ཀྲུང་གོ་བོད་ཀྱི་དྲ་བ།

རེབ་གོང་མཁའ་འབུམ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2024-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་རིམ་པའི་ཕུལ་བྱུང་དགེ་རྒན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཏང་ཡོན་རྒན་པ། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་མཁའ་འབུམ་ལགས་ཀྱིས་བརྩམས་ཤིང་། བྱམས་པ་ཚེ་རིང་གིས་གཙོ་སྒྲིག་བྱས་པའི་རེབ་གོང་མཁའ་འབུམ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས་ཞེས་པ་དེབ་རྒན་གསུམ་གྱི་བདག་ཉིད་ཅན་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།

འདིར་ཁོང་གི་བརྩམས་ཆོས་རྣམས་ལས་དེ་སྔོན་པར་སྐྲུན་བྱས་ཟིན་པའི་མཚོ་སྔོན་ཞིང་ཆེན་འབྲིང་རིམ་མི་རིགས་དགེ་འོས་སློབ་གྲྭའི་སློབ་དེབ་དང་། སུམ་རྟགས་ཀྱི་འགྲེལ་བ་བློ་གསལ་མགུལ་རྒྱན། བོད་ཡིག་རྨོངས་སེལ་སློབ་དེབ། རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་ལས་རེབ་གོང་གླེགས་བམ་སོགས་ཕྱོགས་བསྡུས་བྱས་ཤིང་། ལས་འཁྱེར་ངལ་གསོའི་རིང་བརྩམས་པའི་ཐོར་རྩོམ་གྱི་སྐོར་དང་། རིག་གཞུང་དཔྱད་རྩོམ་སོགས་ཁྱོན་བསྡོམས་པོད་ཆེན་པོ་གསུམ་དུ་བསྡུས་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།

པོད་དང་པོ་སུམ་རྟགས་རྩ་འགྲེལ་དང་སྐད་ཡིག་སློབ་དེབ་ཞེས་པར་ལེའུ་ལྔ་ཡི་ནང་དོན་ཚུད་ཡོད་དེ། ལེའུ་དང་པོ། སུམ་ཅུ་བའི་རྩ་བ་དང་འགྲེལ་བ། ལེའུ་གཉིས་པ། རྟགས་འཇུག་གི་རྩ་བ་དང་འགྲེལ་བ། ལེའུ་གསུམ་པ། སྐད་ཡིག་དང་སྦྱང་གཞིའི་སྐོར། ལེའུ་བཞི་པ། སྐད་ཡིག་སློབ་དེབ། ལེའུ་ལྔ་པ། བརྡ་སྤྲོད་དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་བསྡུས་སོགས་ཡོད། པོད་གཉིས་པ་སྙན་འགྲེལ་དང་ཐོར་རྩོམ་ཞེས་པར་ལེའུ་ཆེན་པོ་གསུམ་དང་། དཔྱད་རྩོམ་དང་ཐོར་རྩོམ་གྱི་སྐོར་རྣམས་བསྡུས་ཡོད་དེ། ལེའུ་དང་པོ། སྙན་ངག་གི་དར་ཚུལ་དང་། སྙན་ངག་གི་ལུས། སྙན་ངག་གི་རྒྱན་སོགས་རེ་རེ་བཞིན་བྲིས་ཡོད་ཅིང་། ལེའུ་གཉིས་པ། ཐུན་མོང་རྒྱན་གྱི་སྤྱིའི་དབྱེ་བ་དང་དོན་རྒྱན་སོ་ལྔའི་སྐོར་ཞིབ་ཏུ་བཀོད་ཡོད། ལེའུ་གསུམ་པ། ཐུན་མོང་རྒྱན་ལས་སྒྲ་རྒྱན་དང་། གབ་ཚིག་གི་རྒྱན། སྙན་ངག་གི་སྐྱོན་སེལ་སོགས་ཞིབ་ཆ་ལྡན་པའི་སྒོ་ནས་རྩ་འགྲེལ་རང་གི་དཔེར་བརྗོད་དང་བཅས་པ་བཞུགས། ལེའུ་གསུམ་པོར་ཟུར་རྒྱན་གྱི་ཚུལ་དུ་སྙན་གཞུང་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས་དང་། སྙན་རྩོམ་ཁ་ཤས་སོགས་ཞར་བྱུང་དུ་བསྒྲིགས་ཡོད། པོད་གསུམ་པ་རེབ་གོང་ས་མིང་དང་རིག་གནས་བརྡ་འགྲེལ་ཞེས་པར། རེབ་གོང་ས་ཁུལ་གྱི་སྡེ་མིང་ཚོ་མིང་དང་། དགོན་གྲོང་། རི་ཆུ་ནགས་གསུམ། དེ་དག་གི་རིག་གནས་ལོ་རྒྱུས་སོགས་བསྒྲིགས་ཡོད་དོ།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།