ཀྲུང་གོ་བོད་ཀྱི་དྲ་བ།

སྒེར་ཤག་ཏུ་གསང་བའི་ཀེང་རུས།

  རྩོམ་པ་པོ། : རིག་འཛིན་ཚེ་རིང་གིས་དབྱིན་ཡིག་ལས་བསྒྱུར།འགྲེལ་བཤད་པ།བདེ་ལེགས་མཚོ།   སྤེལ་དུས། : 2023-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤེས་ལྡན་མི་དང་འབྲེལ་བའི་དོགས་འདྲོག་སློང་སྲིད་པའི་དོན་དངོས་ཞིག་སྦས་གསང་བྱས་ཡོད། ང་ཚོར་རིག་སྟོབས་སད་མེད་པའི་ཕ་རྒྱུད་གཅིག་པའི་སྤུན་ཟླ་མང་པོ་ཡོད་པར་མ་ཟད། གནའ་སྔོ་མོའི་དུས་སུ་ཕུ་ནུ་མིང་སྲིང་ཡང་གང་མང་ཡོད་མོད། ང་ཚོས་དུས་རྒྱུན་རང་ནི་མིའི་རིགས་རྣལ་མ་ཡིན་པར་ངོས་འཛིན་སྲིད། རྒྱུ་མཚན་ནི་འདས་པའི་ལོ་ངོ་ཁྲི་གཅིག་ལྷག་གི་དུས་ཡུན་ནང་། ང་ཚོས་རང་རིགས་ནི་རང་གི་འཚོ་གནས་ཁོར་ཡུག་ཏུ་མཐོང་ཐུབ་པའི་མིའི་རིགས་ཡིན་པས་རེད། འོན་ཀྱང་། མིའི་རིགས(human)ཞེས་པའི་ཐ་སྙད་ནི་དོན་དངོས་སུ“མི་ཡི་རིགས་ཚན་ལ་གཏོགས་པའི་སེམས་ཅན”ཞེས་པའི་དོན་ཡིན་ཞིང་། འདས་པའི་དུས་སུའང “ཤེས་ལྡན་མི” ལས་གཞན་པའི་སེམས་ཅན་གང་མང་ཡོད་པ་ཡིན། གང་ལྟར་ང་ཚོས་དཔེ་དེབ་འདི་མཇུག་མཐའི་ལེའུ་ནང་་མཐོང་ཐུབ་ལྟར། མི་འགྱང་བའི་མ་འོངས་པའི་དུས་སུ། ང་ཚོ་དང་ཤེས་ལྡན་མི་མ་ཡིན་པའི་སེམས་ཅན་གཞན་པ་དང་འགྲན་རྩོད་ཆེན་པོ་འབྱུང་སྲིད། སྐབས་སུ་ངེས་པར་གསལ་བཤད་བྱེད་དགོས་པ་ནི། ང་ཚོས་ནམ་རྒྱུན་ཤེས་ལྡན་མི(Sapiens)ཞེས་པའི་ཐ་སྙད་ལ་བརྟེན་ནས་ཤེས་ལྡན་མི་ཡི་རིགས(Homo sapiens) ལ་གཏོགས་པའི་སེམས་ཅན་མཚོན་ཞིང་། ཞོར་དུ་མིའི་རིགས་ཞེས་པའི་ཐ་སྙད་ཀྱང་ཟུར་བཞག་བྱས་ཡོད། དེར་བརྟེན་ནས་ད་ལྟར་འཚོ་གནས་བྱེད་བཞིན་པའི་མི་ལ་གཏོགས་པའི་སེམས་ཅན(genus Homo)མཚོན། ()

ཧ་ལམ་ལོ་ངོ་ཁྲི250ཡི་སྔོན་དུ་མིའི་རིགས་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ཤར་ཁུལ་གྱི་མིའི་སྡེ་ཚན་ལ་གཏོགས་པའི་སྤྲ་མིར་འཕེལ་འགྱུར་བྱུང་བར་བརྟེན་ནས་བྱུང་ཞིང་། སྤྲ་མིའི་དེའི་རིགས་ལ “Australopithecus” ཞེས་འབོད་ཅིང“ལྷོ་ཕྱོགས་སྤྲ་མི”ཞེས་འབོད་པ་ཡིན། ཧ་ལམ་ལོ་ངོ་ཁྲི200ཡི་སྔོན་དུ་གནའ་མི་དེ་དག་གི་འགའ་ཤས་རང་གི་ཕ་ཡུལ་དང་གྱེས་ཏེ་གླིང་ཆེན་ཨ་ཧྥེ་རི་ཁའི་བྱང་ཁུལ་དང་གླིང་ཆེན་ཡོ་རོབ། གླིང་ཆེན་ཨ་ཤེ་ཡ་བཅས་ཀྱི་ཡུལ་གྲུ་ཆེན་པོར་འགྲིམ་ནས་གཏན་སྡོད་བྱས་པ་ཡིན། མིའི་རིགས་ཀྱིས་གླིང་ཆེན་ཡོ་རོབ་ཀྱི་གངས་ཁུལ་ནགས་ཀླུང་དང་ཧིན་རྡུ་ཉི་ཞི་ཡའི་ཚ་ཁུལ་ནགས་ཚལ་དུ་འཚོ་གནས་བྱེད་པར་ཁྱད་པར་ཆེ་བས། གནའ་མི་དེ་དག་འཕེལ་འགྱུར་ཁ་ཕྱོགས་མི་གཅིག་པའི་སྒོ་ནས་འཕེལ་འགྱུར་བྱུང་ཞིང་།  མཐའ་མཇུག་རིགས་རྒྱུད་མི་གཅིག་པ་དུ་མར་གྱུར། ཚན་རིག་པས་ཀྱང་དེ་དག་ལ་གནད་ལ་ཁེལ་མེད་པའི་སྒོ་ནས་ལ་ཏིང་གི་མིང་རེ་བཏགས་པ་ཡིན།

图片1.png

དི་དག་ནི་ང་ཚོའི་ཕུ་ནུ་མིང་སྲིང་རེད། ཚོད་དཔག་ལྟར་བསྐྱར་བཞེངས་བྱས་པའི་སྣང་བརྙན། (གཡོན་ནས་གཡས) །རུ་ཏོལ་ཧྥིན་མི(གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་ཁུལ། ཧ་ལམ་ལོ་ངོ་ཁྲི200ཡས་མས།)། ཀེར་ལངས་མི(གླིང་ཆེན་ཨ་ཤི་ཡའི་ཤར་ཁུལ།ཧ་ལམ་ལོ་ངོ་ཁྲི200ནས་ཁྲི5ཡི་བར།) ནེ་ཨན་ཏེར་ཐེ་མི(གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨ་ཤི་ཡ་ནུབ་ཁུལ། ཧ་ལམ་ལོ་ངོ་ཁྲི40ནས་ཁྲི3བར།) འདི་དག་ཚང་མ་མིའི་རིགས་ལ་གཏོགས།

གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨ་ཤི་ཡའི་ནུབ་ཁུལ་གྱི་མིའི་རིགས་དེ་ནེ་ཨན་ཏེར་ཐེ་མིར་འཕེལ་འགྱུར་བྱུང་ཞིང་། ནེ་ཨན་ཏེར་ལུང་ཁོག་གི་མི་ཞེས་པའི་དོན་ཡིན་པ་དང་།  དུས་རྒྱུན“ནེ་ཨན་ཏེར་ཐེ་མི” ཞེས་བསྡུས་སྲིད། ནེ་ཨན་ཏེར་ཐེ་མི་དེ་ང་ཚོ་སྟེ་ཤེས་ལྡན་མི་དང་བསྡུར་ན། ཤ་ཤེད་རྒྱས་ཞིང་ལུས་སྟོབས་ལྡན་པས། འཁྱགས་ཀླུང་དུས་སྐབས་སུ། གླིང་ཆེན་ཨ་ཤི་ཡ་དང་གླིང་ཆེན་ཡོ་རོབ་སྐམ་ས་ཆེན་པོའི་ནུབ་ཁུལ་གྱི་གྲང་ངར་ཆེ་བའི་གནམ་གཤིས་ལ་རན་པར་གྱུར། གླིང་ཆེན་ཨ་ཤི་ཡའི་ཤར་མཐའ་ན་ཀེར་ལངས་མི་འཚོ་གནས་བྱེད་བཞིན་ཡོད་ཅིང་། དེར“དྲང་མོར་ལངས་པའི་མི”ཞེས་མིང་བཏགས་ཡོད། ཁོ་ཚོ་གནས་དེར་ཧ་ལམ་ལོ་ངོ་ཁྲི200ཡི་དུས་ཡུན་དུ་འཚོ་གནས་བྱས་ཤིང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་དུས་ཡུན་རྒྱུན་སྐྱོང་བའི་མིའི་རིགས་ཀྱང་ཡིན་པས། ང་ཚོ་མིའི་རིགས་ལ་མཚོན་ན། ཟིན་བྲིས་དེ་ལས་བརྒལ་རྒྱུ་ནི་བློ་ཡིད་ལས་འདས་པ་ཞིག་ཡིན། ད་ལྟའི་དུས་ནས་བཟུང་། ཤེས་ལྡན་མི་ཡིས་མུ་མཐུད་དུ་ལོ་ངོ་སྟོང་ཕྲག་ལྷག་ལ་འཚོ་གནས་བྱེད་ཐུབ་མིན་ཕྱོགས་ནས་དོགས་གཞི་ཡོད་པས། ལོ་ངོ་ཁྲི200ནི་བློ་ཡིད་ལས་འདས་པའི་དུས་ཡུན་ཞིག་ཡིན།

 ཧིན་རྡུ་ཉི་ཞི་ཡའི་ཇ་ཝ་གླིང་ཕྲན་སྟེང་སོ་ལོ་མི་འཚོ་གནས་བྱས་ཡོད་ལ། “སོ་ལོ་ལུང་ཁོག་གི་མི”ཞེས་པའི་དོན་ཡིན། ཁོ་ཚོ་ཚ་ཁུལ་གྱི་ནགས་ཚལ་དུ་འཚོ་གནས་བྱེད་པར་གོམས་པ་ཡིན། ཧིན་རྡུ་ཉི་ཞི་ཡའི་གླིང་ཕྲན་གཞན་ཞིག་སྟེ། ཧྥུ་ལོ་རེ་སི་གླིང་ཕྲན་ཆུང་བའི་སྟེང་། གནའ་བོའི་མིའི་རིགས་མིའུ་ཐུང་དུ་གྱུར་བ་ཡིན།  མིའི་རིགས་ཐོག་མར་མཚོ་ངོས་ཧ་ཅང་དམའ་བའི་དུས་སུ་ཧྥུ་ལོ་རེ་སི་གླིང་ཕྲན་ལ་སླེངས་པ་དང་། སྐབས་དེར་སྐམ་ས་ཆེན་པོ་ནས་གླིང་ཕྲན་དེར་བགྲོད་སླ་བ་ཡིན། མཚོ་ངོས་སླར་ཡང་ཡར་འཕགས་རྗེས། མི་འགའ་ཤས་གླིང་ཕྲན་སྟེང་ཁག་པར་གྱུར་ཞིང་། གཟུགས་པོ་ཆེན་པོ་དག་ལ་ཟས་རིགས་མང་པོ་དགོས་པས། ཐོག་མར་འཇིག་རྟེན་དང་བྲལ་བར་གྱུར་ཞིང་། གཟུགས་པོ་ཆུང་ངུ་དག་གིས་འཚོ་བ་རོལ་ཐུབ་པར་གྱུར། མི་རབས་མང་པོའི་རྗེས་སུ། ཧྥུ་ལོ་རེ་སི་ཡི་མིའི་རིགས་དེ“dwarve”སྟེ་མིའུ་ཐུང་དུ་གྱུར། ཚན་རིག་པས་མིའི་སྡེ་ཚན་དུ་གཏོགས་པའི་སེམས་ཅན་དེར“ཧྥུ་ལོ་རེ་སི་མི” ཞེས་མིང་བཏགས་ཡོད། ཁོ་ཚོའི་གཟུགས་པོ་ཆེས་ཆེ་བ་ཡང་སྨི་གཅིག་ལས་མེད་ཅིང་། ལུས་པོའི་ལྗིད་ཚད་ཀྱང་སྤྱི་རྒྱ25ཙམ་ལས་མེད། དེ་ལྟར་ཡིན་ཡང་། ཁོ་ཚོས་རྡོ་ཆས་ལག་ཆ་བཟོ་ཐུབ་པར་མ་ཟད། སྐབས་བསྟུན་ལྟར་གླིང་ཕྲན་དེའི་གླང་ཆེན་ཡང་རྔོན་ཐུབ། འོན་ཀྱང་དོན་དངོས་སུ་གླང་ཆེན་དེ་དག་ཀྱང་སྲོག་ཆགས་གཟུགས་ཆུང་གི་གྲས་སུ་གཏོགས།  

སྤྱི་ལོ2010ལོར་ཚན་རིག་པས་ཞི་པོ་ལི་ཡའི་ཏེ་ནེ་སོ་ཝ(Denisova) བྲག་ཁུང་ནས་རྡོ་འགྱུར་མཛུབ་མོ་ཞིག་བརྙེད་ཅིང་། མིའི་རིགས་ཀྱི་འདས་ཟིན་པའི་ཕུ་ནུ་མིང་སྲིང་ལ་ངོས་འཛིན་བྱས། གཞི་རྒྱུད་དབྱེ་ཞིབ་ལྟར་ན། མཛུབ་མོ་དེ་སྔོན་ཆད་ངོས་འཛིན་བྱས་མེད་པའི་མིའི་རིགས་ཀྱི་སྡེ་ཚན་དུ་གཏོགས་ཤིང་། ཏེ་ནེ་སོ་ཝའི་མིའི་རིགས(Homo denisova)ཞེས་མིང་བཏགས། འཛམ་གླིང་སྟེང་གི་གནམ་གཤིས་མི་འདྲ་བའི་གླིང་ཕྲན་དང་ས་ཁུལ་གྱི་བྲག་ཁུང་སོགས་སུ། ང་ཚོས་ངོས་འཛིན་ལ་སྒུག་ཡོད་པའི་འདས་ཟིན་པའི་གཉེན་ཉེ་ག་འདྲ་ཞིག་ཡོད་པ་དེ་སུས་ཀྱང་རྟོགས་དཀའ་བ་ཞིག་ཡིན།

མིའི་རིགས་གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨ་ཤི་ཡ་ནས་འཕེལ་འགྱུར་བྱུང་སྐབས། གླིང་ཆེན་ཨ་ཧྥེ་རི་ཁ་ཤར་ཁུལ་གྱི་འཕེལ་འགྱུར་ཡང་མཚམས་ཆད་མ་མྱོང་ཞིང་། མིའི་རིགས་ཀྱི་ཕ་ཡུལ་ནས་སྔར་བཞིན་སྐྱེ་དངོས་རིགས་གསར་བ་གསོ་སྐྱོང་བྱས། དཔེར་ན། རུ་ཏོལ་ཧྥིའི་མི(Homo rudolfensis)སྟེ། རུ་ཏོལ་ཧྥི་མཚེའུ་ནས་ངོས་བཟུང་བས་མིང་དེ་ལྟར་བཏགས།  ཨེ་ག་སི་ཐེའི་མི(Homo ergaster) སྟེ། “ལས་བཟོ་པ” ཞེས་པའི་མིའི་ནང་ཚན་གྱི་དོན་ཡིན། དེ་བཞིན་ང་ཚོའི་རིགས་རྒྱུད་སོགས་གང་མང་ཡོད་མོད།  ང་ཚོས་རང་ལ་འཛེམ་དོགས་མེད་པར་ཤེས་ལྡན་མི (Homo sapiens)ཞེས་མིང་བཏགས་པ་ཡིན། དེའི་ནང་དོན་ནི་ཤེས་རབ་ལྡན་པའི་མི“Wise Man” ཞེས་པའི་དོན་ཡིན།

མིའི་རིགས་སྡེ་ཚན་གྱི་སེམས་ཅན་འགའ་ཤས་ཀྱི་ལུས་སྟོབས་རྒྱས་ཤིང་འགའ་ཤས་ནི་མིའུ་ཐུང་ཡིན། འགའ་ཤས་ནི་འཇིགས་སུ་རུང་བའི་རྔོན་པ་ཡིན་ཞིང་།འགའ་ཤས་ནི་སྙོམས་ཆུང་གི་ཤིང་ཏོག་འཚོལ་བསྡུ་བྱེད་མཁན་ཡིན།  ཁོ་ཚོའི་མང་ཤས་གླིང་ཆེན་སོ་སོར་མྱུལ་སྐབས། ཉུང་ཤས་གླིང་ཕྲན་གཅིག་གི་སྟེང་འཚོ་གནས་བྱས་པ་ཡིན། འོན་ཀྱང་། དེ་དག་ཚང་མ་མིའི་རིགས་སྡེ་ཚན་དུ་གཏོགས་ཤིང་། ཚང་མ་མིའི་རིགས་ཡིན།

རྒྱུན་ལྡན་གྱི་ནོར་འཁྲུལ་ཅན་གྱི་བསམ་ཚོར་ལ་བརྟེན་ནས། མིའི་རིགས་ཀྱི་འཕེལ་འགྱུར་དེ་དྲང་ལམ་སྒོས་འཕེལ་འགྱུར་བྱུང་བའི་འཁྲུལ་ཤེས་ཞིག་ཆགས་ཡོད་པས། Ergasterམི་ལསErectusམི་འཕེལ་འགྱུར་བྱུང་ཞིང་། Erectusམི་ལས་ནེ་ཨན་ཏེར་ཐེ་མི་འཕེལ་འགྱུར་བྱུང་བ་དང་། དེ་ལས་ང་ཚོའི་རིགས་འཕེལ་འགྱུར་བྱུང་བར་འདོད་ཡོད། དྲང་ལམ་འཕེལ་འགྱུར་མ་ཡིག་གིས་ནོར་འཁྲུལ་ཅན་གྱི་བག་ཆགས་ཤིག་བཞག་པ་ནི། སའི་གོ་ལའི་སྟེང་དུས་དང་རྣམ་པ་ཀུན་ཏུ་མི་ཡི་རིགས་གཅིག་འཚོ་གནས་བྱས་པ་ཡིན་ཞིང་། སྔོན་མ་ཡོད་ཚད་ནི་ང་ཚོའི་རིགས་ཀྱི་གདོད་མའི་རྣམ་པ་ཡིན་པར་འདོད་ཡོད་མོད། དོན་དངོས་ལྟར་ན། ལོ་ངོ་ཁྲི200ཡི་སྔོན་ནས་ལོ་ངོ་ཁྲི1གི་བར་ལ། སའི་གོ་ལ་ནི་མིའི་རིགས་ཀྱི་སྡེ་ཚན་མི་གཅིག་པ་དུ་མ་མཉམ་དུ་འཚོ་གནས་བྱས་པའི་ཁྱིམ་གཞི་ཡིན། ད་ལྟའི་སའི་གོ་ལའི་སྟེང་ཝ་མོ་དང་དོམ་དང་ཕག་སོགས་རིགས་རྒྱུད་མི་གཅིག་པ་གང་མང་མཉམ་དུ་འཚོ་གནས་བྱེད་བཞིན་ཡོད་པ་ལྟར། ལོ་ངོ་ཁྲི་ཕྲག་དུ་མའི་སྔོན་གྱི་སའི་གོ་ལའི་སྟེང་། མ་མཐའ་ཡང་མིའི་རིགས་སྡེ་ཚན་གྱི་སེམས་ཅན་རིགས་རྒྱུད་དྲུག་ལྷག་འཚོ་གནས་བྱེད་བཞིན་ཡོད་པས། ལོ་རྒྱུས་དོན་དངོས་ལྟར་ན། འདས་པའི་དུས་སུ་མིའི་རིགས་མང་པོ་མཉམ་དུ་གནས་པ་ནི་རྒྱུན་ལྡན་ཅན་ཞིག་ཡིན་ཞིང་། ད་ལྟར་མིའི་རིགས་གཅིག་ལས་ལྷག་མེད་པ་དེ་ནི་རྒྱུན་ལྡན་ཅན་ཞིག་མིན། ང་ཚོས་ཞོལ་ནས་ཤེས་ཐུབ་པ་ནི། ང་ཚོས་རང་གི་འདས་པའི་ཕུ་ནུ་མིང་སྲིང་གི་དྲན་པ་བརྗེད་གང་ཐུབ་བྱེད་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་ཡིན། ། ( མུ་འགོད)

རྩོམ་སྒྲིག་པ། : བདེ་ལེགས་མཚོ།