུབས་པ་མིན”པར། “རབ་ཏུ་བྱུང་བ་ཀུན་ཕབ། བཙུན་པའི་རྟགས་འབོར་དུ་མ་འདོད་པ་ཀུན་མདའ་གཞུ་རྔ་གཤང་བསྐུར་ནས་རྔོན་པ་ལ་བཏང”བ་སྟེ། བོད་ཀྱི་མི་འབོར་དང་དཔལ་འབྱོར། དམག་དོན་སོགས་འཕེལ་བའི་རྒྱུར་བརྩམས་ནས་རེ་ཞིག་རབ་བྱུང་པ་ཕབ་ནས་འདུལ་བའི་བསྟན་པ་བསྣུབས་པ་མ་གཏོགས། ཐོན་སྐྱེད་ངལ་རྩོལ་དང་ཟུང་འབྲེལ་གྱི་ཆོས་སྒྲུབ་མཁན་ཏེ། སྔགས་པ་རྣམས་ལ་གནོད་པ་མ་བཏང་བས་སྔགས་ཀྱི་བསྟན་པ་ད་ལྟའི་བར་རྒྱུན་མ་ཆད་པ་ཡིན་ནོ།། འོན་ཀྱང་མེས་ཀྱི་རིང་ནས་དགེ་འདུན་གྱི་འཚོ་བ་བླ་ནས་སྦྱོར་བའི་སྲོལ་ཞིག་ཆགས་ཡོད་པས། དུས་ཡུན་ཐུང་ངུར་གནས་བབ་དེ་འདྲར་བཅོས་བསྒྱུར་བྱ་དགོས་ཚེ་ཁྲིམས་ཆད་བཙན་པོ་དབབ་རྒྱུ་ནི་མི་བྱེད་ཐབས་མེད་དུ་གྱུར་མོད། “མི་ཉན་པ་རྣམས་བསད་དོ”ཞེས་པ་བཞིན། བློན་ངན་དག་གིས་གོ་སྐབས་དེ་དང་བསྟུན་རབ་བྱུང་པ་མང་པོར་ཚད་མི་འདྲ་བའི་སྡིག་ལས་མནར་གཅོད་བཟོད་དཀའ་བ་བཏང་ནས་ལ་ལ་སྲོག་ཐོག་ཏུའང་བཏང་སྟེ། ཉེ་བའི་དུས་ཀྱང་རིག་གནས་གསར་བརྗེ་ཆེན་མོའི་རླུང་འཚུབ་ཁྲོད་དེ་འདྲའི་དོན་རྐྱེན་མང་དུ་བྱུང་འདུག

དེས་ན། ཁྲི་དར་མས་འདུལ་བའི་བསྟན་པ་བསྣུབས་པར་ཉེས་སྐྱོན་ཅི་ཡང་མེད་དམ་ཞེ་ན། མ་ཡིན་ཏེ། དེ་ཡང་ཆོས་དཔེ་ལ་ལ་ཆུར་བསྐྱུར། ལ་ལ་མེར་བསྲེགས། ལ་ལ་བྲག་ལ་སྦས་པ་མ་ཟད། གཙུག་ལག་ཁང་དུ་མ་བཤིག་ཅིང་མྱང་ཏིང་འཛིན་བཟང་པོ་སོགས་རབ་བྱུང་མཁས་དབང་མང་པོའང་བཀྲོངས་པ་དང་། རྒྱ་གར་ནས་པཎྚིཏ་འབྱོན་པའི་སྒོ་ཡང་བཅད་ནས་བསྟན་པ་བསྣུབས་པ་དེས་ནང་བསྟན་ཁོ་ན་ཙམ་མིན་པར། སྒྲ་རིག་པ་དང་ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྐར་རྩིས་སོགས་རིག་གནས་སྤྱིའི་སྒྲིག་གཞི་ལའང་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཤིང་། དེ་ལ་བརྟེན་ནས་དུས་དེང་སང་ཡང་ཚང་མས་བདུད་རྒྱལ་གྱི་དཔེ་རུ་འདྲེན་པའི་རྒྱུའང་གྲུབ་པ་ཡིན་ནོ།།

འོན་ཀྱང་མི་ལ་ལས་སློབ་དཔོན་ཐོན་མིས་སྒྲའི་བསྟན་བཅོས་ཆེན་མོ་བརྒྱད་བརྩམས་ཡོད་པ་ལས་སུམ་རྟགས་གཉིས་མ་གཏོགས་ད་ལྟ་མཇལ་དུ་མེད་པ་དང་དེ་དག་བར་གྱི་ཡན་ལག་བྱེ་བྲག་སོགས་ཀྱི་ཁྱད་ཀྱང་འབྱེད་དཀའ་བ། གནའ་རབས་ཡིག་ཚགས་མང་པོ་ལག་སོན་དཀའ་བ་སོགས་ཀྱང་རྒྱལ་པོ་གླང་དར་མས་བསྟན་པ་སྣུབ་སྐབས་བརླགས་པར་བཤད་ཀྱང་། དེ་ནི་ཤིན་ཏུ་དོགས་པ་ཟ་བའི་གནས་ཤིག་སྟེ། བསྟན་བསྣུབས་ཀྱི་དུས་ལ་ཆོས་དང་འདྲེས་པར་ཡིག་དངོས་གཞན་དག་ལའང་གནོད་པ་ཐེབས་ཡོད་སྲིད་ཀྱང་། སྒྲའི་བསྟན་བཅོས་དང་ལོ་རྒྱུས་ཀྱི་ཡིག་ཚགས་མེད་བརླགས་སུ་བཏང་བ་ཡིག་ཚང་རྙིང་པ་དག་ཏུ་མཐོང་དཀའ་ཞིང་། ཁྱད་པར་དུ་དུས་དེར་རབ་བྱུང་པ་ཕབ་པ་ལས་ཆོས་བྱེད་ཁྱིམ་པ་བར་གནོད་པ་མ་བཏང་བས་དཀོན་མཆོག་སྔགས་པའི་རྒྱུད་སྡེ་ལ་ཉམས་པ་མ་བྱུང་བ་དང་། གཙུག་ལག་ཁང་མང་པོའང་མི་མང་གིས་སྲུང་སྐྱོབ་ཀྱིས་གནོད་པ་མ་ཐེབས་ཕྱིར། སྒྲའི་བསྟན་བཅོས་དང་ལོ་རྒྱུས་ཡིག་ཚགས་སོགས་དེ་དག་གི་བར་གསེང་ནས་ཉམས་ཟེར་ན་ཆེས་ཡིད་རྟོན་དཀའ་ཞིང་། ལྷག་དོན་སྒྲའི་རྣམ་གཞག་ནི་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་རྩ་ཡིན་པས། ལོ་ངོ་གཅིག་ཙམ་གྱི་རིང་སུམ་རྟགས་གཉིས་མ་གཏོགས་ཤུལ་མེད་དུ་བརླགས་ཟེར་ན་ཤིན་ཏུ་དགོད་བྲོ་བ་ཞིག་གོ། འོ་ན་གང་གིས་ཉམས་ཤེ་ན། ཡུམ་བརྟན་འོད་སྲུང་གི་སྲིད་རྩོད་དང་ཁེང་ལོག་གི་ཡུན་རིང་བའི་འཁྲུག་རྩོད་དང་། བོད་ཀྱི་རིག་དངོས་མི་གསུམ་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པའི་སྟོད་སྨད་ཧོར་སོག་གི་བཙན་འཛུལ་ཁྲོད་འབྱུང་བཞིའི་མལ་དུ་གཟིམས་ལ། ཡང་ལ་ལ་ཞིག་མི་རིགས་གཞན་དག་གི་ལག་ཏུ་ཚུད་ནས་ང་ཚོའི་མཐོང་ཡུལ་དུ་མ་གྱུར་པ་ཡིན་སྙམ།

བཞི་པ། ཁྲི་དར་མ་བཀྲོངས་པ་དང་དེའི་ཉེས་སྐྱོན།

རྒྱལ་པོ་དར་མས་དེ་ལྟར་སྲིད་སྐྱོང་ལམ་ལུགས་ལ་བཅོས་བསྒྱུར་བྱ་འགོ་ཚུགས་པས་ལྷ་ལུང་དཔལ་རྡོར་སོགས་ཀྱིས་ཕྱི་ནང་ལག་འབྲེལ་གྱི་ངང་ལ་གཡོ་སྒྱུའི་ཕྱག་ལ་བརྟེན་པའི་མདའ་མོ་གཅིག་གིས་མི་ཚེའི་འདུ་བྱེད་སྟོངས་པར་བྱས་ཏེ། འོ་ན། ལྷ་ལུང་དཔལ་རྡོར་སོགས་ཀྱིས་རྒྱལ་པོ་བཀྲོངས་པ་དེར་སྐྱོན་ཡོན་ཅི་ཞིག་མཆིས་ཟེར་ན། དེ་ཡང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་“ང་ཚོ་བོད་ཀྱི་ལོ་རྒྱུས་སྟེང་ནས་བལྟས་ན། གླང་དར་མ་ནས་བཟུང་སྟེ་བོད་འདིའི་ནང་དུ་ཁ་བྲལ་དུ་ཕྱིན་པ་ལ་བརྟེན་ནས་བོད་ལ་ཡག་པོ་མ་བྱུང་། ……ཁ་བྲལ་དུ་སོང་ན་སངས་རྒྱས་ཀྱི་བསྟན་པ་གོད་ཆག་དང་ཉམས་རྒུད་དུ་འགྲོ་བ་ཡིན། མི་དམངས་ལའང་སྡུག་བསྔལ་འབྱུང་ངེས་ཡིན།”ཞེས་གསུངས་པ་ལྟར། དེར་ལྷ་ལུང་དཔལ་རྡོར་སོགས་ཆོས་བྱེད་སྐྱེས་བུ་ཁ་ཤས་ཀྱི་སྙིང་ནད་སེལ་བ་ལ་ཕན་པ་ཅུང་ཞིག་མཆིས་སྲིད་མོད། བོད་ཆེན་པོའི་ལས་དབང་ལ་བསམ་དུས། དེར་བསང་དུ་མེད་པའི་སྐྱོ་གདུང་དང་སྡུག་བསྔལ་ལས་ཅི་ཡང་མ་མཆིས་ཏེ། བྱེ་བྲག་ཏུ་ཉུང་ཙམ་བརྗོད་ན།

གཅིག ཕུ་ནུ་ནང་དམེས་ཕྱོགས་གཉིས་དགྲ་རུ་འཐབ་ཅིང་། ཡུལ་མཐའི་སོ་དམག་འཁྲུག་པས་བོད་ཀྱི་མངའ་ཐང་ཉམས་པ།

བཙན་པོ་འུ་དུམ་བཙན་གྲོངས་པའི་(སྤྱི་ལོ་842བོད་ཆུ་ཕོ་ཁྱི)ལོ་དེར་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་ལ་སྲས་འོད་སྲུང་དང་། ལོ་དེའམ་དེའི་རྗེས་མ་སྤྱི་ལོ་843ལོ་གང་རུང་ལ་བཙུན་མོ་ཆེན་མ་སྣ་ནམ་བཟའ་ལ་སྲས་ཡུམ་བརྟན་འཁྲུངས་ཏེ། སྲས་གཉིས་པོ་སྔ་ཕྱི་མཉམ་ཙམ་དུ་འཁྲུངས་ཤིང་ལྟོ་བོར་གྱི་སྲས་སུ་གྱུར་རྐྱེན། བཙུན་མོ་གཉིས་པོས་རང་རང་གི་བུར་རྒྱལ་སྲིད་འཛིན་དུ་འཇུག་འདོད་བྱུང་ཞིང་བློན་འབངས་རྣམས་ཀྱང་དེ་ལྟར་བཙུན་མོ་སོ་སོའི་ཕྱོགས་སུ་ལངས་པས། ཆེ་སྲིད་དང་ཆུང་སྲིད། མང་ཚན་དང་ཉུང་ཚན། གསེར་པ་དང་གཡུ་བ། ཤ་ཟན་དང་རྩམ་ཟན་ཞེས་ཕན་ཚུན་དགྲ་རུ་འཐབ་པའི་ཕྱོགས་གཉིས་གཉིས་སུ་གྲུབ་ཅིང་། “དབུ་གཡོ་འཁྲུག་པ”ཞེས་པ་ལོ་ངོ་ཉི་ཤུ་ལྷག་ལ་རྒྱུན་མཐུད་པའི་མིང་གྲགས་ཅན་གྱི་འཁྲུག་པ་དེ་འདྲ་ཡང་བྱུང་།

ཡུམ་བརྟན་འོད་སྲུང་གི་སྲིད་རྩོད་དང་དེ་ལ་བརྟེན་པའི་འཁྲུག་རྩོད་ཀྱི་ཡོ་ལང་དེ་བོད་ཁོངས་ཕལ་མོ་ཆེར་ཁྱབ་པས། མཐའ་མཚམས་དཔོན་དམག་དག་ཀྱང་ཕན་ཚུན་ནང་དམེ་བྱས་ཤིང་། དེ་བས་གཞན་འོག་ཏུ་ཚུད་དེ། དཔེར་ན། བཙན་པོ་དར་མ་བཀྲོངས་ལོ་དེར་དེང་གི་ཀན་སུའུ་ཐེན་ཧྲོས་གྲོང་ཁྱེར་གྱི་བོའུ་ཧྲན་རྫོང་རྒྱུད་དུ་བོད་ཀྱི་སོ་མཚམས་སྲུང་བའི་དམག་དཔོན་བློན་ཁོང་བཞེར་བྱ་བས་བློན་ཆེན་པོ་(宰相)སྤུན་མཆེད་ཀྱིས་བཙན་པོ་བཀྲོངས་པ་དང་དེ་ལ་དགྲ་ཤ་གླན་དགོས་བཤད་ནས་དམག་དཔུང་མང་པོ་བསྡུ་རུབ་ཀྱིས་མཚོ་སྔོན་ཤར་རྒྱུད་དུ་སླེབས་པ་ལ།  མཚོ་སྔོན་ཤར་རྒྱུད་གྲོ་ཚང་ཕྱོགས་ཀྱི་མཐའ་སྲུང་བློན་ཆེན་ཞང་པེ་པེའམ་འབྲོ་བཙན་ཞུར་བྱ་བས་དེའི་ཁྲི་དམག་ཉི་ཤུའི་གདོང་བླངས་ནས་འཐབ་(སྤྱི་ལོ་843ལོར)པས། ལོ་ངོ་བདུན་གྱི་རིང་ལ་རྒྱལ་ཕམ་གྱི་དབྱེ་བ་མ་ཕྱེད་ཅིང་སྤྱི་ལོ་849ལོར་འབྲོ་བཙན་ཞུར་དེང་གི་ཀན་སུའུ་ཀྲང་ཡའེ་ནུབ་རྒྱུད་དུ་བྲོས། དེར་མཐུད་བློན་ཁོང་བཞེར་གྱིས་ཞེ་ནད་ཀྱིས་ལྷོ་ཡི་མཚོ་སྔོན་ཤར་རྒྱུད་གྲོ་ཚང་ཕྱོགས་ནས་བྱང་གི་ཤིན་ཅང་ཤར་རྒྱུད་ཧ་སྨི་དང་ཐུའུ་ལུའུ་ཧྥན་ཤར་རྒྱུད་བར་དུ་འཕྲོག་བཅོམ་བྱས་པ་དང་། མི་རོ་གཅིག་ཐོག་གཅིག་རྩེག་གི་བགྱི་བའང་མང་དུ་སྤེལ་བས། གསར་བཟུང་མངའ་འབངས་དང་སྔོན་ཡོད་དཔོན་དམག་མང་པོ་ཡུལ་གཞན་དུ་བྲོས། ཁོ་ཐབས་ཟད་པས་ཐང་གུར་ལ་མགོ་བཏགས་ནས་དམག་དམངས་ལ་བཙན་གཅུན་བྱ་རྩིས་བྱས་པའང་ཐང་གིས་འདོད་ཐོག་ཏུ་མ་བཞག་པས། ཕྱིར་ཐང་ལ་མདུང་ཁ་གཏད་པ་སོགས་འཁྲུག་རྩོད་ཀྱི་མེ་ལྕེ་ཆད་མེད་དུ་སྦར་ཏེ། བོད་ནང་ཞིག་གི་ལོ་ཟླ་དེ་དང་བསྟུན་ནས་ཏུན་ཧོང་ས་ཁུལ་གྱི་ཡུལ་མི་ཀྲང་དབྱི་ཁྲའོ་བྱ་བས་སྤྱི་ལོ་848ལོར་བོད་ལ་ངོ་ལོག་གི་ཟིང་འཁྲུག་བསླངས་པ་དང་། ཏུན་ཧོང་གི་ས་སྲུང་དམག་དཔུང་གཞན་དུ་བྲོས་པ། འབྲོ་བཙན་ཞུར་གྱི་སྐུ་ཚབ་ཐོ་བྲག་དཔོན་གོང་(拓拔怀光)སོགས་ཀྱིས་མགོ་འབུལ་ཞུས་པས། སྤྱི་ལོ་851ལོར་སླེབས་དུས། ཀྲང་དབྱི་ཁྲའོ་ཡིས་དེང་གི་ཀན་སུའུ་ཡི་ཤར་ལྷོ་རྒྱུད་ནས་ཤིན་ཅང་ཤར་རྒྱུད་བར་གྱི་ཡུལ་ཁག་མང་པོ་རང་འོག་ཏུ་བཅུག་ཅིང་། ཀྲོའུ་ཁག་བཅུ་གཅིག་གི་ས་རིས་ཁྱེར་ནས་ཐང་གོང་མར་བློ་དཀར་ཞུས་ལ། སྤྱི་ལོ་866ལོར་དེས་ཐོ་བྲག་དཔོན་གོང་དང་ཡུ་གུར་དམག་དཔོན་ཕུའུ་ཀུའུ་ཅོན་(仆固俊)གྲོགས་སུ་སྦྲན་ཏེ་བློན་ཁོང་བཞེར་ཡང་བཀྲོངས་པས། དེང་གི་ཤིན་ཅང་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་ཤར་མཐའི་བོད་ཤུགས་ཉམས་དམས་སུ་གྱུར་ཅིང་། འཇང་རིགས་ཀྱི་ཚོ་ཁག་མང་པོ་དང་ཀན་ཀྲོའུ་ཡུ་གུར་བས་ཀྱང་རང་མགོ་ཐོན་པར་བྱས་པས། དེང་གི་ཀན་སུའུ་ཞིང་ཆེན་གྱི་ཝེ་ཡོན་དང་ལུང་ཞིས། ལིན་ཞཱའི་རྒྱུད་གཅིག་པུ་ནས་ཀྱང་བོད་ཀྱི་སྦྲ་ཁྱིམ་ཆིག་ཁྲིས་ཐང་ལ་མགོ་བཏགས་པ་ལྟ་བུ་བྱུང་སྟེ། བོད་ཀྱི་མངའ་ཐང་ཕྱོགས་བཞི་ནས་ཆེས་ཆེར་ཉམས།

གཉིས། འབངས་གྱེན་ལོག་བྱུང་བས་བཙན་པོའི་རྒྱལ་རབས་རྨང་ནས་འཇིག་ཅིང་། ས་ཆ་བཅད་བཟུང་གིས་གཅིག་འོག་གཅིག་ལ་མི་འདུ་བའི་གནས་བབ་ཆགས་པ།

རྒྱ་ཆེ་ཞིང་ཡུན་རིང་བའི་དམག་འཁྲུག་གི་དུས་སྐབས་དེ་དག་ཏུ་མི་དམངས་མང་ཚོགས་ཀྱིས་ཁྲལ་རིགས་སྣ་ཚོགས་འཇལ་དགོས་པར་མ་ཟད་དམག་ནང་དུའང་ཞུགས་དགོས་པས། ལྟོ་སྐྱ་གོས་ཧྲུལ་དང་རང་ལུས་རང་ལ་མི་དབང་བའི་འཚོ་བ་ཆེས་སྡུག་ཤོས་མི་སྐྱེལ་ཀ་མེད་བྱུང་ཞིང་། རྒྱུ་དེ་ལ་བརྟེན་ནས་སྤྱི་ལོ་869(བོད་ས་གླང་)ལོར་དབའས་ཁོ་བཞེར་ལེགས་སྟེང་གིས་མདོ་ཁམས་ནས་གྱེན་ལོག་བྱས་པ་དང་། དེའི་ཤུགས་རྐྱེན་གྱིས་འབངས་གྱེན་ལོག་གི་མེ་ལྕེ་དེ་བོད་ཁམས་ཡོངས་སུ་མཆེད་འགོ་ཚུགས། ཐེངས་དེའི་གྱེན་ལོག་གིས་ཞང་རྗེ་གསས་སྣེ་བཙན་སོགས་ས་གནས་སོ་སོའི་དཔོན་པོ་བསད་པ་མ་ཟད། མངའ་བདག་དཔལ་འཁོར་བཙན་ཡང་བཀྲོངས་པ་ལྟ་བུར་བཙན་པོའི་གདུང་རྒྱུད་དག་ལའང་འཚེ་བས་འདུག་བཟོད་མེད་པར་ཡུལ་འཁྱམ་བྱ་དགོས་བྱུང་ཞིང་། ཐ་ན་སྤྱི་ལོ་877(བོད་མེ་བྱ)ལོར་བཙན་པོའི་བང་སོ་དག་ཀྱང་ཕལ་ཆེ་བ་བྲུས་ཏེ། གཞི་རྒྱ་ཆེ་ཞིང་སྒྲིག་འཛུགས་ལྡན་པའི་གྱེན་ལོག་ཟིང་འཁྲུག་དེས་བཙན་པོ་གོང་མ་རྣམས་ཀྱི་སྲིད་འཛིན་སྒྲིག་གཞི་རྩ་གཏོར་དུ་བཏང་བ་དང་བསྟུན། གྱེན་ལོག་དཔུང་ཁག་སོ་སོས་ཀྱང་རང་སྲིད་བཟུང་ནས་ལུང་བ་རེ་ལ་རྒྱལ་པོ་རེ་དང་། རྒྱལ་པོ་རེ་ལ་སྐུ་མཁར་རེའི་གཅིག་འོག་གཅིག་ལ་མི་འདུ་བའི་གནས་བབ་ཆགས་པར་བྱས་ནས་འཁྲུག་པས། ཆོས་ལྡན་བོད་ཀྱི་བཙན་པོའི་རྒྱལ་ཁབ་དེ་སིལ་བུར་གྱུར་ཏོ། །

གསུམ། སངས་རྒྱས་བསྟན་པ་ཡོངས་སུ་ནུབ་ཅིང་། བོད་ཀྱི་རིག་གནས་དང་དཔལ་འབྱོར། མི་འབོར་ལ་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཐེབས་པ།

དེ་ཡང་“(མངའ་བདག་འོད་སྲུང་གི་དུས་)དབུ་རུ་གཡོ་རུ་འཁྲུགས། ……ཕྱིའི་སོ་ཁ་ཤོར། ནང་དུ་མདུན་ས་ཞིག་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བ་ཆག ཆོས་ཁྲིམས་དར་གྱི་མདུད་པ་འདྲ་བ་གྲོལ། མི་ཆོས་སོག་མའི་ཕོན་ཐག་འདྲ་བ་ཆད། གནས་མགོན་(དགོན)ཐམས་ཅད་ཀྱི་ཟ་ཚུགས་འདྲ་བ་ཉམས། རང་གི་གནས་བརྟན་དང་། ཆོས་ཀྱི་གཞི་འཛིན་ཐམས་ཅད་ལྷོ་བལ་དུ་བྲོས།”ཞེས་དང་། “(འབངས་གྱེན་ལོག་གི་རྗེས་)རང་སེམས་གདུལ་ཕྱིར་དམ་པའི་ཆོས་གསུངས་མོད། །དེང་དུས་ཆོས་ལ་བསྟེན་ནས་དྲེགས་ཅིང་ཁེངས། །ཁྱིམ་པ་ཀུན་ལས་ལྷག་པར་ཆགས་སྡང་འཕེལ། །ཀྱེ་མ་འདི་ལྟའི་གནས་སྐབས་སྔོན་བྱུང་ངམ། །རྒྱལ་པོ་གླང་གིས་རབ་བྱུང་ཕབ་པ་སོགས། །བསྟན་ལ་གནོད་པར་ཀུན་གྱིས་ཤེས་མོད་ཀྱང་། །ཕྱི་དུས་མཛའ་བ་ལྟར་བཅོས་རབ་བྱུང་ཀུན། །ཐབས་བརྒྱས་འབེབས་འདི་དེ་འདྲར་གོ་བ་མེད། །རབ་བྱུང་མ་ལུས་རྟག་དུ་དམག་ལ་འདེད། །རྟོག་ཆེན་རྫོང་བསླུ་དུག་སྟེར་སོགས་ཀྱི་གླར། །སྡིག་ཅན་རྣམས་ལས་དགེ་འདུན་གནས་བརྟན་བསྐོ། །……གསང་སྔགས་ཚིག་རེ་འཛིན་པ་ཡན་ཆད་ཀྱང་། །ངན་སྔགས་མཐུ་གཏད་སེར་གསུམ་བྱེད་ལ་འགོད། །འདི་འདྲའི་ངང་ཚུལ་གཞན་ཡང་བགྲང་མི་ལང་། །རྒྱལ་པོ་དར་མས་བསྟན་པ་བསྣུབས་པ་དེས། །བྱེ་བའི་ཆ་ཡང་འདི་དག་ལ་མི་ཕོད། །”ཅེས་སོགས་མང་དུ་འབྱུང་བ་ལྟར་རྒྱལ་སྲས་ཡུམ་བརྟན་འོད་སྲུང་གཉིས་ཀྱི་འཁྲུག་རྩོད་དང་དེ་ལས་འཕྲོས་པའི་འཁྲུག་ཟིང་སྡེ་གཟར་གྱི་ཡོ་ལང་བོད་ཁམས་ཀུན་ཏུ་གཡོས་པས། གཙུག་ལག་ཁང་རྟེན་དང་བརྟེན་པ་ཐམས་ཅད་ཉམས་ཤིང་རབ་བྱུང་གནས་བརྟན་འགའ་ལྷག་པ་ཡང་ཡུལ་གཞན་དུ་བྲོས་བྱོལ་མི་བྱ་ཀ་མེད་བྱུང་ནས་སངས་རྒྱས་བསྟན་པ་མིང་ཙམ་དུ་གྱུར་པ་དང་། ལྷག་པར་དུ་དམག་འཁྲུག་དེས་བསྐུལ་བའི་འབངས་གྱེན་ལོག་དང་ས་ཆ་བཅད་བཟུང་གི་སྲིད་དབང་འཕྲོག་རྩོད་ཁྲོད་དམག་འཁྲུག་གི་དགོས་མཁོར་དམིགས་ནས་ཆོས་སྡེར་གྲགས་པ་མང་དུ་བཏབ་པ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་པས་སེམས་ཀྱིས་མི་བཟོད་པའི་གོད་ཆག་ཆེན་པོ་ཐེབས་པར་མ་ཟད། ཕོ་བྲང་པོ་ཏ་ལ་དང་ར་ས་སོགས་པར་སྔ་ཕྱིར་གནོད་པ་ཚབས་ཆེན་ཐེབས་ཤིང་། བཙན་པོའི་བང་སོ་བྲུས་པ་དང་གཙུག་ལག་ཁང་རྙིང་པ་མང་པོ་བཤིག་པ། “ཡུལ་པའི་ཁེངས་ལོག་སྔ་ཕྱི་བར་གསུམ་དུ་བྱུང་ནས་(གནུབས་སངས་རྒྱས་ཡེ་ཤེས་ཀྱི་)རིགས་ཀྱི་སྲས་གཉིས་བཀྲོངས་”པ་དང་ཁོ་རང་སྤྲང་པོར་བརྫུས་ནས་བལ་ཡུལ་དུ་འབྲོ་དགོས་བྱུང་བ་ལྟ་བུར་མཁས་དབང་གང་མང་དང་དེའི་ཁྱིམ་མིར་ཡང་གནོད་པ་ཐེབས་པ་སོགས་བྱུང་བས། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་མི་རབས་མང་པོས་འཚོལ་སྡུད་དང་གསར་གཏོད། རྒྱུན་འཛིན་བྱས་པའི་གནའ་རྟེན་དང་གསུང་རབ་སོགས་ཡིག་དངོས་ཕལ་ཆེར་ཤུལ་མེད་དུ་བརླགས་པས། རིམ་གྱིས་བོད་མི་སྤྱིའི་སྐད་ལ་ཡང་ཡུལ་ལུང་གི་སྐད་ཆའི་སེར་ཁ་ཤོར་འགོ་ཚུགས་ནས་དེང་གི་དུས་ལ་བོད་པས་བོད་པར་གོ་བརྡ་མི་འཕྲོད་པའི་རྒྱུའང་གྲུབ་པ་ཡིན་ཏེ། འོད་སྟོང་ལྷམ་མེར་འཚེར་བའི་བོད་གནའ་རབས་ཀྱི་རིག་གནས་དེ་ཧ་ཅང་ཉག་ཕྲ་བར་གྱུར་ལ། ཡུན་རིང་གི་ནང་འཁྲུག་གིས་རྨ་ཙོང་ཆུ་བོའི་རྒྱུད་དུ་མི་ཤི་ཁྱིམ་སྟོང་དང་ཞིང་ས་རྩྭ་ལྡུམ་གྱིས་ཁེངས་པའི་གྲང་ཤུར་ཤུར་གྱི་སྣང་ཚུལ་ཀུན་ཏུ་ཁྱབ་ནས་བོད་ཀྱི་དཔལ་འབྱོར་ལ་སྔར་མེད་ཀྱི་ཉམས་རྒུད་དང་བོད་ཀྱི་མི་འབོར་ཆེས་ཆེར་ཆག་པ་སྟེ། ལུགས་བཟང་སྤྱོད་ལམ་རྩད་ནས་ཉམས་ཤིང་ཉེས་སྤྱོད་འཆལ་བ་སྤྲིན་ལྟར་འཐིབས་པས། བོད་འབངས་ཡོངས་ཀྱི་སྐྱིད་པའི་གཡུང་དྲུང་རིང་དུ་ཟད་ཅིང་སྡུག་པའི་ངུ་ངག་རེས་ལ་བབས་ནས་ལོ་ངོ་བཞི་བརྒྱར་ཉེ་བའི་དུས་འཁྲུག་སྡེ་གཟར་གྱི་དམྱལ་ཁམས་ཆེན་མོར་ལྷུང་བའོ།།

མདོར་ན། ཁྲི་དར་མ་འུ་དུམ་བཙན་ནི་མ་གཞིར་དམ་པའི་ཆོས་ལ་དགའ་ཞིང་ཡ་རབས་ཚུལ་ལྡན་གྱི་རྒྱལ་པོ་ཞིག་ཡིན་ལ། ཕྱིས་འདུལ་བའི་བསྟན་པ་བསྣུབས་པ་ཡང་རང་ཁོ་ནའི་སྐྱིད་འདོད་བདེ་འདོད་ཀྱི་ཆེད་མིན་པར་བོད་ཆེན་པོའི་རྒྱལ་ཁབ་དེ་གོང་ནས་གོང་དུ་འཕེལ་ཞིང་། སྒང་བ་བོད་པའི་བདེ་སྐྱིད་ཀྱི་འཚོ་བ་དེ་ཡུན་ནས་ཡུན་དུ་རྒྱས་པའི་ཐོག་མའི་རྒྱུར་བརྩམས་པ་ཡིན་པས། ཁོས་བསྟན་པ་བསྣུབས་པ་དེར་འདག་ཏུ་མེད་པའི་ཉེས་སྐྱོན་ཡོད་ཀྱང་། གལ་འགངས་ཆེ་བའི་དུས་སྐབས་དེ་དག་ལ་སྡང་སེམས་ཀྱི་མདའ་མོ་གཅིག་གིས་རེ་གཞག་ཡོད་ཚད་རླུང་ལ་བསྐུར་ནས་འཛམ་གླིང་ན་ཉི་ཟླ་བཞིན་དུ་གསལ་བའི་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཆེན་མོ་དེ་ལོ་རྒྱུས་ཀྱི་ཐ་སྙད་ཅིག་ཏུ་བསྒྱུར་པ་ནི་ཇི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་། །

རྩོམ་གྱི་ཡོང་ཁུངས།《ཁྱུང་རྩེ་བཀྲ་ཤིས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》 2018ལོའི་ཟླ་5པ།

—————

1 སྦ་གསལ་སྣང་། སྦ་བཞེད་ཞབས་བཏགས་མ། [M]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990  ཤ 179

2 ཀུན་བཟང་བློ་གྲོས། ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ། [M] མི་རིགས་དཔེ་སྐྲུན་ཁང་། 2003 ཤ 180

3 དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་དགའ། སྟོད་ཆ། [M]  མི་རིགས་དཔེ་སྐྲུན་ཁང་། 1986 ཤ 427

4 ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M]  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988 ཤ 439

5  མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང་རྒྱས་པ། [M]  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987 ཤ 367

6   སྦ་གསལ་སྣང་། སྦ་བཞེད་ཞབས་བཏགས་མ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990  ཤ 186

7  黄奋生.藏族史略[M].北京:民族出版社. 1985:108.

8《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོའི་རྣམ་ཐར》དུ་“བཙད་པོ་(ཁྲི་སྲོང་ལྡེ་བཙན་) ཆོས་ལ་དགའ་བ་དང་། བནྡེའི་ཆོས་ཀྱིས་སེམས་བསླུས་ནས། བོད་ཀྱི་གྲྭ་པ་ལྔ་བརྒྱ་དུས་གཅིག་བནྡེར་ཕྱུང་།”ཞེས་གསལ་བ་དེར། བན་ཕྱོགས་ཀྱི་ཆོས་འབྱུང་ཁག་ཏུ་སྐབས་དེར་གྲྭ་པ་སུམ་བརྒྱ་རབ་ཏུ་བྱུང་པར་བཞེད་དེ། གང་ལྟར་དེའི་སྟེང་ལ། 《ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་》དུ་“སད་མི་བདུན་ལས་བློ་སྦྱངས་པ་སྐ་བ་དཔལ་བརྩེགས་སོགས་ལོ་ཙྰ་བ་བརྒྱ། དེ་དག་ལས་བློ་སྦྱངས་པ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་མཆན་བུ་སྟོང་རྩ་སྟེ། སྤྲུལ་པའི་ལོ་ཙྰ་བ་དང་བཙུན་པའི་སྡེ་གྲངས་ལས་འདས་པ་བྱོན།”ཞེས་དང་། སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་པར་གྲགས་པའི་《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》དུ་ཁྲི་སྲོང་ལྡེ་བཙན་རིང་“བསམ་ཡས་སུ་བཤད་པའི་གྲྭ་སྡེ་སྟོང་ཕྲག་བདུན༔ འཆིམ་ཕུར་སྒྲུབ་པའི་གྲྭ་སྡེ་བརྒྱ་ཕྲག་དགུ༔ ཁྲ་འབྲུག་ཏུ་བཤད་པའི་གྲྭ་སྡེ་སྟོང་ཕྲག་གཅིག༔ ཡང་རྫོང་དུ་སྒྲུབ་པའི་གྲྭ་སྡེ་བརྒྱ་ཕྲག་གཅིག༔  ལྷ་སར་བཤད་པའི་གྲྭ་སྡེ་སྟོང་ཕྲག་གསུམ༔ ཡེར་པར་བསྒྲུབ་པའི་གྲྭ་སྡེ་བརྒྱ་ཕྲག་ལྔ་སྟེ།༔  ཆོས་སྡེ་གསུམ་པོ་ཟུང་དྲུག་འདི་ལོ་གཅིག་ནང་དུ་དུས་གཅིག་འགྲིག་པར་གྱུར་ཏོ༔”ཅེས་དང་། ཡང་དེར་“……མཚོ་རྒྱལ་ཡང་གཙང་དུ་སྤྱུགས་པས༔ དེར་དང་པོ་ཁ་རག་གངས་སུ་བཞུགས་པས༔ གནས་དེར་བསྒྲུབ་པའི་སྡེ་སུམ་བརྒྱ་ཙམ་འདུས་པས༔”ཞེས་དང་། “དེ་ནས་ཇོ་མོ་ནང་དུ་བསྒྲུབས་པས༔ བཙུན་མ་སྟོང་ཕྲག་གཅིག་འདུས་པས༔”ཞེས་དང་། “དེ་ནས་གསང་སྔགས་འུག་པ་ལུང་དུ་བྱོན་ནས་བསྒྲུབས་པས༔ གཙང་ཕྱོགས་ཐམས་ཅད་ཀྱིས་མ་ཇོ་མོའི་སྙན་པས་ཁྱབ་ནས་སྔགས་བཙུན་སྟོང་ཕྲག༔ བཙུན་མ་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གསུམ་འདུས་པས༔”ཞེས་སོགས་འབྱུང་སྟེ།  ཁྲི་སྲོང་ལྡེ་བཙན་རིང་དབུས་ཕྱོགས་ཁོ་ནའི་གྲྭ་གྲངས་ཡིག་ཐོག་ཏུ་གསལ་བའང་དེ་འདྲ་ལགས་ན། བསྟན་བསྣུབབས་རྗེས་སུ་ཡང་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བྲུ་ཤ་ནས་བླ་མ་བསྟེན་པ་དང་། བླ་ཆེན་དགོངས་པ་རབ་གསལ་གྱིས་མི་ཉག་ནས་འདུལ་བ་གསན་པ། ཏུན་ཧོང་བོད་ཀྱིས་བཟུང་རྗེས་ནས་ཏུན་ཧོང་ས་ཆའི་དགོན་གྲངས་དང་གྲྭ་གྲངས་ཇེ་མང་དུ་སོང་ཡོད་པ་སོགས་ཀྱིས། སྐབས་དེའི་མཐའ་མཚམས་ས་ཁུལ་གྱི་གྲྭ་གྲངས་ཀྱང་ཉུང་ཉུང་མིན་པ་གསལ་ཐག་ཆོད། དེ་ལ་ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཏོར་བཏོན་མ་ལྟར་ན། ཁྲི་སྲོང་ལྡེ་བཙན་གྱིས་“ཁམས་ཀྱི་གླང་ཐང༔ མི་ཉག་གི་རབ་གང༔ འཇང་གི་ས་ཐམ༔ སྨར་གྱི་བྱ་ཚང༔ རོང་བཞི༔ སྒང་དྲུག༔ སྤུ་བོའི་མདོང་ཆུ༔ བར་ལམ་གྱི་རོང་ལམ༔ ཀོང་པོའི་བུ་ཆུ༔ ཁྱིམས་ཡུལ༔ དྭགས་པོའི་དྭངས་ལུང༔ བོད་རི་བཞིའི་གཙུག་ལག༔ གཙང་གི་སྟག་གདན་ཇོ་མོ་ནང༔ ལ་ཆུ་སོགས་གཙང་དང་གཙང་རོང་མངའ་རི་མན་ཆོས་སྡེ་དང་སྒྲུབ་སྡེའི་ཚོགས་བསམ་གྱིས་མི་ཁྱབ་པར་གཙུག་པའོ༔”ཞེས་གསལ་ཏེ། ཁྲི་ལྡེ་སྲོང་བཙན་རིང་རྒྱལ་བློན་བར་ཆོས་མི་བསྣུབ་པའི་མནའ་གཙིགས་བཞག་ནས་ཆོས་སྤེལ་བ་ལ་རྒྱལ་ཁྲིམས་ཀྱིས་རྒྱབ་སྐྱོར་བྱས་པ་དང་། ཁྲི་རལ་པ་ཅན་གྱིས་ཆོས་པར་ཚད་ལས་འདས་པའི་དད་གུས་བྱས་པར་དཔགས་ན། ཁྲི་རལ་རིང་གི་གྲྭ་བཙུན་གྱི་གྲངས་འབོར་ནི་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་གྱི་རིང་ལས་ཆེས་ཆེར་འདས་པ་རྟོགས།

9  བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་དབའས་རྒྱལ་ཏོ་རེ་སྟག་སྙ་བྱིས་དུས་ནས་ངན་པར་བལྟས་ཤིང་བརླག་པར་འདོད་པ་དང་། དབའས་ཀྱིས་དེ་ལ་སེམས་ལ་བཞག་ནས་བློན་གྲལ་དུ་ཚུད་པ་སོགས་མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་དགའ》ཡི་སྟོད་ཆའི་ཤོག་ངོས་420སྟེང་གསལ་ཞིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987 ལོར་པར་དུ་བསྐྲུན་པའི་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ཤོག་ངོས་359ནས་360བར་དུའང་གསལ།

10 དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་དགའ། སྟོད་ཆ། [M]  མི་རིགས་དཔེ་སྐྲུན་ཁང་། 1986 ཤ 420

11 དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་དགའ། སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1986 ཤ 423

12 苏晋仁等,校注.《册府元龟》吐蕃史料校证[M]. 四川民族出版社. 1982:329.

13 ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M]  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988 ཤ 429

14 སྦ་གསལ་སྣང་། སྦ་བཞེད་ཞབས་བཏགས་མ། [M]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990 ཤ 191-192

15 སྦ་གསལ་སྣང་། སྦ་བཞེད་ཞབས་བཏགས་མ། [M]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990 ཤ 192-193

16 ལྡེའུ་ཇོ་སྲས། ལྡེའུ་ཆོས་འབྱུང་། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987 ཤ 140

17 ཆོས་འབྱུང་ལ་ལར་ད་དུང་“སྔ་མིན་འཕྱི་མིན་གྱི་ལས་འདི་སྡུག་པ་ལ”ཞེས་ཀྱང་འབྱུང་།

18 བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། བདུད་འཇོམས་ཆོས་འབྱུང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996 ཤ 605

19གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། [M]  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998 ཤ167 

 20 སངས་རྒྱས་རིན་ཆེན། [M] ལེགས་པར་བཤད་པའི་གཏམ་མུ་ཏིག་གི་ཕྲེང་བའི་མཛེས་རྒྱན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2003 ཤ 519

21བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M]  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991 ཤ 191

22བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991 ཤ 191

23ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན་པའི་ 《མདའ་དང་འཕང་》(སྟོད་ཆ)དུ་མཁར་རྨེའུ་བསམ་གཏན་ལགས་ནས་ལྷ་ལུང་དཔལ་རྡོར་ཉིད་བསམ་ཡས་དགོན་གྱི་མཁན་རབས་དགུ་བ་ཡིན་ཚུལ་ཏུན་ཧོང་ཡིག་རྙིང་ལས་རྙེད་ཅེས་གསུངས།

24  ལྷ་ལུང་དཔལ་རྡོར་ནུས་པ་ག་འདྲ་ཆེ་ཡང་ཁོ་གཅིག་པུས་བཙན་པོ་བཀྲོངས་མི་ནུས་ཏེ། དེ་ཡང་ཐང་གི་མཇལ་འདུམ་ཕོ་ཉ་ལིའུ་ཡོན་ཏིན་གྱིས་ཁོ་རང་བཙན་པོ་ཁྲི་རལ་པ་ཅན་མཇལ་སྐབས་བཙན་པོའི་ཉེ་འཁོར་དུ་དམག་གི་སྲུང་བ་ཧ་ཅང་དམ་པོ་ཡོད་ཚུལ་བྲིས་པ་ལྟར། ཡངས་པའི་ས་ཆེན་སྟོབས་ཀྱིས་བསྒྱུར་བའི་རྒྱལ་ཁག་ཅིག་གི་སྐུ་སྲུང་དམ་ངེས་ཡིན་མིན་མང་དུ་སྨྲ་དགོས་མེད་མོད། གལ་ཏེ་འབངས་མི་སུ་དང་གང་གིས་ཀྱང་གང་འདོད་དུ་མི་གཞན་གཅིག་ཀྱང་བརྒྱུད་མ་དགོས་པར་ཐད་ཀར་དུ་འཕྲད་ཆོག་པ་ཞིག་ཡིན་ན། བཙན་པོ་ཁོང་འབངས་ལ་བྱམས་སྐྱོང་ཆེས་ཆེ་ཞིང་འབངས་ཡོད་ཚད་ཀྱིས་ཀྱང་ཁོ་བླ་ལྷག་ཏུ་བཀུར་བ་ཞིག་ཅིས་ཀྱང་ཡིན་ངེས་པས། ཁོང་བཙན་པོ་བཟང་པོ་དཔེ་མེད་ཅིག་ཡིན་པའང་ཤུགས་ཀྱིས་བསྟན། གཞན་ལྷ་ལུང་དཔལ་རྡོར་གཅིག་པུས་གེགས་མེད་དུ་བཙན་པོ་བཀྲོངས་པ་དང་། བཀྲོངས་རྗེས་སྤྲུལ་ནུས་ལྟ་བུས་ར་མདའ་ལས་ཐར་པ། བཙན་པོ་གླང་དར་མ་གྲུ་གུ་ཧོར་གྱིས་བཀྲོངས་ཞེས་ནམ་མཁའ་ནས་སྒྲ་བྱུང་བས་རྩད་གཅོད་ཀྱང་མ་བྱས་པ་སོགས་ཆོས་འབྱུང་ཁག་ཏུ་བཀོད་པ་ལ་ཞིབ་ཏུ་བསམས་ན། ཕོ་བྲང་ནང་གི་ཞབས་འབྲང་ངམ་བློན་པོ་གང་མང་གིས་ལྷ་ལུང་དཔལ་རྡོར་ལ་རོགས་འདེགས་བྱས་ཡོད་པ་ཁ་ཚོན་གཅོད་ཐུབ་སྟེ། དེའི་རྒྱབ་གནོན་གྱི་ལུང་ལྟ་བུར་རྒྱའི་《ཐང་ཡིག་གསར་མ》རུ་དེང་གི་ཀན་སུའུ་ཤར་རྒྱུད་ཀྱི་མཐའ་སྲུང་དམག་དཔོན་ཞང་ཁོར་བཞེར་གྱིས་ཙའེ་ཞང་(宰相)བློན་ཆེན་སྤུན་མཆེད་ཀྱིས་བཙན་པོ་བཀྲོངས་པས་ང་ཚོས་ཁོ་ཚོ་ཚར་གཅོད་བྱ་དགོས་ཞེས་སྐུལ་སློང་མཛད་ཚུལ་དང་། དེ་བོད་ཡུལ་དབུས་སུ་དགྲ་འདུལ་དུ་སྐྱོད་པ་ལ་ས་གནས་དམག་དཔུང་མང་པོས་རྒྱབ་སྐྱོར་བྱས་ཚུལ་གསལ་བ་ལས་ཀྱང་ལྷ་ལུང་དཔལ་རྡོར་གཅིག་པུས་བཀྲོངས་པ་མིན་པ་ཤེས།

25 པཎ་ཆེན་སྐུ་ཕྲེང་བཅུ་པའི《ལྷ་ལྡན་སྨོན་ལམ་ཆེན་མོ་བསྐྱར་གསོའི་མཛད་སྒོར་གཙོ་བཞུགས་གནང་སྐབས་བསྩལ་བའི་བསླབ་བྱ》རུ་གསལ།

26 འོད་སྲུང་ནི་མཚན་མོའང་སྒྲོན་མེའི་འོད་ཀྱིས་གསལ་བར་བྱས་ཤིང་བསྲུངས་ནས་སྐྱེས་ཚུལ་དང་། བཙུན་མོ་ཆེ་བས་བཙུན་མོ་ཆུང་བའི་ལྟོར་སྲས་ཡོད་པ་ཤེས་ནས་རང་གི་ལྟོ་བར་བལ་དཀྲིས་ནས་སྤྲང་ཕྲུག་སེའུ་བུད་པ་ཞིག་ཉོས་ཡོང་བ་ཡུམ་བརྟན་དུ་གྱུར་ཚུལ་བོད་ཀྱི་ཡིག་ཚང་ཕལ་མོ་ཆེར་བཀོད་ཡོད་པས། དེས་འོད་སྲུང་སྲས་ཆེ་བ་ཡིན་པ་གོ་ཐུབ།  《བསྟན་རྩིས་གསལ་བའི་ཉིན་བྱེད》དང《བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ》དུའང་འོད་སྲུང་སྤྱི་ལོ་842ལོར་འཁྲུངས་པར་བཤད་ལ། རྒྱའི་ཡིག་ཚང་《ཐང་ཡིག་གསར་མ》དང《སྲིད་སྐྱོང་ཀུན་གསལ་མེ་ལོང་》དུ་དར་མ་བཀྲོངས་ལོ་དེ་རང་ལ་མཆིམས་བཟའི་གཅེན་པོའི་བུ་ཆི་ལུ་ཧུའུ་བྱ་བ་ཁྲིར་བཀོད་པ་དང་། དེ་བཙན་པོའི་གདུང་རྒྱུད་ཡིན་མིན་བརྩད་ནས་བོད་རྣམས་འཁྲུག་པ་སོགས་བཀོད་ཡོད་དེ། མཆིམས་བཟའི་བུ་ཞིག་ཁྲི་ལ་བཀོད་ཚུལ་དང་དེ་ལ་བརྟེན་ནས་རྒྱལ་ཁམས་འཁྲུག་ཚུལ་བོད་ཀྱི་ཡིག་ཚང་གང་དུའང་མེད་པས། དེས་སྤྱི་ལོ་842ལོར་སྲས་འོད་སྲུང་འཁྲུངས་ཡོད་པ་ཐག་གིས་ཆོད་ཅིང་། ཡུམ་བརྟན་འཁྲུངས་མེད་དུ་ཟིན་ཀྱང་བཙུན་མོ་ཆེ་བའི་ལྟོར་བུ་སྐྱེ་རྒྱུ་ཡོད་པ་ནི་ཚང་མས་རྟོགས་ཡོད་ངེས་ཡིན།

27 མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987 ཤ 370

28  དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་དགའ། སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1986 ཤ 440-441

29བདུད་འཇོམས་ཡེ་ཤེས་རྡོ་རྗེ། བདུད་འཇོམས་ཆོས་འབྱུང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996 ཤ 236

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།