ཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ། རྣམ་པར་རྟོག་པའི་གསར་བརྗེ།

  རྩོམ་པ་པོ། : རིག་འཛིན་ཚེ་རིང་གིས་དབྱིན་ཡིག་ལས་བསྒྱུར།འགྲེལ་བཤད་པ།བདེ་ལེགས་མཚོ།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་བཅད་དང་པོ། རྣམ་པར་རྟོག་པའི་གསར་བརྗེ།

图片1.png

འདི་ནི1མི་ཞིག་གིས་ལོ་ངོ30000གྱི་སྔོན་དུ་ཧྥ་རན་སིའི་ལྷོ་ཕྱོགས་ས་ཁུལ་གྱི་བྲག་ཕུག་གི་བྲག་ངོས་ལ་དཔར་པའི་ལག་རྗེས་ཡིན། མི་དེས“ང་རང་འདི་ན་ཡོད” ཅེས་བསྒྲགས་པ་མཚོན་ཡོད།    

ལེའུ་དང་པོ། ཁྱད་འཕགས་མིན་པའི་སེམས་ཅན།

ཧ་ལམ་ལོ་ངོ་དུང་ཕྱུར135ཡི་སྔོན་དུ་འབར་གས་ཆེན་པོ(Big Bang)བྱུང་རྗེས། རྡུལ་རྫས་དང་ནུས་པ། དུས་དང་ཁམས་སོགས་ཡོད་པར་གྱུར་ཞིང་། འཇིག་རྟེན་ཁམས་ཆེན་པོའི་གཞི་རྩའི་དངོས་པོ་དང་དེར་འབྲེལ་ཆོས་ཉིད་སྐོར་གྱི་གཏམ་རྒྱུད་ལ་དངོས་ལུགས་ཞེས་བརྗོད་པ་ཡིན།

ཧ་ལམ་ལོ་ངོ300000ལྷག་གི་རྗེས་སུ། རྡུལ་རྗས་དང་ནུས་པ་ལྷན་གཅིག་ཏུ་བསྡུས་ཏེ་རྙོག་འཛིང་གི་ཕུང་བོ་བྱུང་ཞིང་། དེར་རྡུལ་ཕྲན་ཞེས་བརྗོད་པ་ཡིན། དེ་དག་ལྷན་དུ་འདུས་ཏེ་འདུས་རྡུལ་བྱུང་ཞིང་། རྡུལ་ཕྲན་དང་འདུས་རྡུལ་གྱིས་བར་ཕན་ཚུན་ལ་ནུས་ཤུགས་བཏོན་པའི་གཏམ་རྒྱུད་ལ་རྫས་འགྱུར་ཞེས་བརྗོད་པ་ཡིན།

ཧ་ལམ་ལོ་ངོ་དུང་ཕྱུར38ལྷག་གི་རྗེས་སུ། སའི་གོ་ལ་ཞེས་པའི་གཟའ་སྐར་སྟེང་འདུས་རྡུལ་མང་པོ་ལྷན་དུ་འདུས་ཏེ་སྔར་ལས་རྙོག་འཛིང་ཆེ་བའི་འདུས་གཟུགས་བྱུང་ཞིང་། འདུས་གཟུགས་དེའི་གཏམ་རྒྱུད་ལ་སྐྱེ་དངོས་རིག་པ་ཞེས་བརྗོད་པ་ཡིན།

ཧ་ལམ་ལོ་ངོ70000ལྷག་གི་རྗེས་སུ། ཤེས་ལྡན་མི(Homo sapiens)ཡི་གྲས་སུ་གཏོགས་པའི་སེམས་ཅན་གྱིས་ལྷག་པར་རྙོག་འཛིང་ཆེ་བའི་འདུས་གཟུགས་ཤིག་གསར་སྐྲུན་བྱེད་འགོ་བརྩམས། དེར་རིག་གནས་ཞེས་བརྗོད་པ་ཡིན། མིའི་རིགས་ཀྱི་རིག་གནས་འཕེལ་འགྱུར་རྒྱུད་རིམ་ལ་ལོ་རྒྱུས་ཞེས་བརྗོད་པ་ཡིན།

གསར་བརྗེ་གལ་ཆེན་གསུམ་ལ་བརྟེན་ནས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་སུ་བཏང་། ཧ་ལམ་ལོ་ངོ 70000ཡི་སྔོན་དུ་རྣམ་པར་རྟོག་པའི་གསར་བརྗེའི(Cognitive Revolution)འགོ་བརྩམས། ཧ་ལམ་ལོ་ངོ12000 ཡས་མས་སུ་བྱུང་བའི་ཞིང་ལས་གསར་བརྗེ (Agricultural Revolution)ལ་བརྟེན་ནས་ལོ་རྒྱུས་འཕེལ་རྒྱས་ཇེ་མགྱོགས་སུ་སོང་། ལོ་ངོ500ཙམ་གྱི་སྔོན་ཏག་ཏག་ལ་བྱུང་བའི་ཚད་རིག་གསར་བརྗེ(Scientific Revolution)ལ་བརྟེན་ནས་ལོ་རྒྱུས་ཤིག་མཇུག་རྫོགས་ཤིང་། གསར་གཏོད་བླ་སྲོག་ཡིན་པའི་ལོ་རྒྱུས་ཀྱི་འགོ་བརྩམས། དཔེ་དེབ་འདིར་གསར་བརྗེ་གལ་ཆེན་གསུམ་དང་དེ་དག་གིས་མིའི་རིགས་དང་བཅས་པའི་སྐྱེ་ལྡན་མ་ལག(organisms)ལ་ཐེབས་པའི་ཤུགས་རྐྱེན་སོགས་བརྗོད་གཞིར་བཀོད་སྒྲིག་བྱས་ཡོད།  

ལོ་རྒྱུས་ཟིན་བྲིས་མ་བྱུང་བའི་སྔོན་ནས་བཟུང་མིའི་རིགས་སའི་གོ་ལའི་སྟེང་འཚོ་ཞིང་གནས་པ་ཡིན། ཧ་ལམ་ལོ་ངོ་ཁྲི250ཡས་མས་སུ་དེང་རབས་མི་དང་ཕལ་ཆེར་རིགས་གཅིག་པའི་སྲོག་ཆགས་ཐོག་མ་བྱུང་། འོན་ཀྱང་ཁོ་ཚོའི་གྲངས་ལས་འདས་པའི་བུ་རབས་ཚ་རྒྱུད་ཀྱི་ལོ་རྒྱུས་འཕེལ་རིམ་ནང་། ཁོ་ཚོ་དང་མཉམ་དུ་འཚོ་ཞིང་གནས་པའི་སྲོག་ཆགས་གཞན་དང་བསྡུར་ན། ཁྱད་པར་དུ་འཕགས་པའི་ཡོན་ཏན་ནམ་དགེ་མཚན་ཆེན་པོ་མེད་པ་ཡིན།

གལ་ཏེ་ཁྱེད་རང་ལོ་ངོ་ཁྲི200ཡི་སྔོན་གྱི་གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་རྒྱུད་དུ་རྐང་ཐང་གིས་གནས་སྐོར་དུ་སོང་ན། ཧ་ལམ་མིའི་རིགས་དང་རིགས་གཅིག་པའི་སེམས་ཅན་ཚོ་ཁག་དང་འཕྲད་སྲིད། གནས་དེར་སེམས་ཁྲལ་གྱིས་དཀྲོགས་པའི་ཨ་མ་ཚོས་དོགས་ཟོན་སྒོས་རང་རང་གི་བྱིས་པ་པང་དུ་དམ་པོར་བཟུང་ཡོད་ལ། འཛེམ་དོགས་མེད་པའི་བྱིས་པ་ཚོས་འདམ་ནང་དུ་བག་ཡངས་སྒོས་རྩེན་འཇོར་རོལ་བཞིན་ཡོད་པ། གཤིས་རྒྱུད་རྩུབ་པོའི་དར་མ་ཚོ་སྤྱི་ཚོགས་གོ་རིམ་གྱི་བླང་བྱར་ཁོང་ཁྲོ་ལང་ཡོད་ལ། ཡིད་ཐང་ཆད་པའི་རྒན་པ་ཚོས་ཞི་བདེ་བག་ཕེབས་ཀྱི་འཚོ་བར་རེ་སྨོན་བྱེད་བཞིན་ཡོད་པ། ལུས་སྟོབས་རྒྱས་པའི་ཕོ་གསར་ཚོས་ཚོ་ཁག་གི་མཛེས་མར་བག་ཆགས་ཟབ་མོ་འཇོག་རྩིས་ཡོད་པ་ལ་སོགས་པའི་སྣང་བརྙན་སྣ་ཚོགས་མཐོང་སྲིད། སྣང་བརྙན་དེ་དག་ཚོ་ཁག་དེའི་ཤེས་རབ་ལྡན་པའི་བདག་མོ་ཚོར་མཚོན་ན། རྒྱུན་ལྡན་གྱི་སྣང་བརྙན་འབའ་ཞིག་ཡིན་སྲིད།  གནའ་སྔ་མོ་ནས་བཟུང་། མིའི་རིགས་ལ་ཕན་ཚུན་བར་དགའ་ཞིང་ཞེན་ཆགས་པ་དང་མཉམ་དུ་རྩེན་འཇོར་རོལ་བ། ཕན་ཚུན་བར་བརྩེ་དུང་ཟབ་མོ་འཛུགས་པ་ལ་སོགས་པའི་གཤིས་ཀ་ཡོད་ལ། རང་རང་གི་གོ་གནས་དང་དབང་ཆའི་དོན་དུ་ཕན་ཚུན་ལ་འགྲན་འཛུགས་པའི་རང་བཞིན་ཡང་ཡོད། སྤྲ་ནག (chimpanzee) དང་པ་པོན་སྤྲེའུ (baboon)དང་གླང་ཆེན་སོགས་ཀྱང་དེ་ལྟར་ཡིན་པས། མིའི་རིགས་ལ་དེ་དག་ལས་ཁྱད་པར་དུ་འཕགས་པའི་དགེ་མཚན་མངོན་གསལ་གང་ཡང་མེད། དུས་སྐབས་དེའི་མིའི་རིགས་ལ་མཚོན་ན། ཁོ་ཚོའི་བུ་རབས་ཚ་རྒྱུད་ཀྱི་དུས་སུ་ཟླ་བའི་གོ་ལའི་སྟེང་གནས་སྐོར་དུ་བགྲོད་པ་དང་རྡུལ་ཕྲན་དུམ་བུར་གཤགས་པ། གཞི་རྒྱུད་སྒྲིམ་གཞིའི་གཏིང་མཐའ་བརྟོལ་ཏེ། ལོ་རྒྱུས་གསར་བ་ཞིག་འབྲི་སྲིད་པ་དེ་བློ་ཡིད་ལ་ཤོང་དཀའ་བ་ཞིག་ཡིན། ཅིས་ཀྱང་ཤེས་དགོས་པའི་ལོ་རྒྱུས་སྔོན་གྱི་མིའི་རིགས་དང་འབྲེལ་བའི་དོན་ཆེན་ཞིག་ནི། དུས་སྐབས་དེར་ཁོ་ཚོས་ཁོར་ཡུག་ལ་བསྐྱེད་པའི་ཤུགས་རྐྱེན་དེ་གོ་རི་ལ་སྤྲེའུ (gorilla)དང་སྲིན་འབུ་མེ་ཁྱེར། ཉ་ལྡེ་གུ(jellyfish)སོགས་ཀྱིས་ཁོར་ཡུག་ལ་བསྐྱེད་པའི་ཤུགས་རྐྱེན་ལས་ཆེ་བ་ཞིག་མིན།

སྐྱེ་དངོས་རིག་པ་སྨྲ་བས་སྐྱེ་ལྡན་ཕུང་བོ་རྣམས་རིགས་དང་སྡེ་ཚན་སོ་སོར་དབྱེ་བ་ཡིན། གལ་ཏེ་སྲོག་ཆགས་ཤིག་ལ་སྲོག་ཆགས་གཞན་ཞིག་དང་ཆགས་སྦྱོར་འདོད་མོས་ཡོད་པ་མ་ཟད། རིགས་རྒྱུད་སྤེལ་པའི་ནུས་པ་ལྡན་པའི་རིགས་རྒྱུད་རྗེས་མ་བསྐྱེད་སྲིད་ན།  དེ་གཉིས་ཀ་རིགས་རྒྱུད་གཅིག་གི་གྲས་སུ་གཏོགས་པ་ཡིན། དཔེར་ན། ཕྱིའི་གཟུགས་ཀྱི་ཆ་ནས། རྟ་དང་བོང་བུ་གཉིས་ཀར་ཐུན་མོང་གི་མེས་པོ་ཡོད་པར་འདོད་སྲིད་མོད། འོན་ཀྱང་དེ་གཉིས་ཀར་ཕན་ཚུན་ལ་ཆགས་སྦྱོར་འདོད་མོས་མེད་པ་མ་ཟད། གལ་ཏེ་བསླུ་ཁྲིད་སྒོས་འཁྲིག་སྦྱོར་བྱེད་དུ་བཅུག་ན་ཡང་། རིགས་རྒྱུད་སྤེལ་བའི་ནུས་པ་མེད་པའི་རིགས་རྒྱུད་དེ་དྲེལ་བསྐྱེད་སྲིད། བོང་བུའི་གཞི་རྒྱུད(DNA)རིམ་འགྱུར་དེ་རྟ་ལ་མཚམས་སྦྱོར་བྱེད་མི་ཐུབ་ཅིང་། རྟ་ཡི་གཞི་རྒྱུད་རིམ་འགྱུར་ཡང་དེ་ལྟར་ཡིན་པས།  དེ་གཉིས་ཀ་རིགས་རྒྱུད་གཅིག་ཏུ་རྩི་མི་འོས་ཤིང་། སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་འཕེལ་འགྱུར་རྒྱུད་རིམ་ཡོད་པ་ཡིན། དེ་ལས་ལྡོག་སྟེ་ཕྱིའི་གཟུགས་ཀྱི་ཆ་ནས། གླང་འཛིང་ཁྱི(bulldog)དང་སི་ཕེན་རྔོན་ཁྱི(spaniel)གཉིས་བར་ཁྱད་པར་ཆེན་པོ་ཡོད་ན་ཡང་། དེ་གཉིས་རིགས་རྒྱུད་གཅིག་གི་གྲས་སུ་གཏོགས་ཤིང་། གཅིག་མཐུན་གྱི་གཞི་རྒྱུད་ཀྱང་ཡོད་པས། ཕན་ཚུན་ལ་ཆགས་སྦྱོར་འདོད་མོས་ཡོད་ཅིང་། དེའི་ཕྲུ་གུས་ཀྱང་ཕན་ཚུལ་ལ་ཆགས་སྦྱོར་བྱེད་སྲིད་ཅིང་། དེ་དག་གིས་ཀྱང་ཕྲུ་གུ་མང་པོ་བསྐྱེད་སྲིད།

ཐུན་མོང་གི་མེས་པོ་ཞིག་ལས་འཕེལ་འགྱུར་བྱུང་བའི་རིགས་རྒྱུད་མཐའ་དག་རིགས་རྒྱུད(genus)གཅིག་གི་སྡེ་ཚན་དུ་བསྡུ་སྲོལ་ཡོད།  དཔེར་ན། སེང་གེ་དང་སྟག གཟིག གླིང་ཆེན་ཨ་རིའི་གཟིག་སོགས་གཟིག་ཚན(Panthera)གཅན་གཟན་ལ་ངོས་འཛིན་སྲིད་པ་ལྟ་བུ། སྐྱེ་དངོས་རིག་པའི་མཁས་པས་ལ་ཏིང་ཡི་གེའི་ཐ་སྙད་གཉིས་ལ་བརྟེན་ནས། སྐྱེ་དངོས་སོགས་སྡེ་ཚན་དང་རིགས་རྒྱུད་གཉིས་སུ་དབྱེ་ཡོད་ཅིང་། རིགས་མཐའ་དག་ནི་སྡེ་ཚན་སོ་སོར་གཏོགས་པ་ཡིན། དཔེར་ན། སེང་གེ་ལྟ་བུར་མཚོན་ན། སེང་གེའི་རིགས་ཞེས་འབོད་ཅིང་། གཟིག་ཚན་གཅན་གཟན་གྱི་གྲས་སུ་གཏོགས་པ་ཡིན། ཧ་ལམ་དཔེ་དེབ་འདིའི་ཀློག་མཁན་ཚང་མ་ཤེས་ལྡན་མི་ཡི་རིགས་རྒྱུད་ཡིན་ཞིང་། ཤེས་ལྡན་མིའི་སྡེ་ཚན་དུ་གཏོགས་པ་ལྟ་བུ།

རིགས་ཚན་དུ་མར་གཏོགས་པའི་སྐྱེ་དངོས་མཐའ་དག་སྡེ་ཚན(family)གཅིག་ཏུ་བསྡུས་ཆོག་པ་ཡིན། དཔེར་ན། བྱི་ལའི་སྡེ་ཚན་དུ་སེང་གེ་དང་གཟིག་དང་བྱི་ལ་སོགས་བསྡུས་ཆོག་པ་དང་། ཁྱིའི་སྡེ་ཚན་དུ་སྤྱང་ཀི་དང་ཝ་མོ། འཕར་བ་སོགས་བསྡུས་ཆོག་ཅིང་། གླང་ཆེན་སྡེ་ཚན་དུ་གླང་ཆེན་དང་གླང་རྒོད  (mammoth)། ནུ་སོ་གླང(mastodon)སོགས་བསྡུས་ཆོག་པ་ལྟ་བུ་ཡིན། སྡེ་ཚན་གཅིག་ཏུ་གཏོགས་པ་ཚང་མ་གདོད་མའི་མེས་པོའམ་མེས་མོ་ཞིག་ལ་ཁོངས་གཏུགས་ཆོག དཔེར་ན། བྱི་ལའི་སྡེ་ཚན་དུ་གཏོགས་པའི་སྲོག་ཆགས་ཡོད་ཚད་དེ། ཆེས་ཉམ་ཆུང་བའི་ཁྱིམ་བྱི་ནས་གདུག་རྩུབ་ཆེས་ཆེ་བའི་སེང་གེ་ལ་སོགས་པར།  ལོ་ངོ་ཁྲི2500ཡི་སྔོན་དུ་ཐུན་མོང་གི་བྱི་ལའི་སྡེ་ཚན་གྱི་མེས་པོ་ཞིག་ཡོད་པ་ཡིན།

དེ་བཞིན་ཤེས་ལྡན་མི(Homo sapiens)ཡང་སྡེ་ཚན་གཅིག་ལ་གཏོགས་མོད། འོན་ཀྱང་དོན་དངོས་དེ་ལོ་རྒྱུས་ཀྱི་དུས་ཡུན་རིང་བོར་འཛེམ་དགོས་པའི་གསང་བ་ཞིག་ཏུ་གྱུར་ཡོད།  ཤེས་ལྡན་མི་ཡིས་གནའ་སྔ་མོའི་དུས་ནས། རང་དང་སྲོག་ཆགས་གཞན་པའི་བར་རང་འདོད་ལྟར་བར་མཚམས་ཤིག་འབྱེད་པས། ཤེས་ལྡན་མི་དེ་སྡེ་ཚན(ཁྱིམ་རྒྱུད)མེད་པའི་དྭ་ཕྲུག་ཅིག་ཏུ་གྱུར་ཞིང་། ཕུ་ནུ་མིང་སྲིང་མེད་ལ། སྒོས་སུ་ཕ་མེས་ཡང་མེས་ཀྱང་མེད་པའི་གནས་སུ་ལྷུང་ཡོད། འོན་ཀྱང་དོན་དངོས་དེ་ལྟར་མིན་ཏེ།  དོན་དངོས་དེར་ཁྱོད་ཀྱིས་ཁས་བླངས་ཆོག་ལ་ཁས་མ་བླངས་ན་ཡང་ཆོག་མོད། ང་ཚོ་ཚང་མ་སྡེ་ཚན་གཅིག་ལ་གཏོགས་ཤིང་། སྡེ་ཚན་དེར་སྤྲ་ཆེན་སྡེ་ཚན(great apes)ཞེས་འབོད་པ་ཡིན། ང་ཚོའི་ཆེས་ཉེ་བའི་གཉན་ཉེ་ནི་སྤྲ་ཆེན་དང་སྤྲ་ནག སྤྲེའུ་སེར(orang-utans)སོགས་སྤྲ་རིགས་སྣ་ཚོགས་ཡིན་ཞིང་། དེ་དག་ལས་སྤྲ་ནག་ནི་ཆེས་ཉེ་བའི་གཉན་ཉེ་ཡིན། ཧ་ལམ་ལོ་ངོ་ཁྲི 600ཡི་སྔོན་དུ་མོ་སྤྲ་ཞིག་ལ་བུ་མོ་གཉིས་སྐྱེས་ཤིང་། དེ་གཉིས་ལས་གཅིག་ནི་སྤྲ་ནག་གི་མེས་པོ་ཡིན་ཞིང་།  གཞན་པ་དེ་ང་ཚོ་མིའི་རིགས་ཀྱི་མེས་པོ་ཡིན། །(མུ་འགོད) 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།