ཀྲུང་གོ་བོད་ཀྱི་དྲ་བ།

སྔགས་ལོག་སུན་འབྱིན་བཞུགས་སོ།།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བུ་སྟོན་ཐམས་ཅད་མཁྱེན་པས་མཛད།   སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨོཾ་སྭ་སྟི། དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། ཁ་བ་ཅན་འདིར་བླུན་པོ་འགའ་ཞིག་གིས།། རང་བཟོས་ཆོས་ལོག་དུ་མ་སྤྱད་པ་རྣམས།། དིང་སང་ཡོངས་སུ་གྲགས་ནས་འགྲོ་མང་པོ།། ལོག་པའི་ལམ་ལ་སྦྱར་བ་དུ་མ་སྣང་།། དེ་དག་ཐམས་ཅད་བརྗོད་ཀྱིས་མི་ལང་མོད།། ཆེ་ལོང་ཙམ་ཞིག་འདིར་ནས་བྲི་བར་བྱ།། མངལ་གྱི་སྐྱོན་བྲལ་པདྨའི་སྟེང་ནས་འཁྲུངས།། གནས་ལྔ་མཁྱེན་ཞིང་དགེ་སྦྱོང་བརྟུལ་ཞུགས་འཛིན།། ས་ལ་གནས་པའི་བྱང་སེམས་ཆེན་པོ་པ།། པདྨ་འབྱུང་གནས་གྲགས་ལ་བདག་ཅག་དད།། དེ་ཡི་གསུང་རབ་དྲི་མ་མེད་པ་དང་།། རྒྱལ་བའི་བཀའ་དང་ཁྱད་པར་མེད་པར་གོ།། དེ་ཡི་བཀའ་ལྟར་བཅོས་པའི་ཆོས་ལོག་རྣམས།། ཆོས་དབང་ཞེས་བྱ་བདུད་ཀྱི་འཕྲིན་ལས་བས།། གཏེར་ནས་བཏོན་ཞེས་ཆོས་ལོག་དུ་མ་སྦྱར།། འགྲོ་བ་མང་པོ་ལོག་པའི་ལམ་ལ་འཁྲིད།། དེ་ཡི་རྗེས་འབྲངས་ཆོས་ཉིད་རང་གྲོལ་སོགས།། བླུན་པོ་འགའ་ཡིས་དར་ཞིང་རྒྱས་པར་བྱས།། སྤྱན་རས་གཟིགས་དབང་སྙིང་པོ་ཡིག་དྲུག་ལ།། ཧྲི་བསྣན་བདུན་དུ་སྒྲོག་པའི་སྔགས་ལོག་བརྩམས།། དེ་བཞིན་རང་རང་སོ་སོ་ནས།། ལུང་པ་རེ་ནས་གཏེར་རྫུན་རེ།། བཏོན་ནས་ཕྱོགས་བཅུར་རྒྱས་པར་བྱས།། འདི་འདྲའི་མངོན་སུམ་རྫུན་ཚིག་ལའང་།། ཁ་བ་ཅན་པ་བདེན་ཞེན་བྱེད།། ཀྱེ་མ་བླུན་པོའི་ཀུན་སྤྱོད་མཚར།། གལ་ཏེ་གཏེར་ནས་བཏོན་གྱུར་ཀྱང་།། དབང་དང་ལུང་སོགས་མེད་པའི་ཕྱིར།། དེ་དག་སྤྱད་བྱ་མ་ཡིན་ཏེ།། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས།། དབང་མེད་པར་ནི་དངོས་གྲུབ་མེད།། བྱེ་མ་བཙིར་ལས་མར་མེད་བཞིན།། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས།། དབང་བསྐུར་མེད་པར་འཆང་བྱེད་པ།། སློབ་དཔོན་སློབ་མ་ཤི་མ་ཐག། དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ།། དེ་ནས་འབད་པ་ཐམས་ཅད་ཀྱིས།། བླ་མ་ལས་ནི་དབང་ནོད་ཞུ།། ཞེས་གསུངས་རྒྱུད་རྣམས་ཀུན་ཏུ་གསལ།། དེ་ལྟར་གནོད་བྱེད་བརྗོད་པ་ལ།། འདི་དང་འཕྲད་པ་ཐམས་ཅད་ནི།། སྐྱེ་བ་སྔོན་མ་དབང་ཐོབ་ཅིང་།། སྐལ་ལྡན་ཁོ་ན་ཡིན་ནོ་ཟེར།། དེ་ལྟར་ཡིན་ན་གཏེར་ཆོས་དང་།། དིང་སང་འཕྲད་པ་ཐམས་ཅད་ཀྱང་།། དབང་བསྐུར་ལ་སོགས་ཞུ་མ་དགོས།། བླ་མ་སློབ་མའི་ཁྱད་པར་མེད།། དབང་མ་ཐོབ་པ་མཉམ་པོ་ཡིན།། དེ་བཞིན་རྒྱུད་སྡེ་ཐམས་ཅད་ལའང་།། དིང་སང་འཕྲད་པ་སྐལ་ལྡན་ཡིན།། དབང་བསྐུར་ཞུ་བ་དོན་མེད་ཡིན།། འདི་འདྲ་འཐད་དམ་མི་འཐད་སོམས།། གཞན་ཡང་ཁོ་ཡིས་འདོད་པ་ལ།། མ་ཎི་པདྨེ་ཡིག་དྲུག་ལ།། ཧྲི་བསྣན་པ་ལ་སྐྱོན་མེད་དེ།། ཧྲི་འདི་ཐུགས་རྗེ་ཆེན་པོ་ཡི།། ས་བོན་ཡིན་པས་བསྣན་ནོ་ཟེར།། འདི་ཡང་འཐད་པ་མ་ཡིན་ཏེ།། ཟ་མ་ཏོག་གི་མདོ་ལས་ཀྱང་།། ཡི་གེ་དྲུག་པ་ཉིད་དུ་བཤད།། སངས་རྒྱས་ལ་ནི་ཁོ་མི་ལྷག། རྒྱ་གར་མཁས་པས་འདི་ལྟར་བཞེད།། ཨོཾ་མེད་པ་ལ་ཨོཾ་བཅུག་དང་།། སྭཱ་ཧཱ་ཕཊ་ལ་སོགས་པ་ཀུན།། ཡོད་པ་ཆད་དང་ལྷག་གྱུར་ན།། སྔགས་ཀྱི་ནུས་པ་མེད་པར་གསུངས།། ཁ་ཅིག་པདྨ་འབྱུང་གནས་ཀྱིས།། ཤོག་སེར་ངོ་བོ་དེ་ལ་ནི།། མེ་ཡིས་མི་གནོད་ཆུས་མི་གནོད།། རྡུལ་སོགས་སྐྱོན་རྣམས་མི་འབྱུང་ཟེར།། དིང་སང་སོག་པོའི་ཤོག་སེར་ལ།། འདི་འདྲའི་ཡོན་ཏན་ཨེ་འདུག་ལྟོས།། མེ་ཆུས་མི་གནོད་ཤོག་སེར་རྣམས།། པདྨའི་ཡིན་པའི་ངེས་པ་མེད།། གདོན་དང་མིག་འཕྲུལ་ལ་སོགས་ཀྱིས།། བྱས་པ་དག་ལ་དངོས་སུ་མཐོང་།། གཞན་ཡང་ཁོ་ཡི་རྫུན་གཏེར་ལས།། དིང་སང་འཛམ་གླིང་མ་གྲགས་པའི།། མཁའ་འགྲོའི་བརྡ་ཡིག་ཡིན་ཟེར་བའི།། གང་དྲན་ཡི་གེའི་ཕྲེང་བ་བཀོད།། དེ་ཡི་ཀློག་ཀྱང་ཁོ་བོས་ཤེས།། ཁོ་བོས་འདི་འདྲའི་ཡི་གེ་དང་།། ཀློག་པ་སློབ་དཔོན་སུ་ལ་བསླབས།། མ་བསླབས་ཤེས་པ་ངོ་མཚར་ཆེ།། གཞན་ཡང་ཟོག་པོས་འདི་ལྟར་བྱས།། ཚིག་རེ་སོང་བས་མཚམས་རྣམས་ལ།། མ་བཤད་ཟེར་ནས་རྣམ་བཅད་བྲིས།། རྣམ་བཅད་ཡི་གེ་ཡིན་ནམ་མིན།། མཚམས་སྦྱོར་ལྔ་པའི་སྒྲ་མདོར་ལྟོས།། ཧཧ་བླུན་པོའི་གྲལ་འགོ་ལ།། འདི་འདྲའི་ཆོས་ལོག་མང་པོ་ཡིས།། མང་པོས་ཆོས་ལ་འབྲས་བུ་སྨིན།། ཆོས་དབང་ཞེས་བྱ་མཛེ་ཡིས་གུམ།། སྡུག་བསྔལ་མྱོང་བས་ཤི་བའི་རོ།། གྱང་ལ་སྦས་པ་རྐུས་ནས་སྟོན།། སྐྱེ་བ་བདུན་པ་ཡིན་ནོ་ཞེས།། རིལ་བུ་བྱས་ནས་ཕྱོགས་བཅུར་བཀྱེ།། བོད་རྣམས་མཛེ་ཤ་ཟ་རུ་བཅུག། ཧ་ཧ་སྐྱུག་གི་བྲོ་བ་ལ།། སྐྱེ་བ་བདུན་པ་ཡིན་ནམ་མིན།། བརྟག་པ་གཉིས་པའི་རྒྱུད་ཆེན་ནས།། འདི་ལྟར་བཤད་པ་ཁྱོད་ཉོན་ཅིག། སྐད་སྙན་མིག་དང་ལྡན་པ་དང་།། དྲི་ལུས་གཟི་བརྗིད་ཆེན་པོར་འགྱུར།། དེ་ཡི་གྲུབ་མ་བདུན་དུ་འགྱུར།། དེ་ནི་ཟོས་པ་ཙམ་གྱིས་ནི།། སྐད་ཅིག་ལ་ནི་མཁའ་སྤྱོད་འགྲོ།། འདི་ལྟར་གསུངས་པ་འདིར་རྣམས་ཀུན།། མཛེ་བོའི་འདི་ལ་ཨེ་འདུག་སོམས།། མཛེ་བོ་འདི་ནི་སྐད་སྙན་དང་།། མིག་དང་ལྡན་པ་ཨེ་ཡོང་སོམས།། དྲི་བཟང་ཡོད་པའང་སྲིད་ལགས་སམ།། མཛེ་ཤའི་རིལ་བུ་བཟོས་པ་རྣམས།།མཁའ་སྤྱོད་དུ་ནི་སུ་ཞིག་སོང་།། འདི་འདྲའི་མངོན་སུམ་རྫུན་ཚིག་ལའང་།། བདེན་ཞེན་བྱེད་པ་རང་ཉིད་འཁྲུལ།། ཚེས་བཅུའི་མཆོད་པ་རྒྱུད་ནས་བཤད།། རྒྱུད་ནས་བཤད་ཟིན་མི་བྱེད་པར།། ཉིན་པོར་བཙུན་པ་བུད་མེད་དང་།། འཚོགས་ནས་གྱ་ཚོམ་སྦྱོང་པ་བཤད།། ཤ་ཆང་གཉིས་ལ་བག་མེད་སྤྱོད།། མཚན་མོ་གཉིས་གཉིས་སྦྱར་ཏེ་ཉལ།། དེ་འདྲ་བྱེད་པའང་མངོན་སུམ་མཐོང་།། འདི་ཡང་འཐད་དམ་མི་འཐད་པ།། མཁས་པ་རྣམས་ཀྱིས་གསུང་པར་ཞུ།། འོན་ཀྱང་མཛེ་བོའི་སློབ་རྒྱུད་ཅེས།། འོས་སུ་འགྲོ་བའང་སྣ་གཅིག་བྱ།། ཉེས་པ་བྱས་པ་བསད་པ་ཡི།། མགོ་ལག་རྒྱལ་ཁམས་འགྲིམ་མཐོང་ནས།། མཛེ་ལོའི་ལག་པ་བྲེག་པའང་།། དིང་སང་བར་དུ་རྒྱལ་ཁམས་འགྲིམ།། གཏེར་མའི་ལེའུ་འོ།།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུས།། སྔགས་འཆང་པདྨ་འབྱུང་གནས་དང་།། ཞི་བ་འཚོ་དང་ཀ་མ་ལ།། དེ་སོགས་མཁས་གྲུབ་དུ་མ་བྱོན།། སྔགས་ཀྱི་གཞུང་ལུགས་མང་པོ་གསུངས།། སྔགས་ཀྱི་ལྷ་སྐུ་མང་པོ་བཞེངས།། དེ་དུས་གསུངས་པའི་གསང་སྔགས་དང་།། ལྷ་སྐུའི་རྣམ་པ་ལ་སོགས་པ།། ད་ལྟའི་གསར་མ་ལས་བྱུང་བའི།། གཞུང་ལུགས་རྣམས་དང་འདྲ་བར་འདུག། དར་མས་བསྟན་པ་བསྣུབས་པའི་ཚེ།། བོད་ཀྱི་བན་དེ་གྲགས་ཚད་བསད།། བསྟན་པ་ཕྱི་དར་དུས་སུ་ནི།། བོད་རྒན་སྔགས་པ་འགའ་རེ་ཡིས།། རང་གི་བློ་ལ་ཐོན་པ་བཏོན།། མ་ཐོན་པ་རྣམས་རང་བཟོ་བྱས།། གསང་སྔགས་རྙིང་མ་ཞེས་སུ་གྲགས།། དེ་བཞིན་རྫོགས་ཆེན་ལ་སོགས་ཀྱང་།། རང་བཟོ་དུ་མ་བསྒྲིགས་ཏེ་བཞེངས།། ད་ལྟར་ལེགས་པར་བརྟགས་པའི་དུས།། བློ་ལ་གཙང་མར་ཐོན་པ་རྣམས།། རྡོ་རྗེ་ཚིག་རྐང་གསེར་འདྲ་བ།། སངས་རྒྱས་གསུང་རབ་ཡིན་ངེས་ཀྱང་།། རྙིང་མར་གྲགས་པའི་ནང་ན་བཞུགས།། བློ་ལ་གཙང་མར་མ་ཐོན་པ།། རང་བཟོས་བསྒྲིགས་པ་དུ་མ་ཞིག། ཁྱི་ལྟད་བཞིན་དུ་དྲི་མི་ཞིམ།། དེ་ནས་གསེར་དང་ཁྱི་ལུད་བཞིན།། གསེར་ཡིན་བྱས་ཀྱང་བྱར་མི་རུང་།། ཁྱི་ལུད་ཞེས་ཀྱང་བྱར་མི་རུང་།།མཁས་པ་རྣམས་ཀྱིས་བཏིང་སྙོམས་བཞག། རྙིང་མའི་ལེའུ་འོ།། 

དིང་སང་ཆོས་པར་བརྫུས་པ་དཔེ་དཀར་བུ་བཞིའི་ཆོས་བརྒྱུད་ཡོད།། ཞང་མོ་རྒྱལ་མཐིང་ནས་བརྒྱུད་པ།། སྨྱོན་ཚོ་པ་རུ་གྲགས་པ་དང་།། འོད་ལ་བབ་ཏུ་ནས་བརྒྱུད་པ།། བྱར་མེད་པ་རུ་གྲགས་པ་དང་།། སྙི་མོ་རྒྱ་ལྕམ་ནས་བརྒྱུད་པ།། སྦྱོར་སྒྲོལ་པ་རུ་གྲགས་པ་དང་།། སྲོག་ཁང་ཐབས་ཤེས་ནས་བརྒྱུད་པ།། བསྟན་བཅོས་རྟེའུ་འཁོར་བདུན་དང་།། ལྟ་བ་རིགས་པའི་མདུན་སྐོར་དང་།། གཏན་ཚིགས་མེ་ཆུ་གོ་ལོག་སོགས།། ལོག་པའི་སྡེ་ཚན་མང་པོ་ཡོད།། དེ་དག་དིང་སང་སོ་སོར་གྱེས།། མདོ་ཁམས་ཡར་བཅད་དབུས་གཙང་ཁེངས།། འདི་དག་སངས་རྒྱས་བསྟན་པ་མིན།། དཔེ་དཀར་གྱི་ནི་ཆོས་ཡིན་པས།། སྐྱེ་བོ་རྣམས་ཀྱིས་རིང་དུ་སྤངས།། དཔེ་དཀར་བུ་བཞིའི་ལེའུ་འོ།།

  སྔོན་ཚེ་སངས་རྒྱས་བསྟན་པ་མཆོག། ཁ་བ་ཅན་དུ་མ་དར་གོང་།། བོད་ཀྱི་ལྷ་འདྲེ་སོ་སོ་ནས།། རང་རང་མཆོད་དང་རིམ་འགྲོ་ལ།། འདི་གྱིས་ཞེས་སོགས་དུ་མ་བསྟན།། དེ་ལ་སྣང་ཞེན་བོན་ཞེས་བྱ།། སྐྱེ་བ་ཕྱི་མར་མི་ཕན་ཡང་།། ཚེ་འདིར་བག་ཙམ་ཕན་པ་ཡིན།། དེ་རྗེས་ཆོས་རྒྱལ་རིམ་པར་བྱོན།། སངས་རྒྱས་བསྟན་པ་དར་བར་མཛད།། བོན་ཞེས་བྱ་བ་བསྣུབས་ནས་བཞག། བོད་འབངས་ཀུན་ཀྱིས་མི་བྱ་ཞེས།། ཁྲིམས་སུ་བཅད་པ་དམ་པོར་བྱས།། རྗེས་སུ་བོད་ཀྱི་རྒྱལ་ཁྲིམས་ཉམས།། མགོ་མཇུག་མེད་པར་གྱུར་པའི་ཚེ།། རྫུན་རླབས་ཅན་གྱིས་གླེན་པ་ཡིས།། འབྲས་བུའི་བོན་ཞེས་བྱ་བ་ཡི།། ལོག་པའི་གཞུང་ལུགས་དུ་མ་བརྩམས།། བླུན་པོ་བསོད་ནམས་ཆུང་བ་རྣམས།། འབད་ནས་ནན་ཏུར་འདི་ལ་འཇུག། སྣང་ཞེན་པས་ནས་འདི་ལྷག་ཅེས།། ང་རྒྱལ་གྲགས་སྐད་འབྲུག་ལྟར་སྒྲོག། སྦྱིན་བདག་ཤེས་པ་དམན་པ་དང་།། བསོད་ནམས་དམན་པའི་རིགས་རྣམས་ཀུན།། འབད་པས་དེ་ལ་བསྙེན་བཀུར་བྱས།། ཀྱེ་མ་གཉིས་ཕུང་འདི་ལ་ལྟོས།། ཅིས་ཀྱང་བོན་ལ་མོས་གྱུར་ཀྱང་།། ཚེ་འདིར་བག་ཙམ་ཕན་པ་ཡི།། སྣང་ཞེན་འདི་ལ་མོས་གུས་གྱིས།། འབྲས་བོན་ཞེས་སུ་གྲགས་པ་འདི།། འདི་ཕྱི་གཉིས་ཀར་མི་ཕན་པས།། འདི་ལ་འཇུག་པ་འཁྲུལ་བ་ཡིན།། བོན་གྱི་ལེའུ་འོ།།

  གྲུབ་མཐའ་གཏིང་ནས་ལོག་པ་ཡིས།། འགྲོ་བ་མང་པོ་བསླུས་པ་ལ།། མཁས་རྣམས་དགག་བསྒྲུབ་མི་མཛད་པར།། རྣམ་དག་གཞུང་གི་འབྲི་སྣོན་ལ།། ཚིག་ཟུར་ཙམ་ལ་བསྙད་བཏང་ནས།། ཚིག་སྐྱོན་འགའ་རེ་ཟིན་པ་ལ།། སངས་རྒྱས་བསྟན་པའི་ཕྱི་དོར་ཞེས།། སྨྲ་ཞིང་གྲྭ་བ་ཀུན་བསྐོར་ཡང་།། དེ་ལ་རྒྱུ་མཚན་ཡོད་དམ་ཅི།། དེ་ན་མཁས་པ་ཐམས་ཅད་ཀྱིས།། གྲུབ་མཐའ་ངན་པ་ཐམས་ཅད་ཀུན།། ལེགས་པར་བཀག་ན་བསྟན་ལ་ཕན།། བདག་ཅག་བསྟན་དང་སེམས་ཅན་ལ།། རྗེས་སུ་བརྩེ་བའི་ཚུལ་འདི་སྨྲས།། དགེ་བ་སངས་རྒྱས་མྱུར་ཐོབ་ཤོག། ཅེས་ཆོས་ལོག་སུན་འབྱིན་པ་འདི་ནི་ཁྲོ་ཕུ་བུ་སྟོན་རིན་ཆེན་གྲུབ་ཀྱིས་སྦྱར་བའོ།།(ཡོང་ཁུངས། དྲ་རྒྱ་ལས་བཏུས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།