ཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་དང་འགལ་བའི་མཐོང་སྣེ་ལས་བྱུང་བའི《གསའ》

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དུང་ཟིན་རྒྱལ་གྱིས་བརྩམས།   སྤེལ་དུས། : 2024-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

图片

འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན《གསའ》ཞེས་པར་ཏོང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རེབ་སོ་དྲུག་པའི་གློག་བརྙན་རྩེ་གྲ་དང་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་འབྲས་བཟང་ཐོབ་ཡོད། གློག་བརྙན་ལས“གངས་རིའི་རྣམ་ཤེས"སུ་འབོད་པའི་གསའ་ཞིག་འབྲོག་པའི་ལུག་རར་ལྡིང་ནས་ལུག་དགུ་བསད་པའི་སྐོར་བཀོད་ཡོད་ཅིང་། གནོད་ཐེབས་རོགས་དངུལ་མེད་ཚེ་གསའ་གསོད་ངེས་པའི་འགལ་འདུ་ལས་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་མིན་དང་གསའ་ཡི་ཚེ་སྲོག་ལ་གུ་ཡངས་གཏོང་མིན་གྱི་སོམ་ཉིའི་སེམས་ཁམས་བརྒྱུད་དེ། མི་དང་གསའ་ཡི་རྩོད་གཞི་ལས་སྦྱིན་པས (འཁྲབ་སྟོན་པ་གཙོ་བོ)རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་འདོད་པ་དང་འདུམ་འགྲིག་པས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་འདོད་པ། གསར་འགོད་པས་ངོ་མཚར་ཆེ་བའི་བརྗོད་གཞི་དེ་ཁྱབ་སྒྲོག་བྱ་འདོད་པ་བཅས་མདོར་ན་ཡང་སྙིང་སུ་ཞིག་གིས་སུས་ལྷིང་འཇགས་དཀྲོགས་སོང་བའི་གཏམ་རྒྱུད་ལས་གསའ་ཡི་ཚོར་ཤེས་དང་། མི་དང་རང་བྱུང་ཁམས་བར་གྱི་མཉམ་གནས་ཀྱི་ཆོས་ཉིད་ལ་དངོས་ཡོད་ཚད་བརྒལ་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའི་ཐབས་ལམ་སྤྱད་ཡོད་པ་སོགས། ང་ཚོས་དཔྱད་བསྡུར་བྱ་ཡུལ་ནི་མ་གཞི་ནས་གློག་བརྙན་འདིའི་ཕུན་སུམ་ཚོགས་པའི་བརྗོད་དོན་དང་ཡིད་དབང་འཕྲོག་བའི་སྒྱུ་རྩལ་གྱི་མཚོན་ཐབས་ཡིན་མོད། འོན་ཀྱང་ཐེངས་འདིར་བརྗོད་འདོད་པ་ནི་གློག་བརྙན་འདིའི་ཟུར་ངོས་གཞན་ཞིག་གི་བློ་སྒོ་སྟེ། རྩོད་གཞི་དང་བཅའ་ཁྲིམས་ཀྱི་ཟུར་ངོས་ཀྱི་བསམ་ཚུལ་ཞིག་གླེང་བར་བྱ་བ་ལ།

དང་པོ། འགལ་བ་དབྱེ་ཞིབ།

གཅིག དོ་བདག་པ།

གསའ་ཞིག་འབྲོག་པ་སྦྱིན་པ་ཚང་གི་ལུག་རར་ལྡིང་ནས་ཤ་གཟན་དགུ་བསད་རྗེས། སྦྱིན་པ་ནི་རྩོད་གཞིའི་དོ་བདག་པར་གྱུར་པས། ཁོས་རྒྱུན་ཆད་མེད་པར་རེ་ཞུ་བྱེད་པའི་ནང་དོན་ཡང་གསའ་ཡིས་རང་ཉིད་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོས་ཡོད་པས་ངེས་པར་དུ་གནོད་ཐེབས་རོགས་དངུལ་འཇལ་དགོས་པ་དེ་རེད། གལ་ཏེ་རོགས་དངུལ་མེད་ཚེ་གསའ་དེ་གསོད་ངེས་པས། གསའ་གཏོང་མིན་དང་རོགས་དངུལ་ཐོབ་མིན་ནི་རིམ་པ་དང་པོའི་འགལ་བ་ཡིན་ལ། འགལ་བ་ཡོངས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པའང་སྨོས་ཅི་དགོས།

图片

གཉིས། འགལ་བ་རྣོ་ངར་ཅན་དུ་གྱུར་པ།

སྦྱིན་པས་སྡུག་གཏམ་བགྲང་ནའང་འདུམ་འགྲིག་པའི་འགན་འཁྲི་ནི་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། ཁོས་གསའ་ལ་གནོད་འཚེ་གཏན་ནས་གཏོང་མི་རུང་བའི་ལུང་འདྲེན་ལྟ་བུའི་རྒྱབ་རྩར “གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་རེད”ཅེས་པ་དང་། སྦྱིན་པའི་ཕ་རྒན་དང་ནུ་བོ་གཉིས་ཀ་སྦྱིན་པའི་བསམ་ཚུལ་ལ་འཐད་ཀྱིན་མེད་པ། གཞན་གསར་འགོད་པས་ཡང་དང་བསྐྱར་དུ་ལས་རོགས་ཚོར་རྒྱུ་ཆ་མང་ཙམ་ལེན་པར་སྐུལ་བ་དེས། འཁྲབ་ཁྲིད་པས་མིག་སྔར་གྱི་སྨྱན་སྦྱོར་ལས་རིགས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་བསྐྱུར་ཏེ་གླེང་གཞི་ཚ་ཤོས་ཅན་འཚོལ་བར་བྲེལ་བའི་སྣང་ཚུལ་ལས་གྲོས་གཞིའམ་གནད་དོན་དངོས་ལ་དོ་ཁུར་མི་བྱེད་པའི་འགལ་བ་ཞིག་ཤུགས་སུ་བསྟན་འདུག་ལ། འགལ་བ་འདི་དག་གིས་ཚད་ངེས་ཅན་ཞིག་གི་སྟེང་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མིའི་བར་གྱི་ཁེ་ཕན་གྱི་འགལ་བ་དང་རིན་ཐང་ལྟ་བའི་ཁྱད་པར་མཚོན་ཡོད། དེར་བརྟེན་སྦྱིན་པ་ཁོང་ཁྲོ་ལངས་དོན་ཡང་འདུམ་འགྲིག་པ་དང་གསར་འགོད་པ་ཚང་མས་ཁོའི་གྱོང་གུན་ལ་དོ་སྣང་མི་བྱེད་པར་མ་ཟད། རྣ་ལམ་དུ་འཁོར་བ་ནི་གསའ་གཏོང་དགོས་པའི་གསལ་འདེབས་དང་འབོད་སྒྲ་རྐྱང་རྐྱང་ཡིན་པས་འདི་ནི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་དང་དེང་རབས་ཅན་བར་གྱི་རིམ་པ་གཉིས་པའི་འགལ་ཟླ་རེད།

གསུམ། འགལ་བ་ཁྲིམས་འགལ་དུ་གྱུར་པ།

དོན་དམ་པར་སྦྱིན་པ་ནི་གནས་ལུགས་མི་བཤད་པའམ་ཡང་ན་གནས་ལུགས་མི་ཤེས་པའི་མི་དེ་འདྲ་ཞིག་མ་ཡིན་པར། ཁོས་གསར་འགོད་པ་དང་འདུམ་འགྲིག་པར་ཡང་དང་བསྐྱར་དུ། གལ་སྲིད་གསའ་ཡིས་ལུག་རེ་གཉིས་བསད་ཚེ་རྩད་གཅོད་མ་བྱས་ཀྱང་ཆོག་མོད། འོན་ཀྱང་ད་རེས་གྱོང་གུན་ཚབས་ཆེ་བས་གུན་གསབ་དགོས་པ་བསྟན་ཡོད་ལ། དོན་དག་འདིའི་སྟེང་ནས། ཁྱིམ་ཚང་གཅིག་ལ་ངེས་འཛིན་གཉིས་བྱུང་བ་སྟེ། འཁྲབ་ཚན་ནང་སྦྱིན་པ་དང་ཁོའི་ཕ་རྒན་ལ་གནས་ཚུལ་བཅར་འདྲི་བྱེད་སྐབས། མི་རབས་གཉིས་ཀྱི་བསམ་བློར་བསྡུར་བ་བྱས་ཡོད་དེ།སྦྱི ན་པས་དཔལ་འབྱོར་འཚོ་བའི་དངོས་ཡོད་ལ་དོ་ཁུར་བྱེད་ཀྱི་ཡོད། དཔེར་ན་སྦྱིན་པས་དུས་ཐོག་ཏུ་རོགས་དངུལ་འཇལ་མི་ཐུབ་པ་ཤེས་སྐབས་ཁོས“ངས་རི་དྭགས་བསྐྱབ་ཆོག་མོད། ང་སུས་སྐྱོབ་དགོས་སམ”ཅེས་བཤད་པ་ནི་མིག་སྔར་གྱི་འབྲོག་པ་དང་རི་སྐྱེས་སྲོག་ཆགས་བར་གདོང་ཐུག་འཕྲད་སྐབས་ཀྱི་སེམས་ནང་གི་དྲང་གཏམ་ངོ་མ་དེ་མཚོན་འདུག སྦྱིན་པའི་ཕ་རྒན་གྱིས་གསའ་ནི་བླ་ཟོག་ཞིག་ལ་བརྩིས་ཏེ་གོང་བཀུར་བྱེད་པས། ཕ་རྒན་ནི་སྲོལ་རྒྱུན་གྱི་བསམ་བློ་དང་། དད་མོས། བྱམས་དང་སྙིང་རྗེ་ཡོད་པའི་ཚབ་མཚོན་དུ་བཀོལ་འདུག གློག་བརྙན་ནང་སྦྱིན་པ་དང་འདུམ་འགྲིག་པ་གཉིས་ཕན་ཚུན་ལག་འདྲེས་བྱུང་དུས། འདུམ་འགྲིག་པ་དང་ཉེན་རྟོག་པས་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་དེ་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་མོད། དེས་ཀྱང་རྩ་བའི་གནད་དོན་ལ་ཐག་གཅོད་ཀྱི་ནུས་པ་ཅི་ཡང་འབྱུང་མི་སྲིད། ཡིན་ནའང་སྦྱིན་པའི་ཕ་རྒན་གྱིས་འགལ་བ་ཁྲིམས་འགལ་དུ་འགྱུར་མི་འདོད་པས་རང་ཉིད་ཀྱིས་དངུལ་འདོན་དགོས་ཀྱང་ཕྱོགས་གཉིས་ཀྱི་འགལ་བ་ཞི་འཇགས་སུ་གཏོང་འདོད་པའི་བསམ་བློ་དེ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ནང་དུ་སྦྱིན་པའི་རོགས་དངུལ་གྱི་གནད་དོན་ཚུད་མེད་པའམ་ཡང་ན་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་དུ་མིའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་སྲིད་པ་སོགས་ནི་སྲོལ་རྒྱུན་རིག་གནས་དང་གོམས་སྲོལ། བཅའ་ཁྲིམས་བར་གྱི་རིམ་པ་གསུམ་པའི་འགལ་བ་རེད།

གཉིས་པ། ལག་ལེན་ཁྲོད་བཅའ་ཁྲིམས་ཀྱི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བརྟག་པ།

གཅིག བཅའ་ཁྲིམས་ནང་བྱ་སྤྱོད་ཡོད་ཚད་ཚུད་དཀའ་སྟེ། བྱ་སྤྱོད་སྐོར་ཞིག་ལ་བཅའ་ཁྲིམས་ཀྱི་འགྲེལ་བཤད་ནི་མག་མོག་ཏུ་གནས་སྲིད་པའམ་ཡང་ན་བཅའ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་མེད་པས། བྱ་སྤྱོད་སྐོར་ཞིག་ལ་བཅའ་ཁྲིམས་ཀྱིས་གཅུན་འདོམ་བྱེད་མི་ཐུབ། གློག་བརྙན《གསའ》ཞེས་པའི་ནང་། གསའ་ཡིས་འབྲོག་པའི་ལུག་དགུ་བསད་ཡོད་པ་དང་། འབྲོག་པ་སྦྱིན་པས་སྲིད་གཞུང་ལ་གནོད་ཐེབས་རོགས་དངུལ་སྤྲོད་དགོས་པའི་རེ་བ་བཏོན་ཡོད་མོད། འོན་ཀྱང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པས་དེར་གནོད་འཚེ་གཏོང་མི་རུང་བར་མ་ཟད། འབྲོག་པར་དུས་ཐོག་ཏུ་རོགས་དངུལ་འཇལ་བའི་ཁག་ཐེག་ཀྱང་བྱེད་ཐུབ་ཀྱི་མེད།

གཉིས། བཅའ་ཁྲིམས་ཀྱིས་ཀུན་སྤྱོད་ཀྱི་དཀའ་གནད་སེལ་ཐབས་མེད་པ་སྟེ། གནད་དོན་ཁ་ཤས་བཅའ་ཁྲིམས་ཀྱི་གནད་དོན་ཙམ་མ་ཡིན་པར་ད་དུང་ཀུན་སྤྱོད་དང་མི་ཆོས་ཀྱི་གནད་དོན་ལ་འབྲེལ་བ་ཡོད་པས་བཅའ་ཁྲིམས་ཀྱིས་གནད་དོན་ཡོད་ཚད་ལ་ལན་གསལ་པོ་ཞིག་འདེབས་ཐབས་བྲལ་བ་རེད། གློག་བརྙན《གསའ》ཞེས་པའི་ནང་། རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་གསའ་ཡིས་ལྟོ་འཚོལ་ཕྱིར་ལུག་བསད་རྗེས་འབྲོག་པས་དོན་རྐྱེན་དེའི”ལག་དམར”ལ་ཁྲིམས་གཅོད་བྱེད་ཐབས་བྲལ་བ་རེད། ཡང་ཅིག་བཤད་ན་འབྲོག་པས་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཀུན་སྤྱོད་ཀྱི་དཀའ་གནད་སེལ་ཐབས་མེད་ལ། གནས་ཚུལ་འདིའི་རིགས་ཀྱིས་འབྲོག་པ་ཚོ་དཔལ་འབྱོར་དང་ཀུན་སྤྱོད་ཐད་ཀྱི་དཀའ་ཁག་ཁྲོད་ལྷུང་དུ་བཅུག་པ་རེད།

图片

གསུམ། བཅའ་ཁྲིམས་དང་སྤྱི་ཚོགས་འཕོ་འགྱུར་གྱི་མཐུན་འཕྲོད་མིན་པའི་རང་བཞིན་ནི། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་བསྟུན་ནས་བཅའ་ཁྲིམས་ཡང་རིམ་བཞིན་དུ་དོན་དངོས་དང་ཐ་དད་དུ་འགྱུར་སྲིད་པས། རྒྱུན་ཆད་མེད་པར་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས། གློག་བརྙན《གསའ》ཞེས་པའི་ནང་། བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་ཁྲོད་གསའ་དེ་གངས་རིའི་རྣམ་ཤེས་སུ་ངོས་འཛིན་གྱི་ཡོད་མོད། འཚོ་གནས་ངོས་ནས་བརྗོད་ན་ཕྱུགས་རིགས་ནི་དཔལ་འབྱོར་དང་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ད་དུང་འབྲོག་པའི་བསམ་པའི་རྟེན་གཞི་དང་བརྩེ་སེམས་ཀྱི་འབྲེལ་ཐག་གཅིག་ལ་བརྒྱུས་ཡོད། གསའ་ལུག་རར་འཛུལ་ནས་ལུག་བསད་རྗེས། འབྲོག་པ་ཚོ་དཀའ་གནད་གཉིས་ལ་འཕྲད་ཡོད་པ་སྟེ། གལ་ཏེ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཁོ་ཚོས་གསའ་དེ་རང་བྱུང་ཁམས་སུ་གློད་དགོས་པ་དང་། དཔལ་འབྱོར་དང་འཚོ་བའི་ངོས་ནས་བལྟས་ཚེ་ཁོ་ཚོས་གུན་གསབ་རེ་ཨེ་ཐོབ་ལ་རེ་བ་བྱེད་ཀྱི་ཡོད། བཅའ་ཁྲིམས་དང་འཚོ་བའི་རིག་གནས་བར་གྱི་འགལ་བ་འདིས་སྤྱི་ཚོགས་འཕོ་འགྱུར་ཁྲོད་ཀྱི་བཅའ་ཁྲིམས་དང་སྤྱི་ཚོགས་འདུ་ཤེས་བར་གྱི་མཐུན་འཕྲོད་མིན་པའི་རང་བཞིན་ཞིག་མཚོན་ཡོད།

གསུམ་པ། འགལ་བའི་རྩོད་གཞིའི་ཁྲོད་བཅའ་ཁྲིམས་དང་འདུམ་འགྲིག་གི་དོ་མཉམ་འཚོལ་ཞིབ།

གཅིག འདུམ་འགྲིག་དང་ཁྲིམས་ལུགས། འཆམ་མཐུན་མཉམ་གནས། གློག་བརྙན《གསའ》ཞེས་པའི་ཁྲོད་ང་ཚོས་ཞི་བས་མཐུན་འགྲིག་བྱེད་པའི་སྟོབས་ཤུགས་ཀྱིས་ཁྲིམས་ལུགས་མ་ལག་ཁྲོད་ནུས་པ་གལ་ཆེན་ཐོན་ཐུབ་ཀྱིན་ཡོད་དེ། བཅའ་ཁྲིམས་ཀྱིས་གནད་དོན་ཡོངས་སུ་ཐག་གཅོད་མི་ཐུབ་པའམ་ཡང་ན་དགོས་མེད་ཀྱི་འགལ་བ་བྱུང་ཚེ། ཞི་འདུམ་དེ་སྔར་ལས་འཆམ་མཐུན་གྱི་ཐག་གཅོད་བྱེད་ཐབས་ཤིག་ཏུ་བརྩིས་ཆོག་ལ། ཁ་གསབ་དང་དོ་མཉམ་གྱི་ནུས་པའང་ཐོན་ཐུབ་ཀྱི་ཡོད། ཞི་འདུམ་གྱི་སྟོབས་ཤུགས་ལ་མཉེན་གཤིས་དང་མི་གཤིས་རང་བཞིན་གྱི་མངོན་སྟངས་གསལ་པོར་ཡོད་པས། དེས་གྲོས་ཁ་དང་རྒྱུས་ལོན། བབ་བསྟུན་བཅས་བརྒྱུད་ནས་ཕྱོགས་ཁག་ཚང་མས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་ཐུབ་ཅིང་། བཅའ་ཁྲིམས་ཀྱི་བྱ་ཐབས་དྲག་པོ་ལས་བྱུང་བའི་ཛ་དྲག་དང་ངོ་རྒོལ་སོགས་ལ་སྔོན་འགོག་བྱེད་ཐུབ།

图片

གཉིས། ངོས་འཛིན་གཅིག་པའི་ལྟ་བ། གློག་བརྙན་ནང་གསར་འགོད་པས་སྦྱིན་པ་བཟའ་མི་ཚོར་གསའ་དང་འབྲེལ་ཡོད་ཀྱི་བརྙན་རིས་ལ་བལྟ་རུ་བཅུག་པ་དང་། གྲྭ་པས་གསར་འགོད་པ་དང་ལྷན་དུ་རང་བྱུང་ཁམས་ཀྱི་ངོ་མཚར་དང་མཛེས་སྡུག་ལ་མཉམ་རོལ་བྱེད་པ་བཅས་ཀྱི་ཁྲོད་དུ་ཕན་ཚུན་བར་ཆ་འཕྲིན་མཉམ་སྤྱོད་དང་། འབྲེལ་འདྲིས། རྒྱུས་ལོན་སོགས་བརྒྱུད་དེ་ཕན་ཚུན་བར་གྱི་འགལ་ཟླ་རིམ་བཞིན་སེལ་ཏེ་གནད་དོན་ལ་ཤེས་རྟོགས་དང་གོ་བ་ལེགས་པོ་ལེན་ཐུབ་ཀྱི་ཡོད་པས། གློག་བརྙན《གསའ》ཞེས་པའི་ནང་རྙོག་འཛིང་ཆེ་བའི་གནད་དོན་ལ་ཁ་གཏད་གཅོག་སྐབས་ཐུན་མོང་གི་ངོས་འཛིན་འཛུགས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་དྲན་སྐུལ་བྱས་ཡོད་དེ། དེར་ང་ཚོས་སེམས་གཏིང་ནས་མི་གཞན་གྱི་བསམ་འཆར་ལ་ཉན་པ་དང་ཐུན་མོང་གི་ཁེ་ཕན་དོན་དུ་བབ་བསྟུན་དང་འབད་བརྩོན་བྱེད་དགོས་པ་བསྟན་ཡོད་པས་སོ། །

གསུམ། མི་ཆོས་སེམས་བསྐྱེད་ཀྱི་གནས་སྟངས། གློག་བརྙན་ནང་དུ་མི་དང་སྲོག་ཆགས་བར་གྱི་འབྲེལ་བ་ལ་དོ་སྣང་བྱས་ཡོད། དེའི་སྟེང་ནས་མིའི་རིགས་ཀྱིས་གསའ་ལ་སྲུང་སྐྱོབ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འབད་བརྩོན་དང་གཏོང་ཕོད། ད་དུང་མི་དང་སྲོག་ཆགས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་རྣམ་པ་ཡང་མངོན་ཡོད་པ་རེད། མི་ཆོས་སེམས་བསྐྱེད་ཀྱི་དགོངས་པ་འདིས་ང་ཚོ་མིའི་རིགས་ཀྱི་རང་བྱུང་ཁམས་ཆེན་མོའི་ཁྲོད་ཀྱི་ལས་བགོས་དང་འགན་འཁྲི་ལ་མནོ་བསམ་གཏོང་དུ་བཅུག་ཡོད་པར་མ་ཟད། གློག་བརྙན་བརྒྱུད་དེ་ས་གནས་ཀྱི་གྲོང་མིའི་འཚོ་བ་དང་རིག་གནས་ལས་མིའི་རིགས་སྤྱི་ཚོགས་ཀྱི་མི་ཆོས་རིང་ལུགས་མངོན་པར་མཚོན་ཡོད། དེས་ང་ཚོར་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་གི་མི་རྣམས་ཀྱིས་གསའ་སྲུང་སྐྱོང་བྱེད་པའི་ལྟ་སྟངས་དང་རྣམ་འགྱུར་ལ་ཤེས་རྟོགས་གསར་པ་བྱུང་དུ་བཅུག་སྟེ་སྣ་མང་རིག་གནས་ལ་རྒྱུས་ལོན་དང་བརྩི་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད།

图片

བཞི། བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ཏེ། གློག་བརྙན་ནང་ང་ཚོར་ཁྲིམས་ལུགས་ཀྱི་ལག་བསྟར་བརྒྱུད་རིམ་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བཏང་ཡོད་ཅིང་། དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་བཅའ་ཁྲིམས་ལག་བསྟར་བྱེད་མིན་གྱིས་མི་རྣམས་བཅའ་ཁྲིམས་ལ་ཡིད་ཆེས་བྱེད་པར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། 《གསའ》ཞེས་པར་ང་ཚོས་མི་སྣ་ཁག་ཅིག་གིས་བཅའ་ཁྲིམས་ཀྱི་བྱེད་ཐབས་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་མཐོང་བྱུང་ལ། ཡང་མི་ཁ་ཤས་ཀྱིས་ཁྲིམས་འགལ་གྱི་བྱེད་ཐབས་ལ་གདམ་ག་བྱས་པ་རེད། འདིས་ང་ཚོས་བཅའ་ཁྲིམས་ཀྱི་སློབ་གསོ་དང་ཁྱབ་གདལ་ལ་བསམ་གཞིག་གཏོང་དགོས་ཏེ། ཇི་ལྟར་བྱས་ནས་མི་མང་པོར་བཅའ་ཁྲིམས་ལ་རྒྱུས་ལོན་དང་བརྩི་སྲུང་བྱེད་དུ་འཇུག་རྒྱུ་ནི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། མདོར་ན《གསའ》ཡིས་རྒྱལ་ཁའི་ངང་འགལ་བ་དང་རྩོད་གཞི། བཅའ་ཁྲིམས་བཅས་ཀྱི་ངོས་ནས་མཉམ་བསྲེས་རང་བཞིན་གྱི་བསམ་གཞིག་ཅིག་རྒྱ་ཆེའི་ལྟད་མོ་བ་ཚོའི་སྤྱན་སྔར་ཕུལ་བ་དང་ལྷན་དུ། ང་ཚོར་བཅའ་ཁྲིམས་ནི་འགལ་བ་ཐག་གཅོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་གནད་དོན་འདི་དག་ལ་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་དང་ངོས་འཛིན་ཞིག་གི་བསམ་གཞིག་གྱ་ནོམ་པ་བསྩལ་བྱུང་།

བཞི་པ། དྲན་སྐུལ།

རི་སྐྱེས་སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་ལ། རང་བྱུང་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་ཡང་ཡིན་པར་མ་ཟད། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་སྤྲད་པའི་ཐོན་ཁུངས་རྩ་ཆེན་ཞིག་ཀྱང་ཡིན། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་རེད། དེར་བརྟེན། ཚང་མས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཀུན་སློང་དེ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རང་ཉིད་ནས་མགོ་རྩོམ་པ་དང་། ད་ལྟ་ནས་མགོ་འཛུགས་པ། ལག་ལེན་ཁྲོད་ནས་རྒྱུན་བསྐྱངས་ཏེ། མིའི་རིགས་ཀྱི་ལྗང་མདོག་གི་ཁྱིམ་གཞིས་ལ་སྲུང་སྐྱོང་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ་འདི་ཡང་གློག་བརྙན་ལས་བྱུང་བའི་དྲན་སྐུལ་གྱི་གནད་དམ་པ་ཞིག་རེད་དོ། །

图片


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།