ཀྲུང་གོ་བོད་ཀྱི་དྲ་བ།

རྣམ་རྟོག་གི་འགྲོ་གྲོན།(སྟོད་ཆ)

  རྩོམ་པ་པོ། : རིག་འཛིན་ཚེ་རིང་གིས་དབྱིན་ཡིག་ལས་བསྒྱུར།འགྲེལ་བཤད་པ།བདེ་ལེགས་མཚོ།   སྤེལ་དུས། : 2023-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       རྣམ་རྟོག་གི་འགྲོ་གྲོན།(སྟོད་ཆ)

  ཁྱད་པར་མང་པོ་ཡོད་ན་ཡང་། མིའི་རིགས་ཡོད་ཚད་ལ་ཐུན་མོང་གི་ཁྱད་ཆོས་དུ་མ་ཡོད་པར་མ་ཟད། དེ་དག་ལས་ཆེས་དོ་སྣང་བྱེད་དགོས་པ་ནི། མིའི་རིགས་ལ་སྲོག་ཆགས་གཞན་དང་བསྡུར་ན་ཀླད་པ་ཆེན་པོ་ཞིག་ཡོད། ལུས་པོའི་ལྗིད་ཚད་སྤྱི་རྒྱ60ཅན་གྱི་ནུ་གསོ་སྲོག་ཆགས་གཞན་པའི་ཀླད་པ་དེ་ཆ་སྙོམས་སྒོས་ལི་སྨི་གྲུ་བཞི་ལྷམ་པ200ཙམ་ཡིན། གདོད་མའི་དུས་ཀྱི་ཕོ་མོ་སྟེ། ལོ་ངོ་ཁྲི250ཡི་སྔོན་གྱི་མིའི་རིགས་ཀྱི་ཀླད་པ་དེ་ཆ་སྙོམས་སྒོས་ལི་སྨི་གྲུ་བཞི་ལྷམ་པ600ལྷག་ཡོད།  དེང་རབས་ཤེས་ལྡན་མི་ཡི་ཀླད་པ་དེ་ཆ་སྙོམས་སྒོས་ལི་སྨི་གྲུ་བཞི་ལྷམ་པ1200ནས1400ཡོད་པ་དང་། ནེ་ཨན་ཏེར་ཐེའི་མི་ཡི་ཀླད་པ་དེ་ལས་ཀྱང་ཆེ་བ་ཡིན།

ང་ཚོར་གོམས་པའི་གཞིགས་སྲོལ་ལྟར་ན། ཀླད་པ་མེད་པ་ལས་ཀླད་པ(རིག་སྟོབས)ཇི་ལྟར་ཆེ་ན་དེ་ལྟར་བཟང་པས། མིའི་རིགས་ཀྱི་འཕེལ་འགྱུར་རྒྱུད་རིམ་ནང་ཀླད་ཤུགས་ཆེས་ཆེ་པ་དེ་འདེམ་སྒྲུག་བྱེད་སྲིད་པར་འདོད་པ་མ་ཟད། ང་ཚོ་རང་གི་རིག་སྟོབས་ལ་ཡིད་ཆེས་ཆེན་པོ་ཡོད་ཅིང་། རིག་སྟོབས་ནུས་པའི་ཆ་འཇོག་ཕྱོགས་ནས་ཀྱང་ཀླད་ཤུགས་ཇི་ལྟར་ཆེ་ན་དེ་ལྟར་བཟང་བར་འདོད་ཡོད་མོད། དོན་དངོས་སུ་དེ་ལྟར་ཡིན་ན། བྱི་ལའི་སྡེ་ཚན་གྱི་སྲོག་ཆགས་ཀྱིས་ཀྱང་ཕྲ་བསགས་རྩིས་རིག་ལ་མཁས་པའི་རྗེས་རབས་བསྐྱེད་སྲིད། འོན་ཀྱང་དོན་དངོས་སུ་མིའི་རིགས་ཁོ་ན་ད་གསོད་སྲོག་ཆགས་ཡོད་ཚད་ཀྱི་རྒྱལ་ཁམས་ནས་རིག་སྟོབས་ཅན་གྱི་སྲོག་ཆགས་སུ་གྱུར། དེའི་རྩ་བ་གལ་ལ་ཐུག་ཡོད་པ་ཡིན་ནམ།

དོན་དངོས་སུ་ཀླད་པ་ཆེན་པོ་དེ་ལུས་པོའི་ཟད་གྲོན་ཆེན་པོ་ཞིག་ཀྱང་ཡིན། ཀླད་པ་ཆེན་པོ་དེ་འགུལ་སྐྱོད་སྣ་ཚོགས་སྟབས་བདེ་མིན་ཞིང་། ལྷག་པར་རུས་སྒྲོམ་ཆེན་པོས་སྲུང་སྐྱོབ་བྱེད་དགོས་ཤིང་ཟད་གྲོན་ཡང་ཆེན་པོ་ཡོད་སྲིད། སྤྱིར་ཤེས་ལྡན་མི་ཡི་ཀླད་པས་ལུས་པོའི་ལྗིད་ཚད་ཀྱི་བརྒྱ་ཆའི2ནས3ཟིན་པས། ངལ་གསོ་བའི་སྐབས་སུ་ཡང་ཀླད་པའི་ནུས་ཟུངས་ཀྱི་བརྒྱ་ཆའི25ལྷག་ཟད་གྲོན་བྱུང་སྲིད། དེར་བསྡུར་ན་སྤྲ་མིས་ངལ་གསོ་སྐབས། ཀླད་པའི་ནུས་ཟངས་ཀྱི་ཟད་གྲོན་དེ་བརྒྱ་ཆའི8ཙམ་ཡིན། གནའ་མིས་ཀླད་པ་ཆེ་བའི་དབང་གིས་ཕྱོགས་གཉིས་ནས་འགྲོ་གྲོན་ཡོད་དེ། གཅིག་ནས་ཟས་རིགས་འཚོལ་བར་དུས་ཚོད་གང་མང་བེད་སྤྱོད་དགོས་པ་དང་། གཉིས་ནས་ལུས་པོའི་ཤ་གནད་རྙིད་ཉམས་སུ་འགྲོ་སྲིད། དཔེར་ན། སྲིད་གཞུང་གིས་མ་དངུལ་མང་པོ་རྒྱལ་སྲུང་ནས་སློབ་གསོའི་ཕྱོགས་སུ་བཀོད་སྒྲིག་བྱེད་དགོས་པ་ལྟར། མིའི་རིགས་ཀྱིས་ནུས་ཟངས་ཆེན་པོ་ཤ་གནས་ནས་དབང་རྩའི་ཕྱོགས་ཀྱི་ཟད་གྲོན་དུ་བསྒྱུར་དགོས། དེ་ནི་བླ་ན་མེད་པའི་མཇུག་འབྲས་ཤིག་མིན་ཡང་། ལྗོན་ཤིང་ཉུང་བའི་རྩྭ་ཐང་དུ་འཚོ་གནས་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། དཔེར་ན། སྤྲ་ནག་གིས་མིའི་རིགས་དང་ཁ་རྩོད་བྱེད་དུས་རྒྱལ་ཁ་ཐོབ་མི་ཐུབ་མོད། གལ་ཏེ་ལག་བསྲས་ན་རྩྭ་ཁྲེས་ལྟར་སོ་སོར་གཏོར་ཐུབ་པ་ལྟ་བུ།

ད་ལྟ་ང་ཚོའི་ཀླད་པ་ཆེན་པོའི་དགེ་མཚན་མངོན་གསལ་ཡིན། རྒྱུ་མཚན་ནི་ང་ཚོས་རླངས་འཁོར་དང་མེ་མདའ་བཟོ་ཐུབ་ཅིང་། དེ་དག་ལ་བརྟེན་ནས་སྤྲ་ཆེན་ལས་མགྱོགས་པོར་འགྲོ་ཐུབ་པ་དང་། ལག་བསྲེས་མི་དགོས་པར་བདེ་འཇགས་ཡིན་པའི་ས་མཚམས་ནས་སྤྲ་ཆེན་བསོད་ཐུབ་པ་ཡིན། འོན་ཀྱང་རླངས་འཁོར་དང་མེ་མདའ་སོགས་ནི་ཉེ་རབས་ཀྱི་ཐོན་རྫས་ཡིན་ཞིང་། ལོ་ངོ་ཁྲི200ལྷག་གི་རིང་། མིའི་རིགས་ཀྱི་དབང་རྩའི་མ་ལག་དེ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་མོད། རྡོ་གྲི་དང་ཤིང་ཐུར་རྩེ་མོ་ཅན་ལས་ལག་ཆ་གཞན་མེད་པས།  མིའི་རིགས་ལ་གཞན་པར་མངོན་ཆོག་པའི་དགེ་མཚན་ཆེན་པོ་མེད། ལོ་ངོ་ཁྲི200ལྷག་གི་དུས་ཡུན་ནང་། ཅི་ཞིག་གིས་མིའི་རིགས་ཀྱི་ཀླད་པའི་འཕེལ་འགྱུར་ལ་སྐུལ་འདེད་བྱས་པ་ཡིན་ཞེས་ན། སྦ་གསང་མེད་པར་བཤད་ན། ང་ཚོས་ཤེས་དཀའ་བ་ཡིན།

  མིའི་རིགས་ཀྱི་ཁྱད་ཆོས་གཞན་ཞིག་ནི་རྐང་པ་གཉིས་ལ་བརྟེན་ནས་ལངས་ནས་འགྲོ་བ་ཡིན། ཡར་ལངས་པར་བརྟེན་ནས་ལུས་པོ་འགུལ་སྐྱོད་བྱེད་མི་དགོས་པར་ལྗོན་ཉུང་རྩྭ་ཐང་གི་རྔོན་ཡུལ་ལམ་དགྲ་བོ་མཐོང་ཐུབ་ཅིང་། རྡོ་འཕེན་པ་སོགས་གསལ་བརྡ་ཡང་རྒྱག་མི་དགོས། ལག་པ་གཉིས་ཀྱིས་ལས་ཐུབ་པའི་ལས་ཀ་ཇེ་མང་དུ་སོང་བར་བསྟུན་ནས། རྒྱལ་ཁ་ཐོབ་པའི་གོ་སྐབས་ཀྱང་ཇེ་མང་དུ་འགྲོ་སྲིད། འཕེལ་འགྱུར་གྱི་སྣོན་ཤུགས་ལ་བརྟེན་ནས་ལག་མཐིལ་དང་མཛུབ་མོའི་དབང་རྩ་དང་ཤ་གནད་ཕྲ་མོ་སྔར་ལས་གཞི་གཅིག་ཏུ་འདུས་པས། མིའི་རིགས་ཀྱི་ལག་པས་སྔར་ལས་རྙོག་འཛིང་ཅན་གྱི་ལས་ཀ་ལས་ཐུབ་པ་དང་། སྒོས་སུ་སྔོན་ཐོན་ལག་ཆ་བཟོ་སྦྱོར་དང་བེད་སྤྱོད་བྱེད་ཐུབ་པ་ཡིན། ལག་ཆ་བཟོ་བའི་བདེན་དཔང་དེ་ལོ་ངོ་ཁྲི250བར་གཏུགས་ཆོག་ཅིང་།  ལག་ཆ་བཟོ་སྦྱོར་དང་བེད་སྤྱོད་པ་དེ་ནི་གནའ་རྫས་རྟོག་ཞིབ་མཁས་པས་གནའ་མི་ངོས་འཛིན་པའི་རྟགས་མཚན་གལ་ཆེན་ཡང་ཡིན།

ཡིན་ན་ཡང་། ཡར་ལངས་ཏེ་འགྲོ་བར་ཡང་ཞན་ཆ་ཡོད་དེ། ང་ཚོའི་མེས་པོའི་རུས་གཞི་དེ་ལོ་ངོ་ཁྲི་ཕྲག་བརྒྱ་ཕྲག་དུ་མར་འཕེལ་འགྱུར་བྱུང་སྟེ། རྐང་ལག་བཞི་ལ་བརྟེན་ནས་འགྲོ་བ་དང་། ཀླད་པའི་ཆེ་ཆུང་ཡང་འོས་མཚམས་ཡིན་པའི་སྲོག་ཆགས་སུ་གྱུར་བས། རྐང་གཉིས་ལ་བརྟེན་ནས་འགྲོ་བ་ནི་འགྲན་སློང་ཆེན་པོ་ཞིག་ཡིན་ཞིང་། སྒོས་སུ་རྐང་པར་བརྟེན་ནས་ཀླད་རུས་ཆེན་པོ་ཞིག་ཡར་འདེགས་རྒྱུ་ནི་ལྷག་པར་འགྲན་སློང་ཆེན་པོ་ཞིག་ཡིན། མིའི་རིགས་ཀྱིས་རང་གི་མཐོང་རྒྱ་དང་མིག་རྒྱང་། དེ་བཞིན་བདེན་མྱུར་ལྡན་པའི་ལག་ཟུང་གི་དོན་དུ། རྐེད་པ་ན་བ་དང་སྐེ་ཚིགས་སྲ་འགྱུར་ལ་སོགས་པའི་སྡུག་བསྔལ་མྱོང་དགོས།

བུད་མེད་ཀྱི་འགྲོ་གྲོན་སྡུག་བསྔལ་དེ་བས་ཆེ་བ་ཡིན། ཡར་ལངས་ཏེ་འགྲོ་བར་བསྟུན་ནས་དཔྱི་མགོ་ཇེ་ཆུང་དུ་གྱུར་ཞིང་སྐྱེ་སྒོ་ཇེ་དོག་ཏུ་གྱུར་པར་མ་ཟད། ཕྲུ་གུའི་མགོ་བོ་ཡང་ཇེ་ཆེ་ནས་ཇེ་ཆེར་འགྱུར་སྲིད་པས། ཕྲུ་གུ་སྐྱེ་སྐབས་ཚེ་སྲོག་ཤོར་སྲིད་པ་དེ་ནི་བུད་མེད་ཀྱི་ཉེན་ཁ་གཙོ་བོ་ཡིན། ཕྲུ་གུའི་མགོ་བོ་སོགས་བལྟས་བཅས་སུ་ཆུང་ཞིང་མཉེན་པའི་སྐབས་སུ་སྐྱེས་ན་ཅུང་བདེ་འཇགས་ཡིན་ཞིང་ཕྲུ་གུ་ཡང་མང་པོ་སྐྱེས་ཐུབ། དེའི་རྐྱེན་གྱིས་རང་བྱུང་འདེམ་སྒྲུག་གི་ཆ་ནས་བཤད་ན། ཕྲུ་གུ་སྐྱེས་སྔ་ན་དགེ་མཚན་ལྡན་པ་ཡིན། དོན་དངོས་སུ་སྲོག་ཆགས་གཞན་དང་བསྡུར་ན། མིའི་རིགས་དུས་སྔོན་དུ་སྐྱེས་པ་ཡིན། མིའི་རིགས་སྐྱེས་པའི་སྐབས་མ་ལག་གལ་ཆེན་མང་ཤས་སྔར་བཞིན་འཚར་ལོངས་འབྱུང་བཞིན་པའི་དུས་ཡིན། རྟེའུ་སྐྱེས་མ་ཐག་འགྲོ་ཐུབ་པ་དང་། བྱི་ལ་སྐྱེས་ནས་གཟའ་འཁོར་དུ་མའི་རྗེས་སུ་ཨ་མ་དང་གྱེས་ཏེ་ཁ་ཟས་འཚོལ་བར་འགྲོ་ཐུབ་པ་ཡིན། དེ་དག་དང་བསྡུར་ན། མིའི་ཕྲུ་གུ་ནི་ནུས་མེད་ཅིག་ཡིན་པས། ལོ་མང་པོར་རྒན་རབས་ཀྱིས་གསོ་སྐྱོང་དང་སྲུང་སྐྱོབ་བྱེད་དགོས་ཤིང་སློབ་གསོ་ཡང་གཏོང་དགོས།

དོན་དངོས་དེར་བརྟེན་ནས། མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ནུས་པ་དང་སྤྱི་ཚོགས་གནད་དོན་གཉིས་ཀར་སྐུལ་འདེད་ཆེན་པོ་བྱས། ཨ་མ་གཅིག་པུས་དཀའ་ཁག་གི་གནས་སུ་ལུས་པའི་རང་ཉིད་དང་བྱིས་པ་ཚོར་ཁ་ཟས་གང་འདང་ཞིག་འཚོལ་བསྡུ་བྱེད་དཀའ་བས། བྱིས་པ་གསོ་སྐྱོང་བྱེད་པར་ཁྱིམ་མི་དང་ཁྱིམ་མཚེས་སོགས་ཀྱིས་རྒྱུན་ཆད་མེད་པར་རོགས་རམ་བྱེད་དགོས། དེའི་རྐྱེན་གྱིས་མིའི་རིགས་གསོ་སྐྱོང་བྱེད་པར་ཚོ་ཁག་ཅིག་གི་མཐུན་སྒྲིལ་ཡོད་དགོས། འཕེལ་འགྱུར་དེར་བསྟུན་ནས་མིའི་རིགས་ཀྱི་སྲ་ཞིང་བརྟན་པའི་སྤྱི་ཚོགས་འབྲེལ་བ་ཆགས་པ་ཡིན། དེ་ལས་གཞན་མིའི་རིགས་ལྷན་སྐྱེས་སྒོས་འཚར་ལོངས་ཆེན་པོ་བྱུང་མེད་པས། མིའི་རིགས་དེ་སྲོག་ཆགས་གཞན་དང་བསྡུར་ན། ལྷག་པར་སློབ་གསོ་དང་སྤྱི་ཚོགས་ཅན་དུ་གཏོང་བའི་རྒྱུ་རྐྱེན་ཡོད་པ་ཡིན། སྲོག་ཆགས་མང་ཤས་སྐྱེས་མ་ཐག་རྫ་ཐབ་ལས་བླངས་པའི་རྫ་ཆས་ལྟ་བུ་ཡིན་པས། བཅོས་སྒྱུར་གང་ཡིན་ཡང་གནོད་པ་ཡོད་པར་མ་ཟད། ཐ་ན་ཚེ་སྲོག་གི་ཉེན་ཁའང་འབྱུང་སྲིད། མིའི་རིགས་མངལ་སྒོ་ནས་བུད་མ་ཐག་བཞུ་ཐབ་ནས་བུད་པའི་ཤེལ་ཞུན་ལྟར་ཡིན་ཞིང་། རང་གི་འདོད་མོས་ལྟར་སྐྱེད་སྲིང་བྱས་ཆོག་པས། བྱིས་པ་དག་ཡེ་ཤུའི་ཆོས་ལུགས་པ་དང་ཡང་ན་སངས་རྒྱས་ཆོས་ལུགས་པར་སྐྱེད་སྲིང་བྱེད་ཐུབ་ཅིང་། སྤྱི་ཚོགས་རིང་ལུགས་པ་དང་ཡང་ན་མ་རྩ་རིང་ལུགས་པ། འཐབ་འཁྲུག་ལ་དགའ་བ་དང་ཡང་ན་ཞི་བདེ་ལ་དགའ་བར་སྐྱེད་སྲིང་བྱས་ཆོག་པ་ཡིན། །(མུ་འགོད)

རྩོམ་སྒྲིག་པ། : བདེ་ལེགས་མཚོ།