རྣམ་རྟོག་གི་འགྲོ་གྲོན། (སྨད་ཆ)
ང་ཚོའི་གདེང་ཚོད་ལྟར་ན། ཀླད་ཤུགས་ཆེ་ཞིང་ལག་ཆར་བྱང་ལ། སློབ་སྦྱོང་གི་ནུས་པ་ཆེ་ཞིང་སྤྱི་ཚོགས་སྒྲིག་གཞི་སྣ་མང་བཅས་ནི་དགེ་མཚན་ཡིན་ཞིང་། དགེ་མཚན་དེར་བརྟེན་ནས་མིའི་རིགས་ནི་འཇིག་རྟེན་ཐོག་གི་སྟོབས་ལྡན་སྲོག་ཆགས་སུ་གྱུར་བར་མངོན་སུམ་དུ་གྲུབ་པར་འདོད་ཡོད་མོད། འོན་ཀྱང་ལོ་ངོ་ཁྲི200ལྷག་གི་དུས་ཡུན་ནང་། མིའི་རིགས་ལ་དགེ་མཚན་དེ་དག་ལྡན་ན་ཡང་། སྔར་བཞིན་ཉམ་ཆུང་དང་བས་མཐའ་གནས་སུ་ལུས། ལོ་ངོ་ཁྲི100ལྷག་ལ་འཚོ་གནས་བྱས་པའི་མིའི་རིགས་ལ་མཚོན་ན། ཁོ་ཚོའི་ཀླད་ཤུགས་ཆེ་ཞིང་རྡོ་ཆས་ལག་ཆ་རྣོན་པོ་ཡོད་ན་ཡང་། ཐོག་མཐའ་བར་གསུམ་དུ་གཅན་གཟན་སོགས་ཀྱི་འཇིགས་སྣང་འོག་འཚོ་གནས་བྱེད་དགོས་ཤིང་། སྲོག་ཆགས་ཆེན་པོ་གསོད་པའི་ནུས་པ་མེད་པས། གཙོ་བོར་ཤིང་ཏོག་འཚོལ་བསྡུ་དང་འབུ་ཆུང་རྔོག་འདོན། ཡང་ན་ས་གནས་སྲོག་ཆགས་ཆེན་པོས་བསྐྱུར་བའི་ཤ་རུལ་སོགས་ལ་བརྟེན་ནས་འཚོ་གནས་བྱས་པ་ཡིན།
གནའ་བོའི་རྡོ་ཆས་ལག་ཆ་ནི་གཙོ་བོར་རྐང་རུས་བཅག་སྟེ་རྐང་མར་ལེན་པར་བཀོད་སྤྱོད་བྱས་པ་ཡིན། ཞིབ་འཇུག་པ་འགའ་ཤས་ལྟར་ན། དེ་ནི་གདོན་མའི་དུས་ཀྱི་མིའི་རིགས་ཀྱི་ཁྱད་ནུས་གཙོ་བོ་ཡིན།ཤིང་རྟ་མོས་སྡོང་བོའི་གས་སྲུབས་ནས་འབུ་སྲིན་ལེན་པ་ལྟར། གདོད་མའི་མིའི་རིགས་ཀྱིས་ཀྱང་རྐང་རུས་ནས་རྐང་མར་ལེན་པར་བྱང་པ་ཡིན། རྐང་མར་ལ་ཁྱད་ཆོས་ཅི་ཞིག་ཡོད་ཅེས་ན། གལ་ཏེ་ཁྱོད་ཀྱིས་སྟོབས་ལྡན་སེང་གེ་འགའ་ཡིས་ཤ་བ་སྐེ་རིང་ཞིག་བསད་དེ་བཟའ་བཞིན་པ་མཐོང་ཚེ། ཁྱེད་ཀྱིས་ཡིད་སེམས་ལྷོད་ལ་བབ་སྟེ་སེང་གེའི་ལྟོ་བ་འགྲངས་ནས་གཞན་ལ་འགྲོ་བའི་བར་དུ་བསྒུག་དགོས། སེང་གེ་སོང་རྗེས་སུ་ད་དུང་རེས་སྐོར་ནས་ཁྱེད་ལ་ཐོན་མེད། འཕར་སྤྱང་སྐོར་ཞིག་གིས་ལྷག་མ་ལོངས་སུ་སྤྱོད་སྲིད་ཅིང་། ཁྱོད་ཀྱིས་དེ་དག་ལ་ཡང་ཐེ་གཏོགས་བྱེད་མི་ཕོད་པས། ཆེས་མཐའ་མཇུག་ད་གཟོད་མིའི་རིགས་ལ་ཤ་བ་སྐེ་རིང་གི་ཉེ་སར་འགྲོ་བའི་གོ་སྐབས་ཡོད་མོད། འོན་ཀྱང་སྐབས་དེར་རུས་རྐང་གི་རྐང་མར་ཙམ་ལས་ལྷག་མེད་པ་ཡིན།
འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་དང་སེམས་ཁམས་རྒྱུས་ལོན་བྱེད་པའི་གནད་འགག་ཡིན་ཞིང་། ཉེ་བའི་དུས་རབས་བར་མིའི་རིགས་ཀྱིས་ཟས་རིགས་ཀྱི་ཕྲེང་ཐག་གི་བར་དཀྱིལ་གྱི་གོ་གནས་བཟུང་ཡོད། ལོ་ངོ་ཁྲི་བརྒྱ་ཕྲག་དུ་མའི་དུས་ཡུན་ནང་། མིའི་རིགས་ཀྱིས་སྲོག་ཆགས་ཆུང་ངུ་གསོད་པ་དང་། ཡང་ན་འཚོལ་བསྡུ་བྱེད་ཐུབ་པའི་ཤིང་ཏོགས་སོགས་འཚོལ་བསྡུ་བྱས་ཤིང་། དུས་དང་རྣམ་པ་ཀུན་ཏུ་སྲོག་ཆགས་ཆེན་པོས་གསོད་པའི་ཉེན་ཁ་ཡོད། ལོ་ངོ་ཁྲི40ཡས་མས་ནས་བཟུང་། མིའི་རིགས་ཀྱིས་དུས་བཅད་ལྟར་སྲོག་ཆགས་ཆེན་པོ་གསོད་ཐུབ་པར་གྱུར་ཞིང་། ལོ་ངོ་ཁྲི10ཡས་མས་སུ་ཤེས་ལྡན་མི་བྱུང་བར་བརྟེན་ནས། མིའི་རིགས་ད་གཟོད་ཟས་རིགས་ཀྱི་ཕྲེང་ཐག་གི་རྩེ་མོར་གྱུར་བ་ཡིན།
ཟས་རིགས་ཀྱི་ཕྲེང་ཐག་གི་བར་དཀྱིལ་ནས་རྩེ་མོར་གྱུར་བར་བརྟེན་ནས་འཇིག་རྟེན་ཐོག་འགྱུར་ལྡོག་ཆེན་པོ་བྱུང་། ཟས་རིགས་ཀྱི་ཕྲེང་ཐག་གི་རྩེ་མོར་གནས་པའི་སྲོག་ཆགས་གཞན་པ་སྟེ། དཔེར་ན། སེང་གེ་དང་ཆུ་སྲིན་ལྟ་བུར་མཚོན་ན་ཡང་། ལོ་ངོ་ཁྲི་བརྒྱ་ཕྲག་དུ་མའི་འཕེལ་འགྱུར་ལ་བརྟེན་ནས། རིམ་བཞིན་ཟས་རིགས་ཕྲེང་ཐག་གི་རྩེ་མོར་ཟོན་པ་ཡིན། དེར་བརྟེན་ནས་སེང་གེ་དང་ཆུ་སྲིན་སོགས་ཀྱི་རང་བྱུང་གནོད་འཚེ་ཇེ་ཆུང་ལ་གཏོང་བ་དང་། སྐྱེ་ཁམས་མ་ལག་གཏན་འཇགས་སྒོས་འཕེལ་འགྱུར་བྱུང་བར་གོ་སྐབས་ཡོད་པར་གྱུར། སེང་གེའི་ལུས་སྟོབས་ཇེ་ཆེར་གྱུར་བ་དང་མཉམ་དུ་རི་དྭགས་གཙོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གྱུང་ཞིང་འཕར་སྤྱང་གི་མཉམ་འབྲེལ་ཇེ་དམ་དུ་གྱུར་པར་མ་ཟད། རི་དྭགས་བསེ་རུའི་གཤིས་རྒྱུད་ཀྱང་སྔར་ལས་ལྷག་པར་གྱོང་པོར་གྱུར། དེར་བསྡུར་ན་མིའི་རིགས་ནི་ཟས་རིགས་ཀྱི་ཕྲེང་ཐག་གི་རྩེ་མོར་གྱུར་བའི་དུས་ཡུན་ཐུང་དྲག་པས། སྐྱེ་ཁམས་མ་ལག་ལ་སྙོམས་སྒྲིག་བྱེད་པའི་དུས་ཡུན་མེད་པར་གྱུར་བར་མ་ཟད། མིའི་རིགས་ཀྱང་ཁོར་ཡུག་ལ་རན་དཀའ་བའི་གནས་སུ་ལྷུང་། སའི་གོ་ལའི་སྟེང་གི་ཟས་རིགས་ཀྱི་ཕྲེང་ཐག་གི་རྩེ་མོར་གནས་པའི་སྲོག་ཆགས་ཚང་མ་ནི་བརྗིད་རྔམ་ལྡན་པའི་སྲོག་ཆགས་ཡིན། ལོ་ངོ་ཁྲི་བརྒྱ་ཕྲག་དུ་མའི་དབང་སྒྱུར་གོ་གནས་ལ་བརྟེན་ནས་དེ་དག་ལ་ཡིད་ཆེས་ཆེན་པོ་ཡོད་པར་གྱུར། དེར་བསྡུར་ན་ཤེས་ལྡན་མི་ནི“ངང་ལག་སྤྱི་མཐུན་རྒྱལ་ཁབ”ཀྱི་སྲིད་དབང་སྒེར་གཅོད་མཁན་ལྟ་བུ་ཡིན། མི་འགྱིང་བའི་སྔོན་དག་དག་ལ། མིའི་རིགས་ད་དུང་ལྗོན་ཤིང་ཉུང་རྩྭབའི་ཐང་སྟེང་གི་ཆེས་ཉམ་ཆུང་བའི་སེམས་ཅན་ཡིན་ཞིང་། རང་གི་ཁོར་ཡུག་ལ་འཇིགས་སྣང་དང་སེམས་ཁྲལ་གྱི་ཁེངས་བས། རིམ་བཞིན་སྔར་ལས་གདུག་རྩུབ་ཅན་དང་ཉེན་ཁ་ཅན་དུ་གྱུར། ལོ་རྒྱུས་སྟེང་གི་ཆག་སྒོ་མང་ཤས་ཏེ། འཐབ་འཁྲུག་དང་སྐྱེ་ཁམས་འཇིག་ཉེན་ལ་སོགས་པ་ཡང་། གློ་བུར་བའི་འགྱུར་ལྡོག་ཆེན་མོར་འབྲེལ་ནས་བྱུང་བ་ཡིན། ། (མུ་འགོད)