ཀྲུང་གོ་བོད་ཀྱི་དྲ་བ།

《སྨིན་དྲུག་བོད་ཀྱི་གློག་བརྙན་འཁྲབ་གཞུང་དཔེ་ཚོགས》པར་དུ་བསྐྲུན་པ།

ཡོང་ཁུངས། : སྦྲང་ཆར།     སྤེལ་དུས། : 2024-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པདྨ་ཚེ་བརྟན། 2002ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རྩོམ་རིག་རབ་འབྱམས་པའི་སློབ་མཐར་ཕྱིན། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་གྲགས་ཅན་ཡིན། 2001ལོ་ནས2004ལོའི་བར་པེ་ཅིན་གློག་བརྙན་སློབ་གླིང་ནས་སློབ་གཉེར་བྱས། 2004ལོའི་ལོ་སྨད་དུ་པེ་ཅིན་ཧི་མ་ལ་ཡ་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཙུགས། 2002ལོ་ནས་གློག་བརྙན་ཕབ་སྐྲུན་བྱེད་པའི་མགོ་བརྩམས་ཏེ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་།《དྲི་མེད་ཀུན་ལྡན་འཚོལ་བ》 《ཐར་ལོ》 《དབུགས་ལྒང》 《ལག་དམར》 《གཡང་མདའ》 《གསའ》སོགས་ཕབ་སྐྲུན་བྱས་པས། རྒྱ་ཆེའི་གཟིགས་མོ་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། རྒྱལ་ཁབ་ཕྱི་ནང་དུའང་བྱ་དགའ་མང་བོ་ཐོབ་མྱོང་།

图片

དེབ་འདི་རུ་ཁོང་གི་གློག་བརྙན་འཁྲབ་གཞུང《ལག་དམར》དང《དབུགས་ལྒང》གཉིས་བསྡུས་ཡོད།《ལག་དམར》ཞེས་པ་ནི་པདྨ་ཚེ་བརྟན་ཁོང་གི་སྒྲུང་གཏམ《ལུག་གཅིག་ལྔ་ལམ་དུ་བརྫངས་སོང》ཞེས་པ་དང་། ཚེ་རིང་ནོར་བུའི་སྒྲུང་གཏམ《ལག་དམར》ཞེས་པ་གཉིས་གཞིར་བཟུང་སྟེ་འཁྲབ་གཞུང་དུ་བཅོས་པ་ཡིན་ལ། བརྗོད་བྱའང་ཤ་འཁོན་རྩོད་པའི་དོན་རྐྱེན་ཞིག་ནས་མགོ་བརྩམས་ཏེ་གཏམ་རྒྱུད་བཀྲལ་བར་བྱས་ཡོད།《དབུགས་ལྒང》ཞེས་པ་རུ་ཁོང་གིས“ངས་འཇིག་རྟེན་འདི་ལ་བཟུང་བའི་བསམ་གཞིག་དང་ཚོར་སྣང་བརྗོད་ཡོད་ལ······ ངས་འདི་ལྟར་དངོས་ཡོད་དང་། མི་ཚེ། ཚེ་སྲོག དད་མོས་སོགས་ཀྱི་བསམ་གཞིག་རྩོམ་རིག་དང་གློག་བརྙན་དུ་ཕབ་པས། ད་ལྟའི་དུས་ཀྱི་ངའི་སྒྲུང་གཏམ་དང་གློག་བརྙན་འདི་དག་བྱུང”ཞེས་པ་དང་། “《དབུགས་ལྒང》ཁྲོད་རྣམ་ཤེས་དང་དངོས་ཡོད་བར་གྱི་འགལ་ཟླ་བརྗོད་ཡོད”ཅེས་གསུངས་ཡོད་པ་བཞིན་ནོ། །

ཟོན་ཐར་རྒྱལ། 1974ལོར་མཚོ་སྔོན་འབའ་རྫོང་དུ་སྐྱེས། གློག་བརྙན་བརྙན་ལེན་པ་དང་མཛེས་རིས་པ། འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན། སྔ་གཞུག་ཏུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མཛེས་རིས་སྡེ་ཁག་དང་། པེ་ཅིན་གློག་བརྙན་སློབ་གླིང་གི་པར་ལེན་སྡེ་ཁག་སོགས་སུ་སློབ་གཉེར་བྱས། 2016ལོར་བོད་ཁུལ་གྱི་གློག་བརྙན་ལས་གྲྭ་ཐོག་མ་ཁྱུང་ཆེན་བརྙན་གླིང་བཙུགས་ཤིང་། ད་ལྟ་དེ་རུ་སྤྱི་གཉེར་པའི་འགན་བཞེས་ཡོད།

ཁོང་གི་གློག་བརྙན་བརྩམས་ཆོས་གཙོ་བོ་ལ།《འཚོལ》(2007ལོ)དང་། 《དབུས་ལམ་གྱི་ཉི་མ》(2011ལོ) 《གཙང་བོ》(2015ལོ) 《ང་ཡི་ཆང་གསོལ་རོགས》(2017ལོ) 《ལྷ་མོ་དང་སྐལ་བྷེ》(2018ལོ) 《ཟུར་ལྟ་མཁན》(2021ལོ)སོགས་ཕབ་སྐྲུན་བྱས་ཡོད་ཅིང་། གློག་བརྙན་ཁག་ཅིག་ལ་སྐབས14པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་བྱ་དགའ་སོགས་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་མང་བོ་ཐོབ་མྱོང་།

图片

དེབ་འདིར་ཁོའི་གློག་བརྙན་འཁྲབ་གཞུང《དབུས་ལམ་གྱི་ཉི་མ》དང《གཙང་བོ》གཉིས་བསྡུས་ཡོད་ཅིང་། དེ་ལས《དབུས་ལམ་གྱི་ཉི་མ》ནི་ཁོ་པེ་ཅིན་གློག་བརྙན་སློབ་གླིང་དུ་སློབ་གཉེར་བྱེད་སྐབས་བྲིས་པའི་གློག་བརྙན་འཁྲབ་གཞུང་ཐོག་མ་ཡིན་ཞིང་། ཁོའི་གློག་བརྙན་བརྩམས་ཆོས་ཐོག་མའང་ཡིན། གློག་བརྙན་འཁྲབ་གཞུང《གཙང་བོ》དེ་གློག་བརྙན་ཕབ་སྐྲུན་མ་བྱས་པའི་སྔོན་ལ། གཏམ་རྒྱུད་ཀྱི་སྒྲོམ་གཞི་ཙམ་ལས་འཁྲབ་གཞུང་ཆ་ཚང་བ་ཞིག་བྲིས་ཚར་མེད་མོད། གློག་བརྙན་འདི་ལོ་ངོ་གསུམ་རིང་ཕབ་སྐྲུན་བྱས་པ་ཡིན་ཞིང་། འཁྲབ་གཞུང་འབྲི་ཞོར་དང་བརྙན་འབེབས་ཞོར་དུ་འགྱུར་བཅོས་རབ་དང་རིམ་པ་ཞིག་བྱས་མྱོང་བས། ཁོའི་ད་ལྟའི་བར་གྱི་འཁྲབ་གཞུང་དག་ལས་ཅུང་ལེགས་ཤོས་ཤིག་ཡིན་པར་བཤད། འཁྲབ་གཞུང་འདི་གཉིས་ཀྱི་གང་ཞིག་ལ་མཚོན་ནའང་། སྒྱུ་རྩལ་གྱི་ཐབས་ལམ་གསར་བ་ཞིག་ལ་ཚོར་བ་རྙེད་པའི་ཡིད་ཆེས་ཀྱི་སྤོབས་པ་དང་རང་རྐྱ་ཐུབ་པའི་མདུན་སྐྱོད་ཀྱི་སྙིང་སྟོབས། རང་དབང་གི་འཆར་ཡན་དང་བསམ་གཞིག་གི་སྐྱེད་རྒྱ་སོགས་མངོན་གསལ་དོད་པོའི་ཆ་ལྡན་པས་ཆེད་དམིགས་སྒོས་བདམས་པ་ཡིན། །

ཀླུ་རྒྱལ་རཱ་ཏི། དངོས་མིང་ལ་ཀླུ་རྒྱལ་ཟེར། 1980ལོར་ཞོན་ཧྭ་རྫོང་རྡོ་སྦིས་ཡུལ་དུ་སྐྱེས། སྔ་ཕྱིར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ནས་སློབ་མཐར་ཕྱིན། རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་བྱེད་པའི་བོད་ཀྱི་རྩོམ་པ་པོ་དང་། འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་སྒྲིག་སྦྱོར་པ་བཅས་ཡིན། གློག་བརྙན་འཁྲབ་གཞུང་ལ《སྲིད་པའི་མེ་ཏོག》དང་། 《འབྲི་མོ་དུང་ཆུང་དཀར་མོ》《གངས་རིའི་རྔ་སྒྲ》《ལྷ་ལྡན་གྲོང་གི་བརྩེ་བ》 《ཨ་མའི་སེམས་ཀྱི་རི་མོ》 《ཚེ་རབས་ལས་ཀྱི་འདུན་མ》སོགས་ཡོད་པ་དང་། 《འབྲི་མོ་དུང་ཆུང་དཀར་མོ》ལ་སྐབས་བདུན་པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱིས་པའི་གློག་བརྙན་རྩེ་གྲ་ཡི་བྱ་དགའ་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་བྱ་དགའ་གང་མང་ཐོབ་མྱོང་།

图片

དེབ་འདི་ནི《ལྷ་ལྡན་གྲོང་གི་བརྩེ་བ》དང་། 《ཨ་མའི་སེམས་ཀྱི་རི་མོ》 《རོ་ལངས་གསེར་འགྱུར་གྱི་སྒྲུང》བཅས་འཁྲབ་གཞུང་གསུམ་གྱིས་གྲུབ། 《ལྷ་ལྡན་གྲོང་གི་བརྩེ་བ》དང《ཨ་མའི་སེམས་ཀྱི་རི་མོ》གཉིས་སུ་དངོས་ཡོད་དང་འཕྲུལ་སྣང་སྣོལ་མར་བསྡེབས་པའི་སྒོ་ནས་མཛའ་གྲོགས་དང་འབྲལ་ཁའི་སེམས་ཀྱི་ན་ཟུག་དང་འཁྲེང་སེམས། ཡིད་ཀྱི་བཟོད་སྒོམ་དང་འགྱོད་བཤགས་ཀྱི་ལོ་ཟླ་དེ་བྲིས་ཡོད་པ་དང་། འཁྲབ་གཞུང་འདི་གཉིས་ཀྱིས་ལྟ་མཁན་དག་ལ་མཆི་མ་དཀུ་བར་བྱེད་ཅིང། རྟག་བརྟན་གྱི་བརྩེ་དུངས་དེར་མངར་ཁ་ཡང་སྦྱིན་པར་བྱེད་ཐུབ། འཁྲབ་གཞུང་འདིས་ང་ཚོར་བླ་མེད་ཀྱི་བརྩེ་དུངས་དང་བླ་མེད་ཀྱི་དགའ་བ་ཞིག་གི་དཀའ་སྡུག་གི་བརྒྱུད་རིམ་དེ་སྣང་ཞིང་འཛིན་རྒྱུ་ཡོད་པ་དང་ཐོས་ཤིང་བསམ་རྒྱུ་ཡོད་པའི་སྒོ་ནས་བསྟན་ཡོད། །

ལྷ་དཔལ་རྒྱལ། 1989ལོར་མཚོ་སྔོན་བྲག་དཀར་རྫོང་དུ་སྐྱེས། པེ་ཅིན་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན། དེང་རབས་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ཡིན། གློག་བརྙན་བརྩམས་ཆོས་ལ《ཆུ་ལྷམ་ཆུང་ཆུང》དང་། 《ལོ་ཁུངས་དང་འཇིགས་མེད》《གེ་སར་རྟ་རྫི》སོགས་ཡོད། དེ་ལས་གློག་བརྙན་བརྩམས་ཆོས་ཐོག་མ《ཆུ་ལྷམ་ཆུང་ཆུང》ལ་སྐབས་ཉེར་བདུན་པའི་གསེར་བྱ་མེ་ཏོག་སྣ་བརྒྱ་གློག་བརྙན་དུས་ཆེན་གྱི་རྒྱལ་ནང་གློག་བརྙན་འོས་སྦྱོར་བྱ་དགའ་དང་། གློག་བརྙན《ལོ་ཁུངས་དང་འཇིགས་མེད》ཅེས་པར། 2022ལོའི་སྐབས་བཅུ་གཉིས་པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ། གློག་བརྙན《གེ་སར་རྟ་རྫི》ལ་སྐབས42པའི་དར་གོས་ཚོང་ལམ་གློག་བརྙན་དུས་ཆེན་གྱི་ཚོང་ལས་ཀྱི་གབ་ཤུགས་ཆེས་ཆེ་བའི་བྱ་དགའ་སོགས་ཐོབ།

图片

གློག་བརྙན་འཁྲབ་གཞུང《ཆུ་ལྷམ་ཆུང་ཆུང》ནི་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ《དབང་གྲགས་ཀྱི་ཆུ་ལྷམ》གཞིར་བཟུང་ནས་འཁྲབ་གཞུང་དུ་བཅོས་པ་ཞིག་ཡིན། འཁྲབ་གཞུང་འདིའི་ནང་དུ་ཞིང་གྲོང་གི་བྱིས་པ་དབང་གྲགས་ཀྱིས་དབྱར་ཁར་ཆར་བ་འབབ་དུས་སློབ་གྲོགས་ཚོས་ཆུ་ལྷམ་གོན་ནས་སློབ་གྲྭར་འགྲོ་བར་ཡིད་སྨོན་ཤོར་ཞིང་། རང་ཉིད་ལའང་ཆུ་ལྷམ་ཞིག་ཡོད་ན་ཅི་མ་རུང་སྙམ་ནས། ཨ་ཕར་ཡང་ཡང་བཤད་དེ་རང་ཉིད་ལའང་ཆུ་ལྷམ་ཞིག་ཉོ་བར་རེ་ལྟོས་བྱས་མོད། ཨ་ཕས་ཁོར་ཆུ་ལྷམ་ཞིག་ཉོས་མ་བྱུང་བས། མཐར་ཨ་མའི་སེམས་ཀྱིས་མ་བཟོད་པར་བུ་ཆུང་ལ་ཆུ་ལྷམ་ཞིག་ཉོས་ནའང་། དུས་དེ་ནས་བཟུང་ཕ་ཡུལ་དུ་ཆར་བ་བབས་མ་བྱུང་ལ། ཁོས་ཆུ་ལྷམ་གོན་ནས་གཞན་ལ་ངོམ་སོ་བྱེད་པའི་གོ་སྐབས་ཀྱང་མ་བྱུང་། དེར་བརྟེན་དབང་གྲགས་ཀྱིས་ཆར་བ་ཆེན་པོ་ཞིག་བབས་ཏེ་རང་ཉིད་ལ་ཆུ་ལྷམ་གོན་པའི་གོ་སྐབས་ཤིག་འབྱུང་བར་ཐབས་བཀོད་སྣ་ཚོགས་འཐེན་པ་བྲིས་ཡོད། འཁྲབ་གཞུང་འདི་ལས་བྱིས་པའི་རང་གཤིས་དང་སེམས་ཁམས།   བྱིས་པའི་བློ་རིག་དང་འདོད་འདུན་དེ་མངོན་པར་མཚོན་ཡོད། །

འཇིགས་མེད་འཕྲིན་ལས། 1997ལོར་མཚོ་སྔོན་ཁྲི་ཀར་སྐྱེས། 2020ལོར་པེ་ཅིན་གློག་བརྙན་སློབ་གླིང་འཁྲབ་སྟོན་སྡེ་ཁག་ནས་མཐར་ཕྱིན། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཡིན། 2017ལོར་དངོས་བཤུས་བརྙན་ཐུང《ཁོ་ཚོས་མཐོ་སྒང་དུ་གློག་བརྙན་ཕབ་ལེན་བྱེད་བཞིན་ཡོད》ཅེས་པ་ཕབ་སྐྲུན་བྱས་པ་དང་། 2023ལོར《གཅིག་དང་བཞི》ཞེས་པའི་གློག་བརྙན་ཕབ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྟོན་བགྱིས་པས། ལྟད་མོ་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་ཡང་ཐོབ་ཡོད།

图片

དེབ་འདི་རུ་འཁྲབ་གཞུང《གཅིག་དང་བཞི》ཞེས་པ་དང་།《སད》གཉིས་བསྡུས་ཡོད། 《གཅིག་དང་བཞི》ཞེས་པ་ནི་འཇམ་དབྱངས་ཚེ་རིང་ལགས་ཀྱིས་རྒྱ་ཡིག་གིས་བྲིས་པའི་སྒྲུང་གཏམ་དེ་གཞིར་བཟུང་ནས་འཁྲབ་གཞུང་དུ་བཅོས་པ་ཡིན། འཁྲབ་གཞུང་འདིའི་བརྗོད་བྱ་ནི་ཁ་བ་ལྷབ་ལྷུབ་འབབ་པའི་དུས་སྐབས་ཤིག་ལ། ནགས་སྲུང་པའི་ཤིང་ཁང་དུ་སྔ་རྗེས་སུ་མི་རྒྱུས་མེད་གསུམ་སླེབས་པ་དང་། ནགས་སྲུང་པ་ཁོས་ཀྱང་སུ་ཞིག་ནི་རྔོན་པ་ཡིན་པ་མ་ཤེས་པར། རང་ཡང་ཅི་ཡིན་འདི་ཡིན་མེད་པར་རྔོན་ལས་ཀྱི་ཉེས་དོན་དེའི་ནང་དུ་ཚུད་པ་གཏམ་རྒྱུད་ཀྱི་ལམ་ནས་བྲིས་ཡོད།《སད》ཅེས་པ་ནི་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་བ་སྐུད་སྣེ་བྱས་པ་དང་། ཨ་ཡེ་དབང་མོས་འཁོར་བགེགས་ཡོད་ཚད་ལས་དབང་དུ་བསམས་ཏེ། རླངས་འཁོར་དོན་རྐྱེན་བཟོས་པའི་ཁ་ལོ་པ་བཟའ་ཟླ་གཉིས་ལ་བསྙོན་འཛུགས་དང་ཉེས་འགེལ་ཅི་ཡང་མེད་པར་ཕྱིར་རང་ཡུལ་ལ་ལོག་ཏུ་བཅུག་པ་བྲིས་ཡོད། །

བདུད་རྩི་སྐྱིད། 1994ལོར་མཚོ་སྔོན་མང་རྫོང་དུ་སྐྱེས། 2015ལོར་པེ་ཅིན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གློག་བརྙན་རྩོམ་རིག་སྡེ་ཁག་ནས་སློབ་མཐར་ཕྱིན། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཡིན། སྔ་ཕྱིར《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》དང་།  《ཕ་ཡུལ》  《སྨོན་ལམ་གཙང་བོའི་ཕ་རོལ》སོགས་གློག་བརྙན་མང་བོ་ཕབ་སྐྲུན་བྱས། གློག་བརྙན་ཁ་ཤས་ལ་སྐབས་སོ་ལྔ་པའི་ཀྲུང་གོའི་གསེར་བྱའི་གློག་བརྙན་དུས་ཆེན་སྟེང“དམིགས་བསལ་གདེང་འཇོག”གི་བྱ་དགའ་དང་།  ཁྲུན་ཆིན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་སྟེང“གཏམ་རྒྱུད་གློག་བརྙན་རྩེ་གྲའི་བདམས་ཐོན་བྱ་དགའ།” ཀྲུང་གོའི་སློབ་ཆེན་པའི་བརྙན་གཟུགས་སྒྱུ་རྩལ་དུས་ཆེན་སྟེང“འཁྲབ་སྟོན་པ་རྩེ་གྲ་ཡི་བྱ་དགའ”སོགས་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་ཐེངས་མང་ཐོབ་མྱོང་།

图片

དེབ་འདིར་གློག་བརྙན་འཁྲབ་གཞུང《སྨོན་ལམ་གཙང་བོའི་ཕ་རོལ》དང་།  《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》 《ཕ་ཡུལ》བཅས་རང་ཉིད་ཐོག་མར་གློག་བརྙན་འཁྲབ་གཞུང་གསར་རྩོམ་ལ་ཞུགས་དུས་སུ་བྲིས་པའི་དངོས་ཡོད་རིང་ལུགས་ཀྱི་འཁྲབ་གཞུང་གསུམ་བདམས་ཡོད་ལ།《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ལས། རྒྱང་རིང་གི་གངས་འདབས་སུ་ལོ་ངོ་སྟོང་ཕྲག་རིང་ཁེར་རྐྱང་དང་སྒམ་བརླིང་གིས་འགྲེང་བའི་ཤུག་སྡོང་ཁེར་སྐྱེས་འོག་གི་བས་མཐའི་བྱིས་པ་ཞིག་གི་ནང་སེམས་ཀྱི་འཇིག་རྟེན་མངོན་པར་མཚོན་ཡོད།《སྨོན་ལམ་གཙང་བོའི་ཕ་རོལ》ཞེས་པ་རུ། ཕ་མའི་བྱམས་བརྩེ་དྲོན་མོ་སྙེག་པའི་བྱིས་པ་གཉིས་ཀྱིས་ཨ་མ་བྲོས་མོར་སོང་བས། མོ་ཕྱིར་ཡུལ་ལ་ལྡོག་ཐུབ་ཆེད་སློབ་བྱོལ་བྱས་ཏེ། ཀླུའི་ལྗོན་ཤིང་བཙལ་ནས་སྨོན་ལམ་བཏབ་ཚུལ་བརྗོད་ཡོད། 《ཕ་ཡུལ》ཞེས་པ་ནི་སྐབས་རེར་གྲོང་ཚོའི་ནང་གི་དུ་བ་དང་། ལན་རེར་དྲན་ཤེས་སུ་ཉར་བའི་རྩྭ་ཐང་གི་ཨ་ཕ་དེ་ཡིན་པར་འདོད་པའི་རྒྱང་ཐག་རིང་ལ་སེམས་ཐག་ཉེ་བའི་ཕ་ཡུལ་གྱི་དངོས་ཡོད་འཚོ་བ་ཇི་བཞིན་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཞིག་སྟེ། མི་ལོ་ཉི་ཤུའི་རིང་ཡུལ་དུ་ལོག་མ་མྱོང་བའི་གནས་མོ་ཞིག་གི་ཡུལ་གདུང་མཚོན་ཡོད།图片

《སྨིན་དྲུག་བོད་ཀྱི་གློག་བརྙན་འཁྲབ་གཞུང་དཔེ་ཚོགས》འདི་ནི《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བོད་ཀྱི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དག་ལ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འབྲེལ་འདྲིས་གང་མང་བྱས་ཏེ། མཐར་འཁྲབ་གཞུང་རྩོམ་པ་པོ་དྲུག་གི་འཁྲབ་གཞུང་བདམས་ནས་པར་སྐྲུན་བྱས་པ་ཞིག་ཡིན་ལ། ད་ལྟའི་བར་དུ་བོད་ཡིག་གི་ལམ་ནས་བརྩམས་པའི་འཁྲབ་གཞུང་གི་དཔེ་ཚོགས་ཐོག་མའང་ལགས།

མཐར་བགྱི་བ་འདི་ཡང་བོད་ཀྱི་གློག་བརྙན་བྱ་བཞག་གོང་ནས་གོང་དུ་འཕེལ་བའི་རྒྱུ་རུ་གྱུར་ཅིག་གུ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།