སི་ཁྲོན་ལི་ཐང་རྫོང་ཚོ་གསུམ་ཤང་དུ་གྲོང་སྲོལ་དམངས་ཆིངས་ཀྱི་ལུགས་སྲོལ་བཟང་པོ་ཞིག་ཆགས་པ།

      ཟླ་4ཚེས་12ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཚོ་གསུམ་ཤང་རུ་སྨད་གྲོང་ཚོའི་བློ་བཟང་ཚེ་འཕེལ་གྱིས་ཁྱིམ་དུ་གློག་གི་ཚ་ལའི་ལས་སྣོན་བྱས་པ་དང་། ལས་སྣོན་རྒྱུ་ཆ་གྲོང་མིའི་གཞུང་གི་བྱེད་སྒོ་སྤེལ་སར་སྤུངས་ཤིང་། གྲོང་ཚོའི་གཏན་ཁེལ་དང་སྒྲིག་སྲོལ་གྱི་ལྟ་སྐུལ་པ་འཇུ་ཆོས་སྒྲོན་གྱིས་ཤེས་རྟོགས་བྱུང་མ་ཐག་ཏུ་བློ་བཟང་ཚེ་འཕེལ་ལ་སྐྱོན་བརྗོད་བྱས་པ་རེད།

      “འཛུགས་སྐྲུན་རྒྱུ་ཆ་ཚང་མའི་སྤྱི་པའི་བྱེད་སྒོ་སྤེལ་སར་སྤུངས་ཡོད་པས་གྲོང་ཚོའི་རྣམ་པར་ཤུགས་རྐྱེན་ངན་པ་ཐེབས་པ་མ་ཟད། བདེ་འཇགས་ཐད་ལ་ཡང་ཤུགས་རྐྱེན་ངན་པ་བཟོས་པ་ཏེ། རྒན་རྒོན་དང་བྱིས་པ་ཐང་ལ་འགྱེལ་ན་མཇུག་འབྲས་བསམ་ཡུལ་ལས་འདས་པ་ཞིག་རེད། གནས་སྐབས་སུ་འཛུགས་སྐྲུན་རྒྱུ་ཆ་འཇོག་ས་དགོས་ན་ཁྱེད་ཀྱིས་གྲོང་ཚོའི་ལས་བྱེད་པར་བཤད་ན་ཆོག  ང་ཚོས་བཀོད་སྒྲིག་བྱེད་སྲིད།  ཁྱེད་ཀྱི་བྱ་སྤྱོད་དེ་ང་ཚོའི་གྲོང་སྲོལ་དམངས་ཆིངས་ཀྱི་དོན་ཚན་ཉེར་བརྒྱད་པ་དང་འགལ་ཡོད་པས། ཁྱེད་ཀྱིས་གང་མགྱོགས་བཅོས་བསྒྱུར་གནང་དགོས།”ཞེས་བརྗོད་སྐབས། བློ་བཟང་ཆོས་འཕེལ་གྱིས་“ངས་གཞུང་གི་ས་ཐོག་ཏུ་ཅ་དངོས་གང་བྱུང་དུ་སྤུངས་བ་དེ་གྲོང་སྲོལ་དམངས་ཆིངས་དང་འགལ་ཡོད་པས། ངས་གང་མགྱོགས་གཙང་བཤེར་བྱ་རྒྱུ་ཡིན”ཞེས་ཁས་ལེན་བྱས།  ཉིན་དེའི་ཕྱི་དྲོར་བློ་བཟང་ཚེ་འཕེལ་གྱིས་གྲོང་ཚོའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་བཞག་པའི་འཛུགས་སྐྲུན་རྒྱུ་ཆ་གཙང་བཤེར་བྱས་པ་མ་ཟད། གྲོང་ཚོའི་སྐད་འཕྲིན་ཚོགས་པ་བརྒྱུད་དེ་གྲོང་མི་ཚོར་ཅ་དངོས་གང་བྱུང་དུ་སྤུངས་བའི་གནོད་འཚེའི་སྐོར་དྲིལ་སྒྲོག་བྱས་པ་རེད།

1.jpg

རུ་སྨད་གྲོང་ཚོའི་འཐུས་མིས་ལག་པ་བཀྱགས་ནས་གཏན་འབེབས་བྱས་པའི་གྲོང་སྲོལ་དམངས་ཆིངས་ལ་བརྩི་སྲུང་བྱེད་པར་འཐད་པ་བྱུང་བ།

      གྲོང་སྲོལ་དམངས་ཆིངས་ལ་འདི་འདྲའི་ཚོད་འཛིན་གྱི་ནུས་པ་ཆེན་པོ་ཞིག་ཡོད་དོན་ཅི་ཡིན་ནམ། ཉིན་ཁ་ཤས་ཀྱི་གོང་དུ་མཚོ་གསུམ་ཤང་དང་། གྲོང་ཚོའི་ལས་བྱེད་པ། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་བཅས་གྲོང་ཚོར་སོང་ནས། གྲོང་ཚོའི་ནང་གི་ཏང་ཡོན་དང་གཞོན་ནུ་སློབ་མ་སོགས་གདན་ཞུ་བྱས་ནས་གྲོང་མིའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཡུལ་དངོས་རྟོག་ཞིབ་དང་བཅར་འདྲི་བྱེད་པ། མི་ཁ་ཤས་ལ་ཁ་བརྡ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་དང་། ཁེ་དབང་སྲུང་སྐྱོང་། ཐེམ་ཐོ་དོ་དམ་སོགས་ལས་ཀའི་ཁྲོད་ཀྱི་དཀའ་གནད་བཅས་འཚོལ་བ་དང་། “སྣང་ཆེན་གསུམ་དང་དགའ་ཞེན་གསུམ”གྱི་དྲིལ་སྒྲོག་དང་ཟུང་འབྲེལ་བྱས་ཏེ། གྲོང་སྲོལ་དམངས་ཆིངས་ཀྱིས་དོ་ཁུར་བྱེད་དགོས་པའི་གནད་དོན་གྱི་ཐོ་ཡིག་ལྟ་བུ་ཞིག་གྲུབ་ཡོད། ཁྲིམས་འཛིན་ལས་རོགས་པ་དང་། ཁྲིམས་སྐྱོང་སྒྲོག་འགྲེལ་པ། ཤང་གི་ལས་བྱེད་པ། གྲོང་ཚོའི་ལས་བྱེད་པ། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་བཅས་ཀྱིས་གྲོང་ཚོ་ཁག་གི་གྲོང་སྲོལ་དམངས་ཆིངས་ལ་བཟོ་བཅོས་ཐེངས་ཁ་ཤས་བརྒྱབ་ནས། ཀུན་ལ་འཚམས་པའི་གྲོང་སྲོལ་དམངས་ཆིངས་ཤིག་གྲུབ་པ་དང་། གྲོང་ཚོ་ཁག་གིས་སླར་ཡང་དོན་དངོས་དང་ཟུང་འབྲེལ་སྒོས་བཟོ་བཅོས་བྱས་ནས་“གྲོང་ཚོ་གཅིག་ལ་གྲོས་ཆིངས་གཅིག”གི་གྲོང་སྲོལ་དམངས་ཆིངས་བཟོས་ཤིང་། གྲོང་སྲོལ་དམངས་ཆིངས་དང་འགལ་ན་ཇི་ལྟར་བྱེད་དགོས་པའི་སྐོར་གྱི་གནད་དོན་ཐག་གཅོད་བྱས་པ་རེད།

      “གྲོང་སྲོལ་དམངས་ཆིངས་ནི་གྲོང་ཚོ་རེ་ལ་གྲོས་ཆིངས་རེའི་རྣམ་པ་ཡིན་ཏེ། གྲོང་ཚོ་རེ་རེའི་དངོས་ཡོད་གནས་ཚུལ་མི་འདྲ་བས། གཏན་འབེབས་བྱས་པའི་གྲོང་སྲོལ་དམངས་ཆིངས་ཚང་མ་གཅིག་པ་མ་རེད།”ཅེས་མཚོ་གསུམ་ཤང་གི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ལྷ་མོས་བསྟན་དོན། གྲོང་སྲོལ་དམངས་ཆིངས་དེ་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་འགན་ལེན་བྱ་ཆེད།  གཏན་འབེབ་ཀྱི་གོ་རིམ་ཁྲོད་གྲོང་མི་དང་གྲོང་ཚོའི་ལས་བྱེད་པ་ཁོ་ཚོ་རང་གིས་གྲོང་ཚོར་གྲོས་ཆིངས་ཇི་ལྟ་བུ་ཞིག་དགོས་པ་བརྗོད་པ་ཡིན་ལ།  འདི་ལྟ་བུའི་གྲོང་སྲོལ་དམངས་ཆིངས་ཞིག་ལག་བསྟར་བྱས་ན་ད་གཟོད་དང་ལེན་བྱེད་སླ་པོ་རེད་ཅེས་བརྗོད་པ་དང་། བཀྲ་ཤིས་ལྷ་མོས་ད་དུང་བརྗོད་དོན། གྲོང་སྲོལ་དམངས་ཆིངས་དེ་ད་དུང་ཁྲིམས་ལུགས་དང་བཅའ་ཁྲིམས། “སྣང་ཆེན་གསུམ་དང་དགའ་ཞེན་གསུམ”སོགས་ཞིང་པའི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཞིང་པས་རང་རྟོགས་ངང་བརྩི་སྲུང་བྱེད་པ་དང་རང་ཉིད་ལ་དོ་དམ་བྱེད་པ་མངོན་འགྱུར་ཡོང་བར་ཁྲིད་སྟོན་བྱས་པ་རེད་ཅེས་བསྟན།

    མཚོ་གསུམ་ཤང་གིས་གྲོང་སྲོལ་དམངས་ཆིངས་ལག་བསྟར་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་“དཔེ་སྟོན་ལག་བསྟར་པ”ཞིག་བྱེད་པ་དང་། གྲོང་མི་ནང་དུ་ཞུགས་ནས་“ལག་བསྟར་པ”ཞིག་བྱེད་པ། གྲོང་ཚོའི་ལས་བྱེད་པ་“ལྟ་སྐུལ་པ”བྱེད་པ་བཅས་ཀྱི་ཐོག་མའི་ལམ་སྲོལ་ཞིག་འཚོལ་ཞིབ་ཐུབ་ཡོད། ཚྭ་ཁ་གྲོང་ཚོའི་བཀྲ་ཤིས་ཀྱིས་གོམ་པ་ཁ་ཤས་ཉུང་དུ་བསྐྱོད་པར་དམིགས་ནས་གད་སྙིགས་གྲོང་ཚོའི་གད་སྙིགས་རྫིང་བུའི་ཕྱི་རོལ་དུ་འཕངས་པ་རེད། སྣང་ཚུལ་དེ་ལམ་དུ་འགྲོ་བཞིན་པའི་གྲོང་སྲོལ་དམངས་ཆིངས་ཀྱི་ལྟ་སྐུལ་བ་དགེ་ལས་ཀྱིས་མཐོང་བས། དགེ་ལས་ཀྱིས་དེ་འཕྲལ་བཀྲ་ཤིས་ལ་སྐྱོན་བརྗོད་དང་སློབ་གསོ་བྱས་པ་ཏེ། “གྲོང་ཚོ་ནི་ཚང་མའི་རེད། ཁྱེད་ཀྱིས་རང་ཉིད་ལ་སྟབས་བདེ་ཆེད་གད་སྙིགས་དག་གད་སྙིགས་རྫིང་བུའི་ཕྱི་རོལ་དུ་འཕངས་པ་རེད། གལ་ཏེ་རླུང་ཆེན་པོ་གཡུག་ན་གྲོང་ཚོ་ཧྲིལ་པོ་གད་སྙིགས་ཡིན། ཁྱེད་རང་ཉིད་ཀྱི་ཁྱིམ་གཙང་མར་གྱུར་རུང་། གྲོང་ཚོ་ཧྲིལ་པོ་གད་སྙིགས་ཡིན་ན་ཁྱེད་ཀྱིས་བལྟས་ན་ཡག་པོ་འདུག་གམ། ཁྱེད་ཀྱི་བྱ་སྤྱོད་དེ་ང་ཚོའི་གྲོང་སྲོལ་དམངས་ཆིངས་ཀྱི་དོན་ཚན་བཅུ་གཉིས་པ་དང་འགལ་ཡོད་པས། ཁྱེད་ཀྱིས་མྱུར་དུ་བསྒྱུར་བཅོས་བྱས་ཏེ། གད་སྙིགས་རྫིང་བུའི་མཐའ་འཁོར་གྱི་གད་སྙིགས་གཙང་ཕྱགས་བྱེད་དགོས་པ་མ་ཟད། ཚྭ་ཁ་གྲོང་ཚོའི་ཁྱིམ་ཚང་རེ་རེར་དྲིལ་སྒྲོག་བྱེད་པར་ཕྱིན་ནས་ཚང་མར་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་ལ་གཅེས་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་སྐོར་བཤད་དགོས།”ཞེས་བརྗོད་པ་དང་། བཀྲ་ཤིས་ཀྱིས་ངོས་ལེན་བྱས་དོན།“ང་རང་ཉིད་ཀྱིས་གད་སྙིགས་རྫིང་བུའི་ཕྱི་རོལ་དུ་འཕངས་ནས་གྲོང་སྲོལ་དམངས་ཆིངས་དང་འགལ་བས། ངས་གང་མགྱོགས་ངང་གད་བདར་གཙང་མ་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན།”ཞེས་བཤད། མིག་སྔར་མཚོ་གསུམ་ཤང་གིས་གྲོང་སྲོལ་དམངས་ཆིངས་བརྒྱུད་དེ་གྲོང་མིའི་བྱ་སྤྱོད་ཐེངས་14ཚད་ལྡན་དུ་བཏང་པ་རེད། 

      སྔོན་ཆད་མཚོ་གསུམ་ཤང་གི་གྲོང་མི་ཁག་གཅིག་གིས་རང་ཉིད་ཀྱི་སྒོ་ཁ་ཙམ་གཙང་མར་ཕྱགས་པའི་བསམ་ཚུལ་ཁོ་ན་བཅངས་ནས། སྒོ་མདུན་དུ་ཅ་དངོས་གང་འདོད་དུ་སྤུངས་ལ། སྡོད་སའི་ཁོར་ཡུག་ཧ་ཅང་བཙོག  ད་ལྟ་གྲོང་སྲོལ་དམངས་ཆིངས་ཀྱི་ཚད་ལྡན་འོག་སྒོ་རའི་ཕྱི་རོལ་དུ་འཛུགས་སྐྲུན་རྒྱུ་ཆ་གང་བྱུང་དུ་སྤུང་བ་དང་། སྒོ་ཁར་འབུད་ཤིང་སྤུངས་པ། གྲོང་ཚོའི་ནང་གི་མི་མང་འདུ་འཛོམས་བྱ་ཡུལ་དུ་གད་སྙིགས་གང་བྱུང་དུ་འཕེན་པ་སོགས་ཀྱི་སྣང་ཚུལ་དག་ཇེ་ལེགས་སུ་ཕྱིན་ཡོད། “གྲོང་སྲོལ་དམངས་ཆིངས་ནི་ཚད་ཤིང་ཞིག་དང་འདྲ་བར། དེས་གྲོང་ཚོའི་སྣང་བརྙན་མཚོན་པ་ཙམ་མ་ཡིན་པར། ས་ཆའི་ཡུལ་སྲོལ་བཟང་པོའི་གཞི་རྐང་ལྟ་བུ་ཞིག་ཀྱང་རེད།”ཅེས་མཚོ་གསུམ་ཤང་གི་ལས་བྱེད་པ་བསོད་ནམས་ཕུན་ཚོགས་ཀྱིས་དེ་ལྟར་བཤད། །


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།