ཀྲུང་གོ་བོད་ཀྱི་དྲ་བ།

༄༅། །མ་ཧཱ་པཎྜི་ཏ་རྗེ་བཙུན་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐལ་བཟང་འགྲོ་ལ་ཕན་བདེ་འབྱུང་བའི་གནས།  །

ཕུལ་བྱུང་འཇམ་མགོན་བསྟན་པའི་ཁང་བཟང་རྩེར།  །

མདོ་སྔགས་ཆོས་ཀྱི་རྒྱལ་མཚན་བསྒྲེངས་མཁས་པ།  །

མཆོག་སྤྲུལ་འགྲོ་བའི་མགོན་པོར་གསོལ་བ་འདེབས།  །

 

མཐའ་བཞི་ཁ་བའི་བཟུང་བའི་ལྗོངས་ཤིག་ན།  །

སྦྲང་ཆར་སིལ་མའི་དངོས་གྲུབ་འཇའ་ཡིས་དྲངས།  །

བསོད་ནམས་བྱེ་བའི་བསྐྲུན་པའི་མེ་ཏོག་ཅིག །

སྙིགས་མའི་རྒུད་པ་འཕྲོག་པའི་དཔལ་དུ་བཞད།  །


ནང་གི་བྱམས་བརྩེའི་རླུང་ཤུགས་མ་ནོན་པར།  །

འགྲོ་ཀུན་རྗེས་འཛིན་འབོད་པ་ལན་གསུམ་གནང་།  །

འཇིག་རྟེན་དགེ་ལེགས་བྱེད་པའི་སྔོན་འགྲོ་རུ།  །

དགྱེས་འཛུམ་ཟླ་བའི་ཚེམས་ཕྲེང་དལ་གྱིས་ངོམས།  །

 

ཁྱོད་སྐུ་ར་རིས་དག་པའི་ངོ་མཚར་དུང་།  །

སྲིད་འདིར་བལྟམས་ནས་ཞག་བདུན་ཙམ་གྱི་ཚེ།  །

བྱང་སྡོམ་ཡང་དག་བཟླས་པའི་དབྱངས་སྙན་པོས།  །

བློ་ཆེན་རྒྱལ་སྲས་རྣམས་ཀྱང་ཐུགས་རབ་འཕྲོག།

 

མི་འཇིགས་སྐྱབས་སྦྱིན་མཛད་པའི་རོལ་གར་གྱིས།  །

ཉིན་བྱེད་འཁོར་ལོའི་འོད་ཐིག་ལྷག་མེད་དྲངས།  །

ཐོག་རེག་ཕྲ་མོས་དབེན་པའི་འོད་ཟེར་སྟེང་།  །

ཕྱག་ཕྲེང་བཀལ་བའི་སྒྲུ་འཕྲུལ་སུ་ཡིས་བསླབས།  །

 

སྒྲིབ་མེད་མཁྱེན་པས་སྔོན་གནས་རྗེས་དྲན་མཛད།  །

རྟགས་མཚན་མང་བོས་འགྲོ་ལ་ངོ་མཚན་བསྐྲུན།  །

ཨ་ཁྱབ་བུ་ཞེས་གྲགས་སྙན་ཨུཏྤ་ལས།  །

ཕྱོགས་ཀྱི་བུ་མོའི་རྣ་གོང་མཛེས་པར་བསྒྲུབས།  །

 

རྒྱལ་ཀུན་མཁྱེན་རབ་སྤུངས་པའི་ཐིག་ལེ་ཞིག །

འཇིགས་མེད་ཆོས་ཀྱི་ཁྲི་ལ་མངའ་གསོལ་བས།  །

ཐར་བའི་དེད་དཔོན་དེང་འདིར་རྙེད་དོ་ཞེས།  །

སྐལ་ལྡན་འབུམ་ཕྲག་དགའ་བའི་ཕ་མཐར་སོན།  །


མཁྱེན་དཔྱོད་ཟླ་གསར་མཚོ་དང་ལྷན་ཅིག་རྒྱས།  །

མཛད་འཕྲིན་སྣང་བས་སྲིད་གསུམ་མུ་ཁྱུད་འཛིན།  །

མཛེས་སྐུ་དྲན་དབང་རྒྱུ་སྐར་དབུས་ན་ལྷམ།  །

ཚེ་སྦྱིན་ལྷ་མོའི་ངོ་བོར་རྟག་བརྟན་ཤོག ། ཞེས།

མཁས་ཤིང་གྲུབ་པའི་དབང་ཕྱུག་མཧཱ་པཎྜི་ཏ་སྐྱབས་རྗེ༸ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་ནི། རབ་ཚེས་ཤིང་གླང་སྟེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་ལྔའི་ལོར་ས་ལ་དགེ་བཅུ་ཚང་བའི་མཛོད་དགེ་གླིང་དཀར་སྟོད་ཀྱི་སའི་ཆ་ཨ་སྐྱིད་མདོ་ཚ་སྡེ་བའི་ཡབ་རྟ་མགྲིན་སྐྱབས་དང་། ཡུམ་ཨ་ཁྱབ་རིག་འཛིན་མཚོ་ཞེས་བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བ། མཛང་མའི་ཡོན་ཏན་ལྡན་པ་གཉིས་ཀྱི་སྲས་སུ་ཚེས་བཅོ་ལྔའི་སྤྲིན་བྲལ་ཟླ་བ་མཁའ་ལ་ཤར་བ་དང་མཉམ་དུ་ངོ་མཚར་ལྟས་དང་བཅས་སྐུ་འཁྲུངས། སེ་ར་བ་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཕུན་ཚོགས་ཚང་དང་། ཞང་བོ་ནཱའི་ཞི་རིན་པོོ་ཆེ་སོགས་རིམ་བཞིན་ཕེབས་ཏེ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཚེ་གྲུབ་སོགས་ཕུལ་ནས་ཁྱད་པར་དུ་ནཱའི་ཞི་རིན་པོ་ཆེ་ནས་འཕྲིན་ལས་ཆོས་རྒྱལ་ཞེས་པའི་མཚན་ཐོག་མར་གསོལ།

སྤྱི་ལོ༡༩༢༨ལོར་རྗེ་འདི་ཉིད་དགོང་ལོ་བཞིར་སླེབས་དུས་ཨ་སྐྱིད་སེ་ར་དགོན་པའི་སེ་ར་བ་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཕུན་ཚོགས་ཚང་གིས་ཤིང་བཟའ་བླ་ཁོ་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་བཟུང་བ་དང་། ཕྱིས་སུ་ར་རྒྱའི་ཤིང་བཟའ་རྡོ་རྗེ་འཆང༧བློ་བཟང་མཁས་གྲུབ་དམ་ཆོས་རྒྱ་མཚོ། ལྷ་མོ་གསེར་ཁྲི་རྗེ་བློ་བཟང་བསྟན་འཛིན་སེང་གེསྐྱབས་རྗེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་རྗེ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན། རྭ་རྒྱའི་ཤིང་བཟའ་རྡོ་རྗེ་འཆང་སོགས་ལྷ་དང་བླ་མའི་ལུང་ལས༸རྗེ་ཤིང་བཟའ་བློ་བཟང་ཆོས་ཀྱི་རྒྱ་མཚོའམ་ཤིང་བཟའ་བླ་ཁོ་ཚང་གི་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད།

དགུང་ལོ་ལྔ་བ་བཞེས་པ་རབ་རྒྱལ་ས་སྦྲུལ་ཏེ་སྤྱི་ལོ༡༩༢༩ལོའི་ལྷ་བབས་དུས་ཆེན་ལ་རྗེ་ཉིད་ཀྱི་གདན་ས་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་དུ་ཁྲིར་འདོན་གཟབ་རྒྱས་ཞུས། ཡོངས་འཛིན་དམ་པ་བློ་བཟང་བཀྲ་ཤིས་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་ཐོག་མར་ཡི་གེའི་སྦྱོར་ཀློག་ནས་དབུ་བཙུགས་ཏེ་ཆོས་སྤྱོད་སྣ་ཚོགས་དང་། ཐ་སྙད་རིག་པའི་གནས་ཆུང་གྲས་རྣམས་རིམ་པ་བཞིན་སློབ་པའི་དབུ་བཙུགས་པ་ཡིན།

སྤྱི་ལོ༡༩༣༡ལོར་རྗེ་གཉན་ཐོག་བཀའ་དྲིན་ཅན༸རྗེ་བཙུན་སྐལ་བཟང་ཐབས་མཁས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་བསླབ་པ་དཀྱུས་གཅིག་ཏུ་བཞེས་ཏེ་མཚན་ལ་སྐལ་བཟང་ཆོས་ཀྱི་

རྒྱལ་མཚན་ཞེས་གསོལ།

བྱུ་རུའི་འཕྲེང་བ་བགྲངས་པའི་ཟློས་གར་གྱིས། །

ལུང་བསྟན་བརྒྱ་ཕྲག་སྟོན་ལ་མ་དགྱེས་པར། །

ཉམ་ཐག་འགྲོ་རྣམས་དངོས་སུ་སྐྱོབས་པའི་ཕྱིར། །

གསོ་རིག་རྒྱུད་བཞིའི་བདུད་རྩི་ངོམས་མེད་བཞེས། །

 

རི་བྲག་ནགས་ཚལ་སྤང་ལྗོངས་ཆུ་ངོགས་ཀུན། །

ཞབས་རྗེས་འཁོར་ལོ་གསར་བས་མཛེས་བྱས་ཏེ། །

ནད་སེལ་སྨན་རིགས་སི་ཏཱའི་གཟུགས་འཛིན་མ། །

མཁྱེན་ཀློང་རཱ་མ་ཎ་ཡིས་ཁབ་ཏུ་བསུས། །

 

སྙན་འཇེབས་ངག་གིས་ནད་ཀྱི་འབྱུང་རྩ་དྲིས། །

འཇམ་མཉེན་ཕྱག་གིས་རེག་པ་རྩ་ལ་བརྟགས། །

ཕན་པའི་ཐུགས་ཀྱིས་སྨན་སྦྱིན་སྒོ་འཕར་ཕྱེས། །

འཚོ་བྱེད་གཞོན་ནུའི་རྣམ་ཐར་བདག་གིར་བཞེས། །

 

རྒྱལ་ཀུན་ཡུམ་མཆོག་ཨརྱ་ཏཱ་རེ་མའི། །

དཀྱུས་རིང་སྤྱན་ཟུང་རྣོན་པོས་ཁྱོད་བསྲུངས་པས། །

རྒྱ་ཆེན་གཞུང་ལུགས་ཁ་འབབ་རྣམ་བཞི་བོ། །

མཁྱེན་ཀླུང་ཟླ་བའི་མ་མར་ཁད་ཀྱིས་བསྡུས། ། ཞེས། 

དགུང་ལོ་དགུ་བཞེས་སྐབས་རྗེ་གཉན་ཐོག་རིན་པོ་ཆེས་སྨན་གྱི་རྒྱུད་ཆུང་གསུམ་དང་མན་ངག་བཀའ་རྒྱ་མའི་བཤད་ལུང་རྫོགས་པར་གནང་སྟེ་ད་ལྟའི་བླ་སྤྲུལ་གྱི་གཟུགས་བརྙན་འཛིན་པ་ཕལ་མོ་ཆེ་ལྟར་མངོན་ཤེས་གྲུབ་རྟགས་སུ་བསྙད་བཏགས་པའི་མཛད་སྤྱོད་འཕྲལ་འཕྲུལ་གྱིས་རྨོངས་པ་མགོ་སྐོར་བ་ཙམ་ལ་མི་རེ་བར་རིག་པའི་གནས་ལ་རིས་མེད་དུ་གསན་སྦྱོང་གནང་རྒྱུ་དང་། ཁྱད་པར་དུ་གསོོ་བ་རིག་པའི་སྒོ་ནས་འགྲོ་དོན་སྐྱོང་དགོས་པའི་བཀའ་གནང་བ་བཞིན་ཡོངས་འཛིན་བློ་བཟང་བཀྲ་ཤིས་དང་། རྗེ་ཉིད་ཀྱི་ཞང་བོ་སྨན་རྒན་བློ་བཟང་ཆོས་གྲགས། ཨེ་མག་སྨན་རྒན་སོགས་ལས་རྩ་མདོ་ཆུ་མདོ་དང་མེ་བཙའི་ལག་ལེན་སོགས་བསླབ། སྨན་པ་མཁས་པའི་གྲོགས་དང་བཅས་སྨན་རིགས་ངོས་འཛིན་སོགས་དཔེ་ཐོག་ཁ་བཤད་ཙམ་མ་ཡིན་པར་གཞུང་ལུགས་དང་མཐོང་བ་རྒྱུད་པའི་ལག་ལེན་སོགས་སྦྲགས་ནས་ཞིབ་ཏུ་སྦྱངས།

དགུང་ལོ་བཅུ་བར་འཛམ་ཐང་ལྷ་བཟོ་རི་ཁྲོད་པ་ལས་ལྷ་རིས་ཀྱི་ཐིག་རྩ་དང་ཐང་ཀ་འབྲི་ཚུལ་སོགས་བསླབ།

བཅུ་གཅིག་པར་བེ་སིའི་སྨན་པ་འཇིགས་མེད་རྒྱ་མཚོ་ལས་གཙང་སྨན་ཡེ་ཤེས་བཟང་བོ་ནས་བརྒྱུད་པའི་རྒྱུད་བཞིའི་ཟབ་ཁྲིད་དང་ལག་ལེན་བཅས་ཞིབ་ཏུ་གསན། ལོ་དེར་ཨེ་མག་སྨན་རྒན་གྱི་ལག་ལེན་སྨན་ཡིག་སྣ་ཚོགས་དང་། གཡུ་ཐོག་ཆ་ལག་བཅོ་བརྒྱད། དྭགས་པོའི་ཐེར་འབུམ། འཇམ་དབྱངས་སྔོ་འབུམ། གཡུ་ཐོག་སྔོ་འབུམ། སྨན་དཔྱད་ཟླ་བའི་རྒྱལ་བོ་སོགས་སྨན་དཔེ་པོད་སུམ་སྟོང་ཙམ་ལ་ལྟ་རྟོག་ཐེབ་པར་བྱས་གསུངས། གནས་མཆོག་ཇི་གན་བྱང་རིའི་སྒྲུབ་ཕུག་སུ་ལྷག་པའི་ལྷ་མཆོག་སྒྲོལ་དཀར་གྱི་སྐུ་མཚམས་ལ་བཞུགས་ནས་ཏཱ་རེ་དུང་ཕྱིར་གསུམ་གསུངས། རྒྱུན་རྐོང་ཆུང་ངུ་གཅིག་ཉིན་མཚན་གསུམ་ལ་མི་གཟིམ་པ་སོགས་ལྷག་ལྷ་དེ་ཉིད་གྲུབ་པའི་རྟགས་མཚན་མང་བོ་བྱུང་། ཁྱད་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་དུ་བརྡོལ།

དགུང་ལོ་བཅུ་གཉིས་ཐོག་ཆོས་སྡེ་ཆེན་པོ་སྟག་ཚང་དཔལ་གྱི་ལྷ་མོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་དུ་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཡོན་ཏན་ཡོངས་འཛིན་དུ་བསྟེན་ཏེ་རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་གཞུང་སོ་སོའི་སྤྱི་དོན། ཐལ་ཕྲེང་། ཟུར་བཀོལ་སོགས་རྗེ་ཡབ་སྲས་དང་། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཚིག་གི་ན་ཡམས་ཙམ་དུ་མ་ལུས་པར་ཞིབ་རྩོད་དང་། དོགས་གཅོད། སྐྱོར་སྦྱང་སོགས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད། ཚོགས་ཆོས་གྲྭའི་ལམ་དུ་ཡང་བྲེ་མོའི་གཏམ་དང་དོན་མེད་ཀྱི་རྩེ་དགོད་ལ་མི་གཡེང་བར་གཞུང་ལུགས་ཀྱི་དོན་ལས་བརྩམས་པའི་འཕྲོས་དང་དོགས་གཅོད། གཞུང་ཚིག་སྐྱོར་སྦྱང་ལ་འབད་པ་ཤ་སྟག་གནང་བ་དང་། སྒོ་གསུམ་ཞི་དུལ་བག་ཡོད་ཀྱི་མཛད་པ་ཁོ་ནའི་དུས་འདའ་བ་ཞིག་ཡོད་ཅེས་ཁོང་དང་དུས་ཐོག་མཉམ་པའི་མཁས་བླུན་ཀུན་གྱིས་མཐུན་པར་གླེང་།

ཁྲི་ཆེན་རྒྱལ་མཚན་སེང་གེའི་སྐུ་གདུང་མདུན་དུ་རྐྱང་ཕྱག་དང་སྦྲགས་ནས་འགྲེལ་བ་དོན་གསལ་སྟོང་ཚར་སྐྱོར་བས་མི་བརྗེད་པའི་གཟུངས་ཁྱད་པར་ཅན་བརྙེས་ཏེ་ཉིན་རེར་དཔེ་རིང་ཤོག་གྲངས་སུམ་ཅུ་ཙམ་ཐུགས་འཛིན་གནང་བ་ལ་ཚེགས་མེད་པར་གྱུར། ཤེས་བྱའི་གནས་ཅི་ཞིག་གསན་པ་མཐའ་དག་བརྗེད་ངས་རྐུན་པོའི་དབང་དུ་མི་འཆོར་བར་དངོས་སུ་ཞལ་གྱིས་བཞེས། ཁྱད་པར་དུ་མ་ཧཱ་པཎྜི་ཏ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་རིན་འབྱུང་། འཇམ་དབྱངས་ཆོས་སྐོར། ལན་ཝར་ཡིག་གཟུགས། ཐིག་རྩ་སྣ་ཚོགས། སུམ་རྟགས། སྒྲ་སྙན་སྨན་རྩིས་སོགས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན། གསེར་ཁྲིའི་ཡོངས་འཛིན་ཡོན་ཏན་རབ་རྒྱས་པའི་དྲུང་ནས་དབུ་མ་ལུང་རིག་སྒྲོན་མེའི་མཛུབ་ཁྲིད་དང་། ལམ་རིམ་ཆེན་མོའི་བཤད་ལུང་། དུས་འཁོར་དབང་ཆེན་སོགས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན། གཙང་བ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་པཱ་ལིའི་ཡི་གེབྷར་མའི་ཡི་གེད་ལྟའིི་འཕགས་ཡིག་སོགས་རྒྱལ་ཁབ་དང་མི་རིགས་གཞན་པའི་ཡིག་རིགས་བཅུ་གཉིས་ཙམ་དང་། བོད་ཡིག་གི་སྐོར་ལ། བླ་མ་རྡོ་རྗེ་གདན་པའི་ཡི་གེའགོའི་ལོའི་ཡི་གེསྐྱོགས་ལོའི་ཡི་གེངོ་མཚར་ཡིག་གསར། གཏེར་ཡིག་དང་བརྡ་ཡིག་སྣ་ཚོགས་བཅས་ཡིག་རིགས་ཉི་ཤུ་ཙམ་འབྲི་ཀློག་བསླབ། དེ་བཞིན་དུ་མཆོད་རྟེན་དང་ལྷ་རིས་ཀྱི་ཐིག་རྩ། པ་ཊའི་རིགས་སྣ་ཚོགས། གསེར་ཚ་དང་གསེར་ཆུ། གཡུ་ཆུ་བྱུག་སྡེབ་སོགས་བཟོའི་གནས་དུ་མ་བསླབ། མཁན་པོ་ངག་དབང་དཔལ་བཟང་ཚང་ལས་ཁམས་བརྒྱུད་གསོ་རིག་རྒྱུད་བཞིའི་ཁྲིད་དང་མན་ངག་ཐོར་བུའི་སྐོར་དུ་མ་གསན་བཞེས་གནང་། མཁན་པོ་དེ་ཉིད་ཀྱི་ཞལ་བཀོད་བཞིན་ཨུ་རུ་སུའི་སྨན་པ་ཤེས་རབ་བསྟན་འཕེལ་ལས་ནུབ་ལུགས་ཀྱི་སྐྱེ་ལུགས་རིག་པ་དང་། ཁམས་སྨན་པ་བཀྲ་ཤིས་དཔལ་འབར་ལས་རྒྱ་ནག་ལུགས་ཀྱི་རྩ་བརྟག་ཆུ་བརྟག་ལྕེ་བརྟག་སོགས་བསླབ། ལྷ་མོ་གསེར་ཁྲི་རིན་པོ་ཆེ་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་མཁན་ཟུར་འཇིགས་མེད་རྒྱ་མཚོ། ཁྲི་ཟུར་སྨོན་ལམ་མཐའ་ཡས་སོགས་ལས་རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་། ཁྲིད་བཤད་ལུང་། གསུང་འབུམ་སྣ་ཚོགས་ཀྱི་ལུང་། ཆོ་ག་ཕྱག་བཞེས། ཐིག་རྡུལ་མཚོན་ཚུན་ཆད་ཞིབ་ཏུ་གསན་ནོ།  །

དགུང་ལོ་བཅོ་བརྒྱད་པར༸སྐྱབས་རྗེ་གཉན་ཐོག་བཀའ་དྲིན་ཅན་གྱི་མདུན་ནས་ཟབ་མོ་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པར་གསན་ཏེ་ཁོང་གིས་ཡི་དམ་ལྷའི་ལུང་དང་། མར་མེའི་ལྟས་སོགས་གང་ལ་བརྟགས་ཀྱང་ངའི་གཅོད་ཀྱི་གདམས་ངག་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་པ་ཁྱེད་ལས་མི་འདུག་གསུངས་ནས་གདམས་ངག་དེའི་བདག་པོར་དབང་བསྐུར།

དགུང་ལོ་ཉི་ཤུ་བ་སྟེ་སྤྱི་ལོ༡༩༤༢ལོར་ཕར་ཕྱིན་དམ་བཅའ་ལེགས་པར་གྲུབ། ལོ་དེར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཨ་ལགས་བླ་ཁོ་རིན་པོ་ཆེ༸རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་མདུན་ནས་བསྙེན་པར་རྫོགས་ཤིང་མདོ་སྔགས་ཟབ་རྒྱས་ཀྱི་བཀའ་ཆོས་མང་དུ་གསན། ཨ་ཁུ་རིན་པོ་ཆེ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ་འགྲན་གྱི་དོ་མེད་དུ་བསྟེན་ནས་ཁོང་གི་ཞལ་སྔ་ནས་པོ་ཏི་ལྔ་སྔགས་དང་བཅས་པའི་ཞིབ་ཁྲིད་ལན་དུ་མར་ཞུས། འཇམ་མགོན་ཙོང་ཁ་བ་ཆེན་པོའི་ཐུགས་བཅུད་བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་། བསྐྱེད་རྫོགས། དེ་དག་དང་འབྲེལ་བའི་རྒྱུད་དང་རྒྱ་གཞུང་གི་ལུང་དང་ཁྲིད། མན་ངག་ཐོར་བུའི་སྐོར་དང་བཅས་གདམས་པའི་རྒྱུན་བཞུགས་སོ་ཅོག་འབད་པ་ཆེན་པོས་ཆད་ལྷག་མེད་པར་གསན་བཞེས་གནང་། རྔ་བ་ཆོས་རྒྱམ་ཚང་གི་མདུན་ནས་རྒྱུད་བཞིའི་ཞིབ་ཁྲིད་གསན། བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་སྨན་དཔེ་དཀོན་པོ་པོད་དྲུག་ཅུ་ལྷག་ལ་ཞིབ་གཟིགས་གནང་། བསང་ཁོག་ཚུལ་ཁྲིམས་ཚང་། ཁྲོ་ཁོའི་རྟ་དཀར་སྨན་པ། ཆི་བི་ཤིས་རྒྱ་ལུ་སྨན་པ་སོགས་ལ་གསོ་བ་རིག་པའི་དཀའ་གནས་མང་བོའི་དོགས་གཅོད་ཞུས།

དགུང་ལོ་ཉེར་ལྔ་བར་ཨ་སྐྱིད་སྡེ་དགུས་ཞུས་ངོར་དབང་རྡོ་རྗེ་ཕྲེང་བ་དང་། དགུང་ལོ་ཉེར་དྲུག་པར་བེ་སི་ནས་དུས་འཁོར་དབང་ཆེན་གནང་།

དགུང་ལོ་སོ་གཅིག་ནས་སོ་གསུམ་བར་སྟག་ཚང་ལྷ་མོ་དགའ་ལྡན་བཤད་སྒྲུབ་གླིང་གི་ཚོགས་ཆེན་ཁྲིར་བཞུགས་ཏེ་ཆོས་སྲིད་གཉིས་ཀྱི་ཆ་ནས་སྐྱོང་འཁུར་ཟླ་མེད་ཞུས། ཀུན་མཁྱེན་བསྟན་པའི་རྒྱལ་མཚན་མཆོག་གི་བཀའ་བཞིན་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་ཆོས་ཁྲི་ལོ་གསུམ་དུ་བསྐྱངས། དེར་ཚོགས་པ་ཡོངས་ལ་འགྲེལ་ཆུང་དོན་གསལ་དང་མདོ་སྡུད་པ་སྦྱར་བའི་བཤད་ལུང་སོགས་གནང་བས་ཁོང་གི་གསན་རྒྱ་དང་མཁྱེན་རྩལ་གྱིས་མཁས་པ་རྣམས་ཀྱི་ཐུགས་འཕྲོག་པའི་བསྔགས་བརྗོད་མེ་ཏོག་གི་ཕྲེང་བ་ཕྱོགས་སུ་གཏོར།

སྤྱི་ལོ༡༩༥༨ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་སྲིད་གྲོས་ཀྱི་བྱ་བར་ཞུགས་ཏེ་དཀའ་སྡུག་གི་མནར་བའི་ཉམ་ཐག་སྐྱེ་འགྲོ་སྟོང་ཕྲག་དུ་མ་ཐབས་མཁས་ཀྱིས་མི་འདོད་སྡུག་བསྔལ་སྣ་ཚོགས་ལས་བསྐྱབས།

སྤྱི་ལོ༡༩༦༣ལོར་རྨ་ལྷོ་རྫོང་གི་རྫོང་དཔོན་གཞོན་པས་འགན་བཞེས་ཏེ་ཞོར་དུ་ལོ་ངོ་དུ་མའི་རིང་རྫོང་རིག་སློབ་ཅུའི་འགོ་གཙོའི་འགན་བཞེས་པ་དང་། ལས་ཞོར་དུ་མི་ཕྱུགས་ཀྱི་ནད་རིགས་གསོ་བཅོས་བྱེད་པའི་སྨན་སྦྱོར་སྣ་ཚོགས་གསར་བཟོ་བྱས་པའི་མཛད་རྒྱས་དཔག་ཏུ་མེད་པ་བཞག

སྤྱི་ལོ༡༩༦༦ནས༡༩༧༦བར་གྱི་ལོ་བཅུའི་རིག་གསར་གྱི་གོད་ཆགས་ཆེན་པོའི་སྐབས་རྗེ་འདི་ཉིད་ལ་ཡང་ལོ་ངོ་བརྒྱད་ཀྱི་རིང་ཞྭ་མོ་གཡོགས་ཏེ་རིག་གསར་གྱི་བསྒྱུར་བཅོས་ཁྲོད་ས་དེ་ཀའི་མང་ཚོགས་ལ་རྟ་ཕྱུགས་ནད་བཅོས་དང་། ཁྱིམ་ཆས་ཞིག་གསོ། ཤིང་གི་དཀར་ཐག་དང་། རྩམ་སྒམ། ཆུ་ཟོ། བཞོ་ཟེའུ། སྨན་སྒམ་སོགས་ཕྱག་བཟོས་གནང་སྟེ་དམངས་ལ་ཕན་པ་གང་ལེགས་བསྐྲུན།

སྤྱི་ལོ༡༩༧༣ལོ་ནས་དམངས་སྒྲུབ་བཟོ་གྲྭ་ཞེས་པར་ཤིང་བཟོ་བྱེད་དུ་བཅུག་སྐབས། གསང་སྟབས་ཀྱིས་མཚན་མོའི་ཆུ་ཚོད་བེད་སྤྱད་དེ་ལས་ཧྲི་ཀྲིན་གྱི་རྩ་བརྟག་དང་སྔོ་སྨན་དཀར་ཆག་ཆེན་མོའི་ནང་ནས་བོད་ལ་མཁོ་བའི་སྨན་རྫས་སུམ་བརྒྱ་ལྷག་གི་མིང་དང་ཕན་ནུས་སོགས་བོད་ཡིག་ཏུ་བསྒྱུར། དཔལ་ལྡན་རྒྱུད་བཞི་དང་། ཤེལ་གོང་ཕྲེང་། ཟིན་ཏིག་གཅེས་བཏུས། མེས་པོའི་ཞལ་ལུང་། བཻ་སྔོན་སོགས་གསོ་རིག་གི་པོད་མང་བོ་བཤུ་འབྲི་གནང་། ད་དུང་རྩ་བརྟག་ཆུ་བརྟག་དང་། གདོང་བརྟགལྕེ་བརྟག་སོགས་གཞུང་དུ་མ་གསར་དུ་བརྩམས། ལོ་དེར་མེས་པོའི་ཞལ་ལུང་སོགས་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་མང་བོ་དག་སྒྲིག་དང་གསར་རྩོམ་གྱི་ཞོར་དུ་རྫོང་ཡོངས་ཀྱི་རྐང་རྗེན་སྨན་པའི་སློབ་སྦྱོང་འཛིན་གྲྭ་ལ་བོད་སྨན་སློབ་ཁྲིད་གནང་། དེ་ནས་རིམ་བཞིན་ཁོང་ལ་དཀར་འདོན་སླར་གསོ་བྱས་ནས་རྨ་ལྷོ་ཁུལ་སྲིད་གྲོས་ནང་ཕྱག་ལས་གནང་།

སྤྱི་ལོ༡༩༧༩ལོར་ཀྲུང་གོའི་གསོ་རིག་ཀུན་འདུས་ཆེན་མོ་ལས་བོད་ཀྱི་གསོ་བ་རིག་པ་ཞེས་པ་རྩོམ་འབྲི་བྱེད་པར་ཆེད་ཞུས་འགན་བགོས་ལྟར། མན་ངག་རྒྱུད་ཀྱི་རླུང་ནད་གསོ་བ་སོགས་ལེའུ་དོན་གསུམ་གྱི་བརྗོད་བྱའི་གནད་བསྡུས་པ་ལ་གཞུང་ལུགས་གཞན་གྱིས་ཁ་སྐོང་དང་། གསོ་རིག་མཁས་པའི་མན་ངག་དང་ནད་ཐོག་ཉམས་མྱོང་གིས་ཟུར་བརྒྱན་དེ་རྩོམ་འབྲི་གནང་།

དགུང་ལོ་དྲུག་ཅུ་བ་སྤྱི་ལོ༡༩༨༤ལོར་བེ་སི་དང་། ཐོར་གོད། ཨ་རིག་སོགས་ཀྱི་དབུས་མཇལ་བ་སེར་སྐྱ་སྟོང་ཕྲག་བརྒལ་བའི་དབུ་མཛད་དེ་དབུས་ལྷ་ལྡན་དུ་ཕེབས། གཙུག་ལག་ཁང་དང་། རྒྱུད་གྲྭ་སྟོད་སྨད། གདན་ས་ཆེན་པོ་བཞི། དཔལ་ས་སྐྱ། ཞ་ལུ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་དང་གཙུག་ལག་ཁང་སོ་སོར་གཏོང་སྒོ་རྒྱ་ཆེར་མཛད། དགའ་ལྡན་ཤར་བྱང་གཉིས་ཀྱི་ཡིག་ཆའི་པར་གསར་རྐོ་བའི་མཐུན་རྐྱེན་ཆ་ཚང་ཁོང་ཉིད་ཀྱིས་ཕུལ། ལོ་དེ་ནས་བཟུང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་མདོ་སྨད་དུ་ལེན་པའི་ཐུགས་སྨོན་གང་ལེགས་གནང་།

སྤྱི་ལོ༡༩༨༥ལོར་ཁོང་ཉིད་ལྷ་སར་ཕེབས་ཏེ་བོད་ལྗོངས་སྨན་རྩིས་ཁང་གི་དབུ་ཁྲིད་སོགས་བརྒྱུད་ནས་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་ལ་དངོས་བོའི་སྐྱེས་མང་དུ་ཕུལ་ཞིང་། ཕྱག་ཟུང་ཐལ་མོ་སྦྱར་ནས་མདོ་སྨད་ཕྱོགས་སུ་བཅོས་བསྒྱུར་སྔོན་རིན་ཆེན་རིལ་བུ་ཞིག་བཟོ་སྐད་ཐོས་པ་ཙམ་ལས། དེང་གི་

དུས་འདིར་མདོ་སྨད་ས་གནས་གང་དུའང་རིན་ཆེན་རིལ་བུ་བཟོ་ཐུབ་མཁན་ཉིན་སྐར་བཞིན་དཀོན་པས། སྐུ་ཉིད་དངོས་སུ་མདོ་སྨད་དུ་ལན་ཅིག་ཕེབས་ཏེ་རིན་ཆེན་རིལ་བུ་བཟོ་བའི་མན་ངག་དང་ཕྱག་ལེན་སོགས་སྤེལ་གནང་ཡོང་བར་ཐུགས་རྗེ་མི་ཆུང་བར་མཁྱེན་ཞེས་ནན་ཞུ་བྱས་པར། མཁན་རིན་པོ་ཆེ་ཚང་གིས་ཀྱང་ཐུགས་དགྱེས་པའི་ངང་རྗེས་སོར་ཕེབས་རྒྱུའི་ཞལ་བཞེས་གནང་། སླར་ཡང་གསོ་རིག་སྨྲ་བའི་དབང་བོ་བོད་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་བྱམས་པ་འཕྲིན་ལས་ཀྱི་མདུན་དུའང་ཕེབས་ཏེ་མཁན་རིན་པོ་ཆེ་ཉིད་མདོ་སྨད་དུ་བྱོན་ནས་རིན་ཆེན་དངུལ་ཆུ་བཙོ་བཀྲུའི་ཕྱག་ལེན་སྤེལ་རྒྱུར་དགོངས་ཞུས་གནང་པར་དགོངས་པ་འཁྲོལ་བའི་གཏམ་ལན་ཡག་པོ་གནང་པས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་གསུངས།

སྤྱི་ལོ༡༩༨༦ལོའི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་རིན་ཆེན་རིལ་བུའི་ཕྱག་ལེན་སྤེལ་བའི་ཕྱིར་སླར་ཡང་ཆེད་གཉེར་གྱིས་མཁན་རིན་པོ་ཆེ་གདན་འདྲེན་དུ་ལྷ་སར་ཕེབས། ཚེས་སུམ་ཅུའི་ཉིན་རྣམ་པ་གཉིས་ཞལ་མཇལ་ཏེ་ཁོང་ཉིད་ཀྱི་ཕེབས་དོན་རྒྱས་པར་ཞུས་པས་མཁན་རིན་པོ་ཆེ་ཚང་གིས་ཀྱང་རིང་མིན་མྱུར་དུ་ཕེབས་པའི་གསུང་ལན་གནང་པས་ཐུགས་ཤིན་ཏུ་དགྱེས་བཞིན་ཕྱིར་མདོ་སྨད་དུ་ཕེབས། དེ་ལྟར་མདོ་སྨད་དུ་དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་རིལ་བུ་བཟོ་ཆེད་མཁས་དབང་ཁྲོ་རུ་ཚེ་རྣམ་ཚང་གདན་འདྲེན་པའི་ཆེད་ལྷ་ས་དང་ཁམས་སྡེ་དགེར་སྔ་གཞུག་ཐེངས་གསུམ་ལ་ཕེབས་པའི་ལམ་བར་དུ་ཐ་ན་སྐུ་སྲོག་ལ་ཐུགས་པའི་ཉེན་ཁ་བརྒྱུད་པ་དང་། རྩ་འཛུགས་མགོ་ཁྲིད་སྣ་ཚོགས་ཀྱི་མདུན་དུ་མཁན་རིན་པོ་ཆེ་མདོ་སྨད་དུ་གཏོང་དགོས་པའི་དགོངས་པ་འཁྲོལ་དཀའ་བའི་གནས་ཚུལ་འོག་ཁོང་གིས་པུས་བཙུགས་ཐལ་སྦྱར་གྱིས་སྤྱན་ཆབ་བསིལ་བཞིན་ཞུ་བ་ཕུལ་བ་སོགས་དཀའ་བ་ལན་མང་སྤྱད་མཐར་ཁོང་ཉིད་ཀྱི་ཐུགས་སྨོན་ལེགས་གྲུབ་བྱུང་སྟེ་ལོ་དེའི་ཟླ་གསུམ་པའི་ནང་དུ་མདོ་སྨད་ཀྱི་གསོ་རིག་སྨྲ་བ་མང་པོ་རྨ་ལྷོ་ཁུལ་བོད་སྨན་ཁང་དུ་ལྷན་འཛོམས་བྱུང་ཞིང་། མཁན་རིན་པོ་ཆེས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་འབྲེལ་རིན་ཆེན་རིལ་བུའི་རིགས་ཀྱི་ཕྱག་ལེན་མན་ངག་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་ཟབ་ཁྲིད་གནང་སྟེ་རིན་ཆེན་རིལ་ནག་ཆེན་མོ་དང་། རིན་ཆེན་རཏྣ་བསམ་འཕེལ། རིན་ཆེན་མང་སྦྱོར་ཆེན་མོ། རིན་ཆེན་བཙོ་བཀྲུ་ཟླ་ཤེལ། རིན་ཆེན་གཡུ་རྙིང་ཉེར་ལྔ་སོགས་ཀྱི་སྨན་སྦྱོར་ལེགས་གྲུབ་བྱུང་སྟེ་མདོ་སྨད་ཀྱི་ལོ་རྒྱུས་སྟེང་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རིན་ཆེན་རིལ་བུ་བཟོ་བའི་ལོ་རྒྱུས་གསར་བའི་ཟིན་ཐོ་དང་བོ་བཀོད་སྟེ། མདོ་སྨད་ཀྱི་གསོ་རིག་བསྟན་པ་ལ་མཛད་རྗེས་བླ་མེད་བསྐྲུན་ཡོད།

སྤྱི་ལོ༡༩༨༧ལོའི་ཟླ་དྲུག་པའི་ནང་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བའི་བཀའ་ནན་སྤྱི་བོར་བབས་པས། པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་དགེ་རྒན་ཆེན་མོར་གདན་ཞུས་ལྟར། ལོ་རེར་བཞིན་ཆག་མེད་ཕེབས་ཏེ་གྲུབ་མཐའ་སྣ་ཚོགས་དང་། ལོ་རྒྱུས་སྣ་ཚོགས་ལ་འཆད་ཁྲིད་ལོ་མང་གནང་། པཎ་ཆེན་མཆོག་གི་ཐུགས་འདོད་ལྟར་སློབ་གླིང་གི་དེབ་བཅོ་བརྒྱད་པ། བོད་སོག་ཆོས་འབྱུང་ཤོག་གྲངས་སྟོང་ལྷག་ཡོད་པ་བརྩམས།

དགུང་ལོ་རེ་བཞི་པ་རབ་གནས་ས་འབྲུག་སྟེ་སྤྱི་ལོ༡༩༨༨ལོར་རང་རྫོང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་སྤེལ་པའི་ཐུགས་འདུན་བྱུང་པ་ན། སོག་བོད་སྨན་ཁང་ལ་མ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་སྤེལ་པའི་ཐུགས་འདུན་བྱུང་པ་ན། སོག་བོད་སྨན་ལ་མ་དངུལ་སྒོར་ཁྲི་གཅིག་ལྷག་ལས་མེད་པས་ཁོང་ཉིད་ཀྱི་ཐུགས་བཀོད་ལྟར་ཡོན་ཀྲང་འཇིགས་མེད་བཏང་སྟེ་རྨ་ལྷོ་ཁུལ་ནོར་སྲིད་ཅུའུ་ཡི་ཅུའུ་ཀྲང་སྟོབས་རྒྱས་ལ་སྒོར་ཁྲི་༡༩སྐྱི་དངུལ་བླངས་ཏེ་ལོ་ལྔའི་ནང་སྤྲོད་རྒྱུ་བྱས་པ་དེ་ཡིས། དངུལ་ཆུ་འདུལ་ཁང་དང་སྨན་རྫས་སྦྱོར་བསྡེབས་ཁང་། སྨན་རྫས་བསྲེག་འདུལ་ཁང་། རྡོ་གཞུང་དང་བསྲེག་སྣོད། བསྲེགས་ཐབ་དང་བུད་ཤིང་སོགས་རྨང་གཞིའི་ཉེར་མཁོ་ཆ་ཚང་སྒྲིགས་གང་ལེགས་བྱས་པ་མ་ཟད།  ཁོང་ཉིད་པེ་ཅིན་དུ་བཞུགས་སྐབས་ཡོན་ཀྲང་འཇིགས་མེད་ལ་ཕ་ལམ་དང་པདྨ་ར་ག།བཻཌཱུརྱ་སོགས་རིན་པོ་ཆེའི་རིགས་ཉོ་བསྡུ་གནང་བའི་ཕྱག་རོགས་དང་། གཞན་ཡང་ཁོང་གི་ཐུགས་བཀོད་ལྟར་ཡོན་ཀྲང་འཞིགས་མེད་མངགས་གཏོང་བྱས་ཏེ་ལྷ་ས་དང་ཁྲིན་ཏུའུ་སོགས་གྲོང་ཁྱེར་ཆེན་པོ་དག་ཏུ་རིན་པོ་ཆེའི་རིགས་སྤུས་དག་ཅིང་ཆ་ཚང་བར་ཉོ་སྒྲུབ་དང་། ཉིད་ཀྱིས་ཕྱག་ཡིག་བྲིས་གནང་ནས་མཁན་པོ་ཚེ་རྣམ་རིན་པོ་ཆེའི་མདུན་དུ་བཏང་སྟེ་བོང་དམར་དང་༢ཤྲཱིཁན་སོགས་རྙེད་དཀོན་པའི་སྨན་རྫས་གལ་ཆེ་བའི་སྐོར་ཉོ་སྒྲུབ་འཐུས་ཚང་བྱས། སྐབས་འདིའི་རིན་ཆེན་གཙོ་བདུན་སྨན་སྦྱོར་སྐབས་སུ་མ་དངུལ་ཉུང་ཞིང་གསེར་དངུལ་སོགས་རིན་ཆེན་རིགས་དཀོན་པས། ཁོང་གིས་དམངས་སྒོར་གཅིག་ཁྲི་སུམ་སྟོང་ལྷག་གི་གཡུ་བྱུར་སྤུར་ལེན་པད་རག་སོགས་གནང་པ་མ་ཟད། ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་སྒྲོལ་མ་མཚོ་ལ་བཀའ་གསུང་གནང་བར་དམངས་སྒོར་ཁྲི་གཅིག་གི་ཁྲི་གཅིག་གི་ཞལ་འདེབས་གནང་པ་བཅས་སྔར་ནས་ད་ལྟའི་བར་དུ་ཁོང་གིས་རིས་མེད་འགྲོ་བ་ནད་པ་ཇི་སྙེད་པར་སྨན་སྦྱིན་གནང་པ་དང་རྫོང་སོག་བོད་སྨན་ཁང་གི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ལེགས་འགྲུབ་ཡོང་ཆེད་མ་དངུལ་གནང་སྦྱིན་བྱས་པ་བསྡོམས་ན་ཕལ་ཆེར་དམངས་སྒོར་ཁྲི་བཅུ་ཕྲག་ལྷག་བཏང་ཡོད་པ་རེད། བོད་ཟླ་དྲུག་པའི་ཚེས་བཞི་ཉིན་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཞོགས་པ་བདུད་རྩི་ཐུན་མཚམས་ཀྱི་དུས་སུ་ཁོང་ཉིད་ཀྱིས་དབུ་འཛིན་ཐུགས་བཀོད་གནང་འོག་རྨ་ལྷོ་རྫོང་སོག་བོད་སྨན་ཁང་གིས་གཙོ་སྒྲུབ་དང་ཨ་ཁུ་ཉི་མས་དབུ་མཛད་གནང་བའི་ཞིང་ཆེན་བོད་སྨན་ཁང་གི་མི་བཅུ་དངོས་སྦྱོང་ལ་ཡོང་པ་གཉིས་མཉམ་འབྲེལ་དང་། སྐུ་འབུམ་དགོན་པ་ནས་རྒྱལ་མཚན་དབང་ལྡན་སོགས་མི་འགའ་བཅས་ཕྱོགས་རིགས་ཀྱི་སྨན་སློབ་མང་པོ་འདུས་ཏེ་རྫོང་སོག་བོད་སྨན་ཁང་དུ་ཐེངས་དང་པོའི་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུའི་རིགས་སོགས་བཟོ་བའི་འགོ་བརྩམས། ཞོགས་པར་ཁོང་ཉིད་སྐུ་དངོས་སུ་ཕེབས་ནས་བསང་དང་གསེར་སྐྱེམས་བགེག་སྤྲད་སོགས་སྔོན་འགྲོའི་སྟ་གོན་ཀྱི་རིགས་ཡོངས་སུ་ལེགས་པར་གྲུབ་ཏེ། སྔར་ནས་སྒྲིག་བཀོད་ཆ་ཚང་བྱས་པ་ལྟར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་ཐལ་བཟོ། འདུལ་ཐབས་རྣོ་འདོན་དུག་འདོན་སྦྱོར་ཚད་རྣམས་མན་ངག་མཐོང་བརྒྱུད་ཕྱག་ལེན་གྱི་ཆ་ཕྲ་མོ་ཙམ་ཡང་མ་ཉམས་པར་ཟླ་གསུམ་ལ་བརྩོན་པ་ཆེན་པོས་གཙང་ཞིབ་ཚད་ལྡན་སྒོས་ལས་བསྒྲུབས་མཛད་དེ་ཟླ་དགུ་བའི་ཟླ་དཀྱིལ་དུ་ཡོངས་སུ་ལེགས་པར་མཇུག་རྫོགས་པས། ཁོང་གིས་བཙོ་བཀྲུ་ཆེ་མོའི་ཕྱག་ལེན་ཇི་བཞིན་ལེགས་གྲུབ་བྱུང་ཐུགས་སྤྲོ་བ་ཆེན་པོས་ལས་བཟོ་བ་རེ་རེ་སྨན་བླའི་སྐུ་ཐང་རེ་དང་རིན་ཆེན་བཙོ་ཐལ་ཐུན་ཆེན་པོ་རེ་ཉིད་ཀྱི་ཕྱག་གིས་གནང་སྟེ། བཀྲ་ཤིས་པར་གྱུར་ཅིག ཚེ་རིང་བར་གྱུར་ཅིག། ནད་མེད་པར་གྱུར་ཅིག་བསམ་པའི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག་ཅེས་བཀྲ་ཤིས་རྟེན་འབྲལ་གྱི་ཐུགས་སྨོན་རྣམ་པར་དག་པ་གནང་ངོ།  །

སྤྱི་ལོ༡༩༩༠ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁོང་ལ་ཕུལ་བྱུང་ཆེད་ལས་མཁས་པའི་མཚན་སྙན་ཕུལ། དེ་བཞིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཀྲུང་གོའི་བོད་སྨན་ཚན་རྩལ་གྱི་གྲུབ་འབྲས་ཁྱད་འཕགས་ལོན་པའི་གཟེངས་བསྟོད་དང་དཔང་ཡིག་ཕུལ།

སྤྱི་ལོ༡༩༩༡ལོར་རྒྱལ་ཁབ་མི་དོན་པུའུ་དང་འཕྲོད་བསྟེན་པུའུ། ཀྲུང་སྨན་དོ་དམ་ཅུས་ཐུན་མོང་ནས་ཀྲུང་སྨན་གཞུང་ལུགས་དང་ལག་རྩལ་གྱི་ཉམས་མྱོང་བརྒྱུད་འཛིན་པར་མཛུབ་སྟོན་བྱེད་པའི་སྨན་པ་རྒན་པའི་ཕྱག་རྟགས་ཕུལ། ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་ལ་ལག་རྗེས་འབུར་ཐོན་བཞག་པའི་ཆེད་ལས་མཁས་པའི་དམིགས་གསལ་ཕོགས་སྣོན་གནང་བ་སོགས་སྲིད་གཞུང་དང་ཚོགས་པ་མང་བོས་གཟེངས་བསྟོད་དང་གུས་བཀུར་ཞུས། རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་མཚན་འཛིན་གླིང་གཙོ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་མང་བོ་བཞེས་མྱོང་།

དགུང་ལོ་རེ་ལྔ་བར་ཁོང་གི་འཁྲུངས་ཡུལ་ཨ་སྐྱིད་སྡེ་དགུས་དད་ལྡན་མང་ཚོགས་ཀྱི་ནན་ཞུས་ལྟར་དུས་འཁོར་དབང་ཆེན་དང་། རྗེས་གནང་སོགས་བཀའ་ཆོས་དུ་མར་བསྩལ། སྟག་ཚང་ལྷ་མོར་འགྲེལ་བ་བཞི་སྦྲགས་དང་རྟ་མགྲིན་ཡང་གསང་གི་དབང་། མངོན་བྱང་གི་དབང་སོགས་བཀའ་ཆོས་མང་བོ་གནང་། དགུང་ལོ་རེ་དྲུག་པར་དཔལ་ལྡན་བྱ་ཁྱུང་གི་སྨན་པ་གྲྭ་ཚང་སོགས་དད་ལྡན་སྨན་སློབ་དག་ལ་དཔལ་ལྡན་རྒྱུད་བཞིའི་དཔེ་ཁྲིད་རྫོགས་པར་གནང་། བྱ་ཁྱུང་དགོན་པས་དངོས་འབུལ་ཐོག་དྲངས་ནས་བྱ་ཁྱུང་གི་མཁན་ཐོབ་ཀྱང་ཕུལ་ནས་བཀུར་བཟོས་ཆེན་པོ་ཞུས། དགུང་ལོ་རེ་དགུ་བར་སོག་རྫོང་བྲག་དམར་སྡེ་བའི་དད་ལྡན་མང་ཚོགས་ཀྱི་རེ་ཞུས་ལྟར་ལཱ་ཁ་དགོན་དུ་དུས་འཁོར་དབང་ཆེན་ཐེངས་གསུམ་པ་གནང་།

དགུང་ལོ་དོན་གསུམ་པ་མེ་གླང་སྟེ་སྤྱི་ལོ༡༩༩༧ལོར་ཀྲུང་གོཐེ་གོབྷར་མ་སོགས་རྒྱབ་ཁབ་མང་བོའི་སྨན་རྫས་ངོས་འཛིན་དང་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུར་གདན་ཞུས་ལྟར་ཐུགས་སྲས་བུ་སློབ་རེ་ཟུང་ཁྲིད་ནས་ཡུ་ནན་ཞི་ཧྲོང་པཱ་ན་རུ་ཕེབས། ལོ་དེའི་ལོ་མཇུག་ཟི་ཁྲོན་ཏུའུ་ཅིང་ཏུ་ཕེབས་ནས་མཁན་རིན་པོ་ཆེ་ལས་མན་ངག་རྒྱུད་ཀྱི་ཁྲིད་ལུང་ཆ་ཚང་གསན་བཞེས་གནང་། སྐབས་འདིར་སྙུན་བབས་ཤིན་ཏུ་ལྕི་ཡང་ཉིན་རེར་བཀའ་ཆོས་ཆུ་ཚོད་དྲུག་ལ་ཆག་མེད་དུ་ཕེབས་ཤིང་། ཞར་ལ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་བསྟན་པ་དར་རྒྱས་སོགས་དོན་གཉེར་ཅན་རྣམས་ལ་ལྷན་ཐབས་ལྡེ་མིག་གི་ལུང་གནང་།

དགུང་ལོ་དོན་བཞི་བ་རབ་གནས་ས་སྟག་ལོའི་ཧོར་ཟླ་དང་བོའི་ཚེས་བཅོ་བརྒྱད་ཉིན་བཀའ་ཆོས་ཀྱི་མཇུག་ལེགས་པར་གྲུབ་ནས་མཁན་རིན་པོ་ཆེ་ལ་གཏང་རག་གི་བསྙེན་བཀུར་ལེགས་པར་ཕུལ།

དེ་ལྟར་དམ་པ་གང་ཉིད་ཀྱིས་དད་ལྡན་འགྲོ་བ་ཡོངས་ཀྱི་ཕུལ་བའི་དངོས་བོ་རྣམས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་གསར་བཞེངས་ཀྱི་མཐུན་རྐྱེན་དང་། དགེ་འདུན་ལ་བསྙེན་བཀུར། ཉམ་ཐག་དབུལ་ཕོངས་སྐྱོབས་པའི་དབུགས་སྦྱིན། མི་རིགས་སློབ་གསོ་སྤེལ་བའི་ཐེབས་རྩ་བཅས་ལ་དམངས་སྒོར་ས་ཡ་གསུམ་ཙམ་བཏང་། ལོ་དེའི་ས་ཟླའི་ཚེས་བཅོ་ལྔའི་ཉིན་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ།  ། 

མཁྱེན་བརྩེའི་དཀྱིལ་འཁོར་རྫོགས་པ་བཅུ་གཉིས་དབང་། །

སྐྱེ་དགུའི་མཁའ་མཐར་ཆོས་སྦྱིན་འོད་སྤྲོ་ཚེ། །

ནག་ཕྱོགས་འཐོར་རླུང་འཚུབ་མས་མ་བཟོད་པར། །

ཆོས་དབྱིངས་ནུབ་རིའི་མལ་ལ་མགྱོགས་པར་བསྐུལ། །

 

བསམ་བཞིན་མ་དག་ཞིང་གི་མགོན་མཛད་པའི། །

བྱང་འཕགས་ཆེན་པོར་གདུལ་བྱ་རྫོགས་པ་ན། །

མཁའ་ལྡིང་དབང་བོའི་མཁའ་ལམ་གཅོད་པ་བཞིན། །

ལྔ་ལྡན་གྲོང་བཟང་འགྲིམས་པ་དམ་པའི་གཤིས། །

 

ལོང་ཡོད་ཕྱི་གཤོལ་འདམ་ལས་མ་ལོན་པས། །

ཡང་དག་ཆོས་སྐལ་ཆད་པ་ལེ་ལོའི་བུར། །

མི་རྟགས་སྒྱུ་མའི་རང་མཚན་སྟོན་སླད་དུ། །

མགོན་ཁྱོད་འོད་གསལ་ཆོས་སྐུའི་ཀློང་དུ་གཟིམས། །

 

བསོད་ནམས་བྱེ་བས་བསྐྲུན་པའི་གཟུགས་ཀྱི་སྐུ། །

ཞུགས་ལྕེ་དམར་བོའི་ཀློང་ནས་ཡལ་གྱུར་ཀྱང་། །

ཡང་སྤྲུལ་ཉི་མའི་འཛུམ་མདངས་ངོམ་པའི་བརྡར།།

ཐུགས་ལྗགས་སྤྱན་གསུམ་གཟི་བྱིན་ཉམས་མེད་བཞུགས། །

 

རིང་བསྲེལ་པདྨ་སྤུངས་པའི་ཟ་མ་ཏོག །

སྙིང་བོར་བཞུགས་པའི་མཆོད་སྡོང་འཛམ་གླིང་རྒྱན། །

ཐར་བའི་ཕོ་བྲང་ཐེམ་སྐས་ལས་བཞེངས་པའི། །

སྐྱེ་དགུའི་ཕན་བདེའི་གྲུ་ཆར་ཆད་མེད་འཇོ། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།