ཀྲུང་གོ་བོད་ཀྱི་དྲ་བ།

༄༅། །འཇམ་དབྱངས་བསྟོད་པ་གང་བློ་མའི་འགྲེལ་བ་ཉུང་ངུ་།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2019-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

cd3a8723241f4bf61c67df8f54784aea.jpg

༄༅། །བླ་མ་དང་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རྭར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་མཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་ དབྱངས་ལ་འདུད།།  ཨོཾ་ཨ་ར་པ་ཙ་ན་དྷིཿ  བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་གསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།། །། 

མཚན་དཔེའི་དཀྱིལ་འཁོར་གང་བ་རྒྱས་པའི་སྐུ།། 

དག་གསལ་འོད་སྟོང་ཟེར་བརྒྱའི་སྙན་འཇེབས་གསུང་།།

ཆོས་དབྱིངས་མཁའ་ལས་གཡོ་མེད་བརྩེ་ཆེན་ཐུགས།།

འཇམ་དབྱངས་མཁྱེན་པའི་དཀྱིལ་འཁོར་དེང་འདིར་ཤར།།

དེ་ཡང་རྗེ་བཙུན་འཇམ་དབྱངས་གང་གི་མཁྱེན་རབ་ཀྱི་བློ་གྲོས་ཉོན་མོངས་པའི་ཐལ་རྡུལ་དང་། ཤེས་སྒྲིབ་སྤྲིན་ནག་སྟེ་སྒྲིབ་གཉིས་སྤྲིན་ཚོགས་ལས་བྲལ་བའི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཉི་མའི་དཀྱིལ་འཁོར་ཉ་གང་བ་ལྟར་གྱི་ཤིན་ཏུ་རྣམ་པར་དག་ཅིང་། མཐའ་ཡས་འགྲོ་བའི་ཞིང་སར་རབ་ཏུ་གསལ་ཞིང་འཚེར་བས་འགྲོ་ཀུན་རྨོངས་པའི་གཉིད་ལས་བསད་ཅིང་།།

 ཤེས་པར་བྱ་བ་ཇི་སྙེད་པའི་དོན་ཀུན་གྱི་ངོ་བོ་དང་ཁྱད་པར་ཇི་མ་བཞིན་མངོན་སུམ་དུ་གཟིགས་པའི་དོན་མཚོན་པའི་ཕྱིར། རྗེ་བཙུན་ཉིད་ཀྱི་ཐུགས་ཀར་རྒྱལ་བ་སྲས་དང་བཅས་པའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གསལ་བར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་ནས་བྱིན་གྱིས་བརླབས་པས་འགྲོ་ཀུན་སྨིན་གྲོལ་ལམ་ལ་འགོད་པར་མཛད།།

 གཏན་གྱི་བདེ་བ་དང་བྲལ་བའི་ཡིད་ཅན་གང་དག་རྣམས། གནས་སྐབས་སྲིད་པའི་རྩེ་མོ་ནས་མནར་མེད་བར་ཀྱི་འཁོར་བའི་བཙོན་ཁང་གྱི་རྭ་བར། འབྲས་བུ་སྡུག་བསྔལ་མི་ཟད་པ་མྱོང་བཞིན་གཟིར་བའི་མུར་ད་དུང་སྡུག་བསྔལ་གྱི་རྒྱུ་རྩ་བ་བདག་འཛིན་མ་རིག་པ་དང་། དེ་ལས་བྱུང་བའི་ཉོན་མོངས་ཚོགས་ཀྱིས་མུན་པས་ཀུན་ནས་འཐོམས་པའི་འགྲོ་བ་མ་ལུས་པའི་ཚོགས་ཀུན་ལ་མས་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་མངའ་བ་ཞེས། བརྩེ་བ་བླ་ན་མེད་པའི་ཐུགས་ལ་བསྟོད་ནས།།

 དེ་ལྟ་བུའི་ཐུགས་བརྩེ་བླ་ན་མེད་པས་ཉེ་བར་སྐུལ་བ་ལས་བྱུང་བའི་གསུང་སྙན་པ། འཇམ་པ་ཡིད་དུ་འོང་བ་སོགས་ཡན་ལག་དྲུག་བཅུའི་བདག་ཉིད་ཅན་གྱི་དབྱངས་དང་ལྡན་པའི་གསུང་སྟེ། གཏི་མུག་གཉིད་དུ་ཡུར་བའི་འགྲོ་བའི་ཚོགས་རྣམས་ལ་ཟབ་གསལ་ཆེས་ཆེར་སྒྲོག་པའི་ཉོན་མོངས་པའི་གཉིད་ལས་སློང་བའི་འབྲུག་སྐད་ལྟར་ཆེར་སྒྲོག་པས། འཕེན་བྱེད་ཀྱི་ལས་དང་འགྲུབ་བྱེད་ཀྱི་ལས་ཀྱི་ལྕགས་སྒྲོག་ལས་འགྲོལ་བར་མཛད་ཅིང་། གནས་སྐབས་ཐར་པ་དང་ཐར་ཐུགས་ཐམས་ཅད་མཁྱེན་པ་ལ་འགོད་པར་མཛད།།

 མདོར་ན་སྡུག་བསྔལ་གྱི་རྒྱུ་མ་རིག་པ་དང་དེས་སྐྱེད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་དང་བཅས་པའི་མུན་པ་སེལ་ཞིང་། ཉོན་མོངས་ཕྱོགས་ཀྱིས་འཕངས་པའི་འབྲས་བུ་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་ཀུན་ཤེས་སྟོབས་ཀྱིས་གཅོད་པར་མཛད་པ་མཚོན་ཕྱིར། ངོ་བོ་སངས་རྒྱས་ཀུན་གྱི་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་རལ་གྲི་ཤིན་ཏུ་རྣོན་པོ་ཅན་བསྣམས་པའོ། ཞེས་གསུངས་ལ་བསྟོད་པ་དང་།།

 ངེས་པའི་དོན་དུ་དཀའ་སྤྱད་སྟོབས་ཀྱིས་སྔོན་གདོད་མ་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པས་དག་ཅིང་། རབ་ཏུ་དགའ་བ་ལ་སོགས་ས་བཅུའི་མཐར་སོན་ནས་སྤང་རྟོགས་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་ལུས་ཡོངས་སུ་རྫོགས་པའི་སངས་རྒྱས་དངོས་ཡིན་ཀྱང་། དྲང་བའི་དོན་དུ་ཕྱོག་བཅུའི་རྒྱལ་བའི་སྲས་ཀྱི་ཚུལ་བཟུང་སྟེ། མཁྱེན་བརྩེ་ནུས་གསུམ་སོག་གང་གི་ཆ་ནས་རྒྱལ་སྲས་མཐུ་བོའི་ཚུལ་སྟེ་གཙོ་བོར་བསྟན་ནས་ལུས་ཅན་རྣམས་ཐར་ལམ་དུ་དཀྲི་བར་མཛད་པ་ལ་བསྟོད་དོ་ཞེས་ཐུན་མོང་སྣང་ངོར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་ལ་བསྟོད་པ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན། འཇམ་དབྱངས་འདི་ཉིད་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡིན་པ་དང་། འཇམ་དཔལ་ཞིང་བཀོད་ཀྱི་མདོ་དང་སོར་ཕྲེང་གྱི་མདོ་སོགས་ལས་ཀྱང་སངས་རྒྱས་སུ་གསལ་བར་གསུངས་པ་བཞིན། འཇམ་དབྱངས་ཀྱི་སྐུ་དེ་ཡང་། མཚན་བཟང་སོ་གཉིས་དང་། དཔེ་བྱད་བརྒྱད་བཅུ་སྟེ། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་གྱིས་སྤྲས་ཤིང་མཛེས་པའི་རྒྱལ་བའི་སྐུ་མངའ་བ་ཁྱེད་ནི། མཐའ་ཡས་པའི་ལུས་ཅན་སྤྱི་དང་བདག་ཅག་གི་བློའི་རྨོངས་པའི་མུན་པ་ཐམས་ཅད་སེལ་བའི་འཇམ་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་གསུངས་དབྱངས་ཀྱི་བདག་ཉིད་ཅན་གང་ལ་བདག་ཅག་རྣམས་ཀྱིས་སྒོ་གསུམ་གུས་པ་ཆེན་པོས་འདུད་པར་བགྱིའོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།