ཀྲུང་གོ་བོད་ཀྱི་དྲ་བ།

མཁས་དབང་ཤེས་བཞིན་བསམ་གཏན་རྒྱ་མཚོ།

ཡོང་ཁུངས། : མདོ་སྨད་དྷཱིཿཚ་དགོན་པའི་གདན་རབས།   རྩོམ་པ་པོ། : སེང་གཤོང་དགེ་འདུན་འཇིགས་མེད།   སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

    མཁས་དབང་ཤེས་བཞིན་བསམ་གཏན་རྒྱ་མཚོ་མཆོག་ནི། སྤྱི་ལོ་༡༩༢༡ལོའི་ཟླ་༡༡པར་མདོ་སྨད་བཱ་ཡན་ས་ཆའི་ཚེའུ་མགུར་ཤེས་བཞིན་ཚོ་བར་ཡབ་བཀྲ་ཤིས་དང་། ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

     དགུང་ལོ་བཅུ་བར་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་རབ་ཏུ་བྱུང་། མཁས་པའི་དབང་བོ་དུ་མའི་ཞབས་ལ་གཏུགས་ཤིང་། ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གཞུང་བཀའ་པོད་ལྔ་དང་། སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་ཀུན་ལ་གསན་སྦྱངས་ལེགས་པར་མཛད། 

     ཤེས་རབ་ཞིབ་ལ་ཐོས་རྒྱ་མཆོག་ཏུ་ཆེ་བར་བརྗོད་ཅིང་། བོད་ཀྱི་རིག་གནས་ཆེ་ཆུང་ཀུན་ལ་ཕྱོགས་རིས་མེད་པར་མཁས་ཤིང་། དགུང་ལོ་སུམ་ཅུ་བ་སྤྱི་ལོ་༡༩༥༠ལོར་དགེ་བཤེས་ཀྱི་མཚན་བཏགས་བརྙེས། སྤྱི་ལོ་༡༩༥༣ལོའི་ཟླ་༥བར་སྤྱི་ཚོགས་ཀྱི་ལས་ལ་ཞུགས་ཏེ། ཟླ་ངོ་འགར་རྒྱ་ཡིག་ལ་སྦྱངས་པས་རྒྱའི་སྐད་ཀློག་འདོན་ལ་ཐོགས་མེད་དུ་གྱུར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཅུའུ་དང་། སྤྱི་ལོ་༡༩༥༧ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐེན་མི་རིགས་སློབ་གསོ་ཁུལ་གྱི་མགོ་ཁྲིད། སྤྱི་ལོ་༡༩༦༣ལོར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གི་མགོ་གཙོ་བཅས་ཀྱི་འགན་བཞེས། སྤྱི་ལོ་༡༩༦༩ལོའི་ཟླ་༡༡ནས་ལོ་གཉིས་ལ་མིན་ཧི་བོའུ་ཡས་ཞིང་ར་རུ་ཡང་བསྐྱར་སློབ་གསོ་མྱངས། སྤྱི་ལོ་༡༩༧༠ལོའི་ཟླ་༨པ་ནས་༡༩༧༡ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་དུ་ཕྱག་ལས་གཉེར། ཁོང་གིས་སློབ་གསོ་ཐེན་དུ་ཕྱག་ལས་གནང་སྐབས་རྗེ་གསུང་རབ་རྒྱ་མཚོ་དང་མཉམ་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་བོད་ཡུག་ཏུ་བསྒྱུར། བྱ་བཞག་འདིས་མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་སོ་སོའི་དགོས་མཁོ་མང་དུ་བསྐངས་ཤིང་། གཞན་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་སློབ་གྲྭ་ལའང་མཁོ་སྤྲོད་མཆོག་ཏུ་མཛད། 

      སྤྱི་ལོ་༡༩༦༢ལོར་བྱ་བའི་དགོས་མཁོའི་དབང་གིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར། མགོ་གཙོ་གཞོན་པའི་འགན་བཞེས། ཡིག་བསྒྱུར་དང་རྩོམ་སྒྲིག་གི་ལས་ལ་གཞོལ། བོད་ཡིག་རྩོམ་སྒྱུར་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་མྱོང་། ལོ་དེར་ཁོང་གིས་བོད་ཀྱི་གནའ་རབས་གཏམ་རྒྱུད་མི་རོ་རྩེ་སྒྲུང་རྩོམ་སྒྲིག་བྱས་ཏེ། སྤྱི་ལོ་༡༩༦༣ལོའི་ཟླ༨པར་པར་དུ་བསྐྲུན། སྤྱི་ལོ་༡༩༧༨ལོར་ཀློག་པ་བོ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས་པ་དང་། ཐམས་ཅད་ཀྱི་རེ་བ་ལྟར་ཡང་བསྐྱར་པར་དུ་བཏབ། 

      སྤྱི་ལོ་༡༩༦༥ལོར་ཁོང་གིས་ཡང་ཀྲི་ལིན་དང་། ཆོ་མིན་ཧྥུ་གཉིས་ཀྱིས་བརྩམས་པའི་བོན་རོ་ཧྥེ་བཙོན་ནང་དུ་བཞུགས་སྐབས་ཞེས་པ་འདི་བོད་ཡིག་ཏུ་བསྒྱུར། བརྩམས་ཆོས་འདི་བསྒྱུར་སྟངས་སོགས་ཕྱོགས་ཡོངས་ནས་ཚད་ལྡན་ཡིན་པས། ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། མཐོ་རིམ་མི་རིགས་སློབ་ཆེན་གྱི་བོད་ཡིག་སློབ་དེབ་ཀྱི་གྲས་སུ་བདམས། རྒྱ་བོད་ཡིག་བསྒྱུར་གྱི་ཚད་ལྡན་མ་དཔེ་རུ་བརྩིས། 

      སྤྱི་ལོ་༡༩༧༣ལོར་ཁོང་གིས་རྒྱ་ཆེ་བའི་དགེ་སློབ་དང་བོད་ཡིག་ལས་དང་བོ་བ་རྣམས་ཀྱི་དགོས་མཁོ་ལ་དམིགས་ཏེ་སྤྱི་ལོ་༡༩༧༣ལོར་དག་ཡིག་གསར་བསྒྲིགས་སྒྲིག་རྩོམ་གྱི་ལས་ལ་གཞོལ། མདོ་དབུས་མཐོ་སྒང་གི་སྨན་ལུགས་པར་རིས་རབ་གསལ་ཞེས་པ་(དེབ་གསུམ་) བོད་ཡིག་ཏུ་བསྒྱུར་ཏེ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་ཟླ་བཅུ་གཉིས་པའི་ནང་པར་སྐྲུན་བྱས། སྤྱི་ལོ་༡༩༧༦ལོའི་ཟླ་༩བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དེབ་གཉིས་པ་པར་དུ་བསྐྲུན་པ་དང་། སྤྱི་ལོ་༡༩༨༠ལོར་དེབ་གསུམ་པ་པར་དུ་བསྐྲུན། སྤྱི་ལོ་༡༩༧༦ལོར་རྒྱའི་གཏམ་རྒྱུད་རིང་མོ་ཕོ་བྲང་དམར་བོའི་རྨི་ལམ་ཞེས་པའི་ལེའུ་དང་བོ་བོད་ཡིག་ཏུ་བསྒྱུར་ཏེ་རྒྱ་བོད་ཡིག་བསྒྱུར་གྱི་ལས་ལ་བྱས་རྗེས་མི་དམན་པ་བཞག གཞན་ད་དུང་ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་དེབ་སྐོར་ཐེངས་དང་བོ་རྩོམ་སྒྲིག་ལོ་ཙཱ་གནང་བ་སོགས་བོད་ཀྱི་རིག་གནས་ཉག་ཕྲ་བའི་དུས་སྐབས་སུ་སྐད་ཡིག་སློབ་གསོ་འཕེལ་རྒྱས་ཀྱི་ཕྱོགས་ལ་བྱས་རྗེས་བླ་ན་མེད་པ་བསྐྲུན། 

      སྤྱི་ལོ་༡༩༧༩ལོའི་ཟླ་༦པར་དག་ཡིག་གསར་བསྒྲིགས་ཀྱི་དེབ་བདུན་ཁྲི་ལྷག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཐེངས་དང་བོར་པར་དུ་བཏབ། དེའི་རྗེས་སུ་ཐེངས་མང་བོར་བསྐྱར་པར་དུ་བཏབ། དགོན་སྡེ་ཁག་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། སྤྱི་ཚོགས་ལས་རིགས་སོ་སོའི་བོད་ཡིག་ལས་བྱེད་པ་དང་། བོད་ཡིག་སློབ་སྦྱོང་བྱེད་མཁན་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་གདེང་འཇོག་ཆེན་པོ་ཐོབ་བཞིན་ཡོད། དགུང་ལོ་ང་དགུ་བ་སྤྱི་ལོ་༡༩༧༩ལོའི་ཟླ་༨པར་སྙུན་གཞི་ཕོག་ནས་པེ་ཅིན་ནས་སྐུ་གཤེགས་སོ། །

      རྣམ་དཔྱོད་མཆོག་ཏུ་ཡངས་པའི་མཁས་དབང་འདིས་བརྩམས་པའི་དག་ཡིག་གསར་བསྒྲིགས་ནི་རིག་པའི་གནས་མང་བོའི་མིང་ཚིག་རྣམས་འདུས་པའི་སྣ་འཛོམས་ཀྱི་རང་བཞིན་ལྡན་པའི་ཡིག་མཛོད་ཅིག་ཡིན། དག་ཡིག་འདི་ཁ་གསལ་ཞིང་གོ་བདེ་བ། དེང་རབས་ཐུན་མོང་དུ་སྤྱོད་པའི་དོན་གཙོ་བོར་བཟུང་ནས་བརྩམས་པས་ཉེར་མཁོ་འདུས་ཆེ་བ། རིག་པའི་གཞུང་ལུགས་ཀྱི་ཁུངས་བཙན་པ། མཁས་པ་སྔ་རབས་པ་མང་བོས་བརྩམས་པའི་དག་ཡིག་གི་གཞུང་ལས་རྒྱས་ཤིང་། བཀོལ་སྤྱོད་བདེ་བས་རྨད་དུ་བྱུང་བར་གྲགས། དེ་ཡང་དག་ཡིག་འདིའི་ནང་བཀོད་པའི་མིང་ཚིག་གི་གྲངས་ཀ་ལ། འདོད་རྒྱལ་གྱི་ཐ་སྙད་༦༨༠༠དང་། རྗེས་གྲུབ་ཀྱི་ཐ་སྙད་༢༥༠༠བཅས་ཁྱོན་སྡོམ་ཐ་སྙད་༩༣༠༠ལྷག་ཅིག་འདུས། སྒྲིག་སྟངས་ཀྱང་སྔོན་གྱི་དག་ཡིག་རྣམས་དང་མི་མཚུངས་པར་སྟབས་བདེ་ཞིང་ལེགས་ཆ་མང་དུ་བཞུགས། དག་ཡིག་འདིའི་མིང་ཚིག་རྣམས་ཀྱང་། བྱ་བྱེད་དང་དུས་གསུམ་གྱི་དབྱེ་བ་སོ་སོར་གསལ་བོར་ཕྱེ་ཡོད་ལ། འོས་འཚམས་ཀྱི་དཔེར་བརྗོད་ཀྱང་གང་མང་བསྣན་ནས་མིང་ཚིག་རེ་རེར་འགྲེལ་བཤད་ཧ་ཅང་གསལ་བོར་བྱས་ཡོད་པས། དུས་རབས་འདིའི་ནང་ཡི་གེའི་དག་འདོན་དང་། དག་ཡིག་རྣམས་ཀྱི་རྩོམ་གཞིར་གྱུར་པས་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་ཕྱོགས་ལ་ནུས་པ་ཆེན་པོ་ཐོན་ཞིང་། ཆེས་དགོས་མཁོ་དང་ལྡན་པ་ཞིག་ཡིན་པར་སེམས་སོ། །ཁོང་གི་ལྗགས་རྩོམ་ལ་དག་སྒྲིག་གསར་བསྒྲིགས་དང་མཉམ་དུ་པར་སྐྲུན་བྱེད་མ་ཐུབ་པའི་ཆོས་གཞུང་གི་ཚིག་མཛོད་ཅིག་དང་། སྨན་གཞུང་། བརྡ་སྤྲོད་ཀྱི་གཞུང་། སྙན་རྩོམ་སོགས་གཞན་ཡང་ཡོད་པར་གྲགས་སོ། །

     བོད་ཀྱི་བརྡ་དག་སྨྲ་བ་ཡོངས་ཀྱི་སྤྱི་ནོར་དུ་གྱུར་པའི་མིང་མཛོད་ཆེན་མོ། (དག་ཡིག་གསར་བསྒྲིགས།)  ཞེས་པའི་བོད་ཀྱི་བརྡ་དག་གི་གླེགས་བམ་ཆེན་མོ་འདི་ནི། མདོ་སྨད་དྷཱིཿཚ་དགོན་པའི་བརྡ་དག་གཞུང་ལུགས་སྨྲ་བའི་མཁས་དབང་ཆེན་མོ། མཁས་དབང་ཤེས་བཞིན་བསམ་གཏན་རྒྱ་མཚོ་ལགས་ཀྱིས་གཙོ་བསྒྲིགས་དང་གསར་བརྩམས་མཛད་པ་ཡིན་ཞིང་། ཁོང་གི་གསར་རྩོམ་མཛད་པའི་དུས་རིམ་ཁྲོད་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྔོན་རབས་ཀྱི་ལས་བྱེད་བློ་མཐུན་ཀྲིན་ཧྲོ་ཀུང་དང་། བཀྲ་ཤིས་རབ་བརྟན། གྲགས་པ། འགྱུར་མེད་སོགས་ཀྱིས་ཀྱང་དམ་པ་གང་ལ་དག་ཡིག་འདིའི་སྒྲིག་སྟངས་དང་དཔེ་སྐྲུན་བྱ་བའི་ཐད་རོགས་རམ་དང་རྒྱབ་སྐྱོར་ཡང་གང་འཚམས་རེ་བྱས་མྱོང་བ་ཞིག་ཡིན་ཚོད་འདུག

     ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྔ་རབས་ཀྱི་ལས་བྱེད་རྒན་པ་བློ་མཐུན་འགྱུར་མེད་ལགས་ཀྱིས་ལོ་ངོ་འགར་སེམས་ཤུགས་ཕུལ་ནས་ (དག་ཡིག་གསར་བསྒྲིགས) ཁྲོད་ཀྱི་ (རིག་གསར་) སྐབས་ཀྱི་ཐ་སྙད་ངན་པ། འདི་ནི་ཆོས་ལུགས་རྨོངས་དད་ཀྱི་ལག་ཆ་ཞིག་ཡིན་ཞེས་པ་དང་། རྨོངས་དད་ཀྱི་བཤད་ཚུལ་ལ་ཞེས་པ་སོགས་དང་། གཞན་ཡང་ཡིག་རིགས་གཞན་པའི་ཁྲོད་ཀྱི་བརྡ་རྟགས་སྣ་ཚོགས་ (“”。、) ལ་བཟོ་བཅོས་དང་ཞུ་དག་མཛད་ཅིང་ཡང་དག་པར་བཅོས་ཏེ་ད་ལྟ་དངོས་སུ་པར་སྐྲུན་དང་འགྲེམ་སྤེལ་བྱས་ཡོད་པ་ལགས། ད་དུང་ཉེ་བར་མཁོ་བའི་ཐ་སྙད་ཀྱང་མང་ཙམ་ཞིག་གསར་དུ་བསྣན་པར་བཤད་ཡོད། 

     (དག་ཡིག་གསར་བསྒྲིགས།) ནི་བོད་ཡིག་གི་དཔེ་དེབ་སྣ་ཚོགས་ལས་དཔར་གྲངས་ཆེས་མང་ཤོས་དེ་ཆགས་ཡོད་པ་དང་། སྤྱི་ལོ་༡༩༧༩ལོར་དཔར་དུ་བསྐྲུན་པ་ནས་སྤྱི་ལོ་༢༠༡༥ལོའི་བར་དེབ་ཆེ་ཆུང་གཉིས་ཀ་བསྡོམས་པས་པར་གྲངས་འབུམ་ལྔ་དང་ཁྲི་དྲུག་སྟོང་བདུན་(༥༦༧༠༠༠)དང་། དཔར་ཐེངས་ཡང་སུམ་ཅུ་སོ་གསུམ་(༣༣)ལ་སླེབས་ཡོད།(འདིར་པར་སློག་དང་བསྐྱར་སློག་བརྒྱབ་པ་དག་བརྩིས་མེད་ལ། ད་ལྟའི་ཆ་འཕྲིན་གྱི་དུས་རབས་འདིར་(དག་ཡིག་གསར་བསྒྲིགས།)འདི་ལ་གློག་རྡུལ་གྱི་པར་གཞི་ཡང་མང་དུ་ཡོད་ཅིང་། བོད་ཡིག་ཡོད་པའི་རྩིས་འཕྲུལ་དང་ཁ་པར་དག་ལས་(དག་ཡིག་གསར་བསྒྲིགས་)འདི་ཉིད་གང་འདོད་ལྟར་བཀླག་ཆོག་པ་ལགས།)  སྤྱི་ལོ་༢༠༡༥ལོའི་ཟླ་༤བའི་ཚེས་༡༡ཉིན་(དག་ཡིག་གསར་བསྒྲིགས་)(དག་བཅོས་མ་)ཞེས་པ་དངོས་སུ་དཔར་དུ་བསྐྲུན་ཅིང་དེའི་པར་གཞི་གསར་བའི་དེབ་ཆེ་ཆུང་གཉིས་ཀ་བསྡོམས་པས་དཔར་གྲངས་ཁྲི་བཞི་ཙམ་(༤༠༠༠༠)འགྲེམ་སྤེལ་བྱས་ཡོད་འདུག ད་ལྟ་བོད་ཀྱི་ཤེས་ལྡན་པ་འགའ་རེས་(དག་ཡིག་གསར་བསྒྲིགས་)ནི་སུས་བསྒྲིགས་པ་ཡིན་ནམ། དེའི་རྩོམ་པ་བོ་སུ་རེད་ཅེས་དྲི་བ་འདོན་བཞིན་འདུག སྤྱིར་ན་ཉེ་རབས་ཀྱི་དཔེ་དེབ་ཅིག་ལ་རྩོམ་པ་པོ་སུ་ཡིན་མི་གསལ་བའི་དོགས་གཞི་མེད་ན་ཡང་།(དག་ཡིག་གསར་བསྒྲིགས་)འདི་ལ་ནི་སྡེ་ཁག་ཅིག་དང་མི་སྒེར་རེ་འགའ་ཡིས་རང་རྩོམ་དུ་བསྒྱུར་པའི་ཧམ་སེམས་ཀྱི་རྣམ་པ་ཅུང་ཟད་འབུར་དུ་མངོན་པར་འདོད་དེ།   དཔེར་ན།(དག་ཡིག་གསར་བསྒྲིགས་)ཀྱི་མཇུག་རྩོམ་དུ། བོད་ཀྱི་བརྡ་དང་ཡི་གེའི་གཙང་པོའི་རྒྱུན། །བདག་ལྟའི་བློ་ཡི་བུམ་པར་ཤོང་ནུས་མིན། །ཡུན་རིང་བསོགས་པའི་ཡིག་འབྲུ་ཐིགས་པའི་ཕྲེང་། །གཞོན་ནུའི་ཡོན་ཏན་མྱུ་གུ་རྒྱས་ཕྱིར་སྦྲེང་། །མར་ལེ་རིང་ལུགས་སྦྱངས་པའི་རྟོགས་པ་དམན། །ལག་ལེན་རྣམ་གསུམ་སྤྱད་པའི་ཉམས་མྱོང་ཞན། །མ་རྟོགས་འཁྲུལ་བའི་སྙོག་མ་ཅི་མཆིས་པ། །གཟུར་གནས་ཀེ་ཏ་ཀ་ཡིས་དྭངས་པར་མཛོད། །བསམ་གཏན་ནས། ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་གཉིས་ཡོད་པ་དང་འདི་ལས་དག་ཡིག་འདིའི་རྩོམ་པ་བོ་ནི་བསམ་གཏན་ཁོ་རང་ཉིད་ཡིན་པ་གསལ་བོར་བསྟན་ཡོད་ཅིང་རྟོགས་ཀྱང་ཐུབ་པའོ། །

2.jpg

      ཡང་དཔེ་སྐྲུན་ཁང་འདིས་བར་སྐབས་ཤིག་ནས་དག་ཡིག་འདིའི་མཇུག་རྩོམ་ཤོ་ལོ་ཀ་གཉིས་ཀ་ཡང་མེད་པར་བཟོས་ཏེ་པར་ཐེངས་ཕྱི་མ་དག་ལ་མཇུག་རྩོམ་མེད་པར་བྱས་པ་དང་། པར་ཐེངས་རེ་རེར་རྩོམ་པ་བོ་སུ་ཡིན་གྱི་མིང་ཟུར་ཙམ་ཡང་མ་གླེང་བ་འདིས་ཀྱང་ཁོ་ཚོའི་བསམ་ཚུལ་དག་གསལ་བར་མཚོན་པའོ། །ཚུལ་འདི་དག་ཀུན་གྱིས་མཁྱེན་དགོས་པ་ཞིག་གོ །

       ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་ཐ་མར་དགེ་བ་དེང་རབས་གཏམ་གྱི་འཕྲིན་ལས་ཀྱི་བསུང་ཞིམ་ཇི་ལྟར་ཁྱབ་པའི་ཚུལ་ལས་མཁས་དབང་ཤེས་བཞིན་བསམ་གཏན་རྒྱ་མཚོའི་རྣམ་ཐར་མདོར་བསྡུས་སུ་བརྗོད་པའི་ཡལ་འདབ་སྟེ་གྱ་ལྔ་བའོ། ། 

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།