ཀྲུང་གོ་བོད་ཀྱི་དྲ་བ།

པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀིརྟིའི་རྣམ་ཐར།

ཡོང་ཁུངས། : ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས།   རྩོམ་པ་པོ། : ལྕང་སྐྱ་དགེ་འདུན་བཀྲ་ཤིས།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20200424111951.jpg

པཎྜི་ཏ་སྨྲི་ཏིའི་རྣམ་ཐར་འདི།   དགོས་གལ་ཆེ་བ་དག་ལ་ཤིན་ཏུ་དཀོན་རྐྱེན།  ཕྲན་གྱིས་དཀའ་ལས་ལ་མ་འཛེམ་པར།  རྒྱུ་ཆ་འཚོལ་སྡུད་དང་།  དཔྱད་གཞི་སྣ་མང་གུང་བསྒྲིགས་ཏེ་དཔྱད་འབྲས་བཀོད་པ་འདི་ལྟར། 

པཎྜི་ཏ་སྨྲི་ཏི་ཉྫཱ་ན་ཀི་རྟིའི་མཚན་ལ།  བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པ་ཟེར།   ཁོང་ནི་རྒྱ་གར་ཡུལ་དབུས་ཀྱི་གྲོང་ཁྱེར་ཞིག་ནས།   རྒྱལ་བོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྲས་སུ་འཁྲུངས།  པཎྜི་ཏ་ནོར་བཟང་གྲགས་པ་དང་།  དཔལ་ལྡན་ནཱ་རོ་བ་གཉིས་བླ་མར་བསྟེན་ཏེ།   སྒྲ་ཚད་སོགས་ཐུན་མོང་བའི་རིག་གནས་དང་།  སྡེ་སྣོད་གསུམ།  རྒྱུད་སྡེ་བཞི་སོགས་སྦྱངས་ཏེ་མཁས་པའི་གྲགས་པ་འབར།  ཁྱད་པར་དུ།  དཔལ་ལྡན་ནཱ་རོ་བ་ལས་སྨིན་གྲོལ་གྱི་གདམས་པ་མང་དུ་གསན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས།  སློབ་མ་གདུགས་ཐོགས་པ་ལྔ་བརྒྱ་ཙམ་འདུས།  མུ་སྟེགས་པའི་སྨྲ་བ་ངན་པ་མང་བོ་རྩོད་པའི་སྒོ་ནས་ཚར་བཅད།  

ཁོང་བོད་དུ་ཕེབས་ཚུལ་གྱི་སྐོར་ལ།  བཤད་ཚུལ་འགའ་ཤས་ཡོད་དེ།  ཁ་ཅིག་གིས་ཁོང་གི་མ་ཡུམ་ཚེ་ལས་འདས་ཏེ་གཙང་རྟ་ནག་གི་དུད་ཁྱིམ་ཞིག་གི་ཐབ་རྩར་འབུ་ཞིག་ཏུ་སྐྱེས་པས།   མའི་རྣམ་ཤེས་འདྲེན་པའི་ཆེད་དུ་ཕེབས་པར་བཤད་པ་དང།   ཡང་འགའ་ཞིག་གིས་ཁོང་རྒྱ་གར་དུ་བཞུགས་དུས།  ངན་སྔགས་གྲུབ་པའི་མུ་སྟེགས་པ་ཞིག་རྩོད་པས་ཕམ་པར་མཛད་པས།   མུ་སྟེགས་པ་དེས།  ཁྱོད་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་སྤྱུག་གོ། །  ཞེས་དམོད་བོར་བས།   ཕྱིས་སུ་ཁོང་ཤར་མཐའི་རྒྱ་མཚོའི་ཁར་བྱོན་ཚེ།   མུ་སྟེགས་པའི་དམོད་ཟུག་པ་མཁྱེན་ནས།  སླར་མུ་སྟེགས་པ་དེ་ཏིང་འཛིན་གྱིས་བཀུགས་ཏེ།  དག་ཞིང་དུ་འཕོ་བའི་ལོ་རྒྱུས་ཡོད་པ་དང་།  ཡང་ལ་ལས།  བལ་བོ་རྨ་རུ་རྩེས་པཎྜི་ཏ་སྨྲི་ཏི་ཉྫཱ་ན་ཀི་རྟི་དང་།  ལོ་ཙཱ་བ་ཕྲ་ལ་རིང་བ་གཉིས་བོད་དུ་སྤྱན་དྲངས་པར་ཡང་བཤད།  

གང་ལྟར།  དུས་རབས་བཅུ་བའི་དུས་མཇུག་ཏུ་བོད་དུ་ཕེབས་དུས་ལོ་ཙཱ་བ་ཕྲ་ལ་རིང་བ་ལམ་བར་དུ་གྲོངས་རྐྱེན།  སྨྲི་ཏིས་བོད་སྐད་མ་མཁྱེན་པས་དཀའ་ལས་མང་དུ་བསྐྱོན་ཏེ།   གཙང་རྟ་ནག་གི་མི་ཁྱིམ་ཞིག་གི་རྫི་བོ་བྱས།  སྐབས་དེར་ཁོང་ལ་རབ་བྱུང་གི་ན་བཟའ་ཙམ་ཡང་མ་འབྱོར་བས།   སྣམ་ཕྱུར་དཀར་བོ་ཧྲུལ་བོ་ཞིག་གསོལ་བ་ལས་གཞན།  ཐ་ན་དབུ་སྐྲ་འདྲེག་མཁན་ཡང་མ་བྱུང་བས།   ཨ་ཙ་ར་མགོ་གཡུང་ཞེས་མིང་བཏགས།   སྐབས་དེར་ཁྱིམ་བདག་མས་བརྙས་ཐབས་མང་དུ་བྱས་ཏེ།  ངུ་བྲོ་བ་གསུམ་དང་།  དགོད་བྲོ་བ་གསུམ་གྱི་གཏམ་རྒྱུད་ཡོད།  

ངུ་བྲོ་བ་གསུམ།  

1.  སྔོན་རྒྱ་གར་ན་བཞུགས་དུས།  ཁོང་མཁས་མང་གི་གཙུག་རྒྱན་དུ་བཞུགས་ཏེ་ཆོས་ཀྱི་དགའ་སྟོན་ལ་རོལ་ཀྱང་།  བོད་དུ་སླེབས་དུས་བུད་མེད་ངན་མ་འདི་ལྟ་བུ་ཞིག་གི་འཕོངས་སྟེགས་ཚུན་ཚད་བྱེད་དགོས་སྙམ་པས་ངུ་བྲོ་བ་བྱུང་དང་གཅིག  

2. ཡང་རྣལ་འབྱོར་བ་སྨྲི་ཏི་རྫུ་འཕྲུལ་ལ་མངའ་བརྙེས་པས།  ར་ལུག་འཚོ་སྐབས།  རྡེའུ་འགའ་ར་ལུག་གི་དོད་བྱས་ནས་གཡས་སུ་ཕྱིན་ཚེ་གཡོན་དུ་བཀྲམས།  གཡོན་དུ་ཕྱིན་ཚེ་གཡས་སུ་བཀྲམས་ཤིང་།  གཅིག་ཏུ་བསྡུས་ཚེ་ཕྱོགས་གཅིག་ཏུ་དྲིལ་བ་དང་།  ནང་དུ་རྡེའུ་ནག་རེ་ཐོན་ཚེ་སྤྱང་ཀི་སླེབས་པའི་རྟགས་སུ་མངོན་པས།  དེ་ཉིད་མཛུབ་མོས་མནན་ནས་སྤྱང་ཀི་འོང་མི་ནུས་པར་བྱས་ཏེ།  ལས་སླ་བོར་ར་ལུག་འཚོས་ནའང་།  སླར་འཁོར་ཚེ་ཟས་ངན་ངོན་ཙམ་ལས་མི་སྟེར་བར་མ་ཟད།  མཚན་གང་བོར་རྩམ་པ་འཐག་ཏུ་བཅུག་དུས་གཉིད་ལྕོག་རེ་བརྒྱབ་ནའང་།  ཁྱིམ་བདག་མས་ཡོས་དཀྲུགས་ཀྱིས་མགོ་ལ་བཞུས་པས།  ཉིན་མོ་མ་ཟད་མཚན་ཡང་རང་ལུས་རང་དབང་ན་མེད་དོ་སྙམ་པས་ངོ་བྲོ་བ་བྱུང་བ་དང་གཉིས།  

3. ཡང་ཉིན་ཞིག   རྫི་བོར་ཕྱིན་ཚེ།  བྱ་ཁྲ་མང་བོ་ཞིག་གིས་ཁྲུང་ཁྲུང་ཞིག་དེད་ཡོང་ནས་བསད་དེ།  སྨྲི་ཏིའི་པང་དུ་ལྷུང་བས།  ཁོང་གི་ཐུགས་ལ་ཁྱོད་ནི་ས་མཐའི་བྱ།  ང་ནི་ས་མཐའི་མི་ཡིན་པས།  ངེད་གཉིས་ཀྱི་ལས་དབང་འདི་ཇི་འདྲའི་སྐྱོ་བ་ལའང་སྙམ་པས་ངུ་བྲོ་བོ་བྱུང་བ་དང་གསུམ་མོ། །

དགོད་བྲོ་བ་གསུམ།  

1. གྲང་ངར་ཤིན་ཏུ་ཆེ་བའི་ཉིན་ཞིག   སྨྲི་ཏིས་ལྕི་བའི་མེ་ཕུང་ཞིག་བཏང་སྟེ་སྡོད་སྐབས།  རི་བོང་ཞིག་ཀྱང་དེར་འོང་ནས་མེ་ལ་ལྡེས་ནས།  མཐར་རི་བོང་གཉིད་ལྕོག་བརྒྱབ་སྟེ་ཁ་སྤུ་ཡང་མེར་བསྲེགས་ནས་རྒྱུགས་བསྐོར་འཐེན་པ་གཟིགས་པས་དགོད་ཤོར་བ་དང་གཅིག 

2. ཡང་།  ཁོང་མཚོ་ཁ་ཞིག་ན་རྫི་བོ་གནང་སྐབས།  ཀླུ་མོ་ཞིག་གིས་ཁོང་སེམས་དཔའ་ཆེན་པོ་ཡིན་པ་ཤེས་ཏེ།  བུད་མེད་ཅིག་ཏུ་སྤྲུལ་ནས།   རི་དྭགས་གཉན་གྱི་རྭའི་ནང་དུ་འོ་མ་བླུགས་ཏེ་འབུལ་བར་རྩོམ་པའི་ཚེ།  ཐོག་མར་ཕྱག་གཅིག་དབུལ་ནས་ཕུལ་བསམས་ཏེ།  འབུལ་དུས།  འོ་མ་ས་ལ་ཟགས་པས།  ཀླུ་མོ་ཁ་སྐྱེངས་ནས་སྤྲུལ་བ་ཞིག་སྟེ་མཚོ་ནང་དུ་ནུབ་ཚུལ་གཟིགས་པས་དགོད་ཤོར་བ་དང་གཉིས།  

3. ཡང་ཁོང་གི་ཐུགས་ལ་སྔོན་རྒྱ་གར་ན་བཞུགས་ཚེ་སྡེ་སྣོད་གསུམ་ལ་ཐོས་བསམ་གནང་སྟེ་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད་ནའང་།  ད་ནི་བརྗེད་ངས་ཀྱི་རྐུན་པོས་འཁྱེར་ཚར་ལས་ཆེ་སྙམ་ནས།  ཡོན་ཏན་དག་རྔོ་བགྲངས་མཛད་པས།   ཐམས་ཅད་ཐུགས་ན་མངའ་བ་མཁྱེན་པས་དགའ་སྤྲོ་བྱུང་བ་སྟེ་དགོད་ཤོར་བ་དང་གསུམ་མོ། །

微信图片_20200424111956.jpg

དེ་ལྟར་དཀའ་སྡུག་གི་ལོ་ཟླ་བསྐྱལ་སྐབས།  ཚེ་ཞིག    ཁོང་གིས་དུད་ཁྱིམ་དེའི་སྒོའི་ཡ་ཐེམ་དུ། 

རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། ། 

མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། ། 

དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། ། 

གཟུགས་བརྙན་ཟླ་བར་འཛིན་པ་བྱིས་པའི་བློ། །

 ཞེས་ཕྱག་བྲིས་གནང་ཡོད་པ་སྔོན་རྒྱ་གར་ནས་སྨྲི་ཏི་བླ་མར་བསྟེན་མྱོང་བ་ལོ་ཙཱ་བ་དཔྱལ་སེ་ཙ་འབྱུང་གནས་རྒྱལ་མཚན་གྱིས་རང་གི་བླ་མའི་ཕྱག་བྲིས་སུ་ངོས་ཟིན་ཏེ།  འདི་སུས་བྲིས་དྲིས་པར།  ངེད་ཀྱི་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར།  ད་ལྟ་གང་ན་ཡོད་ཟེར་བར།  ར་རྫི་ལ་སོང་ཞུས།  དེ་ནས་ལོ་ཙཱ་བས་ཁྱིམ་དེར་གསེར་སྤྲད་དེ་སྨྲི་ཏི་བླུས་ནས།  སྨན་ལུང་དུ་སྤྱན་དྲངས་ནས་འཕྲིན་ལས་ཤིན་ཏུ་རྒྱས།  ལོ་ཙཱ་བ་འདི་བ་ཐོན་མིའི་ཞལ་ལུང་དང་དཔེ་ཆ་གཞན་དུ།  དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་ཞེས་འབྱུང་ཡང་།  ཡིན་རྒྱུ་ནི།  མྱང་ཆོས་འབྱུང་ལས།   སྨྲི་ཏིའི་དངོས་སློབ་ནི་དཔྱལ་སེ་ཙ་འབྱུང་གནས་རྒྱལ་མཚན་ཞེས་འབྱུང་ལ།  བསོད་ནམས་རྒྱལ་མཚན་ནི།  དེའི་ཚ་བོ་ཡིན་པར་བཤད་དོ། ། 

མཐར་མདོ་ཁམས་ལྡན་མའི་ས་ཁུལ་དུ་བྱོན་ཏེ།  གླིང་གེ་སར་རྒྱལ་བོ་དང་འབྲོམ་སྟོན་སོགས་ལ་རྒྱ་གར་གྱི་སྒྲ་རིག་བསླབས།  སྨྲ་སྒོ་མཚོན་ཆ་ཡང་སྐབས་དེ་དུས་ཤིག་ལ་བརྩམས་པར་གྲགས།  ཁ་ཅིག  སྨྲ་སྒོ་འདི་ལིང་ཆུ་གསེར་ཁབ་ཏུ་མཛད་ཀྱང་ཟེར།  འོན་ཀྱང་།  ས་ཆ་དེ་ད་ལྟ་ངོས་ཟིན་དཀའ།  གཞན་ཁོང་གིས་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་གཡས་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་མང་བོར་གནང་བར་ཡང་གསུངས། 

སྨྲི་ཏིས་སྐུ་ཚེའི་ཁྲོད་ཕྱག་ཚ་མང་དུ་བཏབ་པས།  ད་ལྟ་ཁོང་གི་ཕྱག་ཚ་གར་བཞུགས་ཙམ་དཔྱད་ན།  སྨྲི་ཏིས་རྫི་བོ་བྱེད་སྐབས་ཕྱག་ཚ་བཏབ་པ་རྣམས།  ཤིང་རྩེར་བསྐྱོན་ཏེ་ཉི་མར་བསྐམས་པས།  ཚ་ཞབས་ན་བུ་ག་ཡོད་པར་བཤད།  ད་ལྟ་ཡང་ཁོང་གི་ཕྱག་ཚ་གཙང་ཕྱོགས་ཀྱི་ངམ་རིང་དང་།  རྟ་ནག་རྒྱང་མཁར་ཕྱུག་པོ།  ཤངས་ཆུམས་ཀྱི་ཡུལ་ནས་འོངས་པ་ཐུབ་དབང་ཆེ་བ་ལ་མཁྱུད་གང་དང་།   པད་རྒྱབ་ཏུ་རྒྱ་གར་གྱི་ཡི་གེ་སུམ་ཕྲེང་ཡོད་པ་ཞིག་དང་།  སྒྲོལ་མ་སོར་གསུམ་ལྷག་ཙམ་པད་རྒྱབ་ཏུ་སྔགས་བོད་ཡིག་ཏུ་ཡོད་པ་འགའ་ཤས་ཁོང་གིས་རྒྱ་གར་ནས་བསྣམས་ཡོང་བ་དང་།  བླ་བྲང་བཀའ་གདམས་ལྷ་ཁང་ན་སྨྲི་ཏིས་ཕྱག་ཚ་ཐུབ་དབང་སོར་གསུམ་ལྷག་ཅན་གཉིས་དང་།   ཨ་མཆོག་དགོན་དུ་ཐུབ་སྐུ་གཅིག  སྐུ་འབུམ་འདུ་ཁང་རབ་གསལ་དུའང་ཕྱག་ཚ་གཅིག  གཞན་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས།   སྨྲི་ཏིས་ཁམས་སུ་ཕེབས་ནས་འགྲོ་དོན་མཛད་སྐབས།  གླིང་གེ་སར་གྱིས་བདུད་ཧོར་ལྗང་གསུམ་བཅོམ་ཞིང་།  རྒྱ་དང་གཡུལ་མ་འཁྲུགས་ཀྱི་བར་དེ།  པཎ་ཆེན་གྱི་དགོན་པ་གཟུགས་པའི་དང་བླངས་མཛད་སྐབས།  སྔར་ཧོར་གྱི་བུ་བསད་པས་མནའ་ཟོས་པའི་འབྲས་བུར།  རྒྱལ་བོ་རྩིག་པའི་སྟེང་ནས་ལྷུང་སྟེ་དབུ་ཆག་པར།  སྨྲི་ཏིས་ས་ཙྪའི་འཇིམ་པ་བླངས་ཏེ་སྡེམ་བྱས་པས།  དབུ་འཕྲལ་ལ་གསོས་པའི་ལོ་རྒྱུས་འདུག་པས།  དེར་དཔགས་ན་ཁམས་སུ་ཡང་ཁོང་གི་སཙྪ་མང་དུ་ཡོད་ཚོད་འདུག་ཅེས་གསུངས་སོ། །

微信图片_20200424112004.jpg

དེ་ལས་གཞན།  ལོ་ཙཱ་བ་སྨྲི་ཏི་ཡན་ཆད་དུ་བསྒྱུར་བའི་གསང་སྔགས་ཀྱི་ཆོས་ལ།  སྔ་འགྱུར་རྙིང་མ་ཞེས་པའི་ཐ་སྙད་སྦྱོར།  སྨྲི་ཏིས་བསྒྱུར་ཆོས་ལ།  བཀའ་འགྱུར་ལས།  དཔལ་ལྡན་ཞི་བའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་དང་།  ལྷ་མོ་བཞིས་ཡོངས་སུ་ཞུས་པ་སོགས་དང་།  བསྟན་འགྱུར་ལས།  འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་དང་།  འཇམ་དཔལ་མཚན་བརྗོད་ཀྱི་གསང་བ་དང་ལྡན་པའི་སྒྲུབ་ཐབས་སོགས་བཞུགས།  

དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར།  ཡང་འདུལ་གྱི་ལྷ་ཁང་བཞིའི་ནང་ཚན་རྫ་སྐྱེ་དགུའི་གདན་ཀློང་ཐང་སྒྲོལ་མའི་ཉེ་འཁོར་དྲན་ཐང་དགོན་དུ་སྐུ་གཤེགས།  དེར་ཁོང་གི་གདུང་འབུམ་མཆོད་རྟེན་ན་བཟའི་ཚལ་བུ་ཚུན་ཆད་ཚུལ་ཁྲིམས་ཀྱི་ངད་ལྡང་བཞིན་པ་དེང་སང་ཡང་བཞུགས་ལ།  རྒྱལ་དབང་སྐུ་ཕྲེང་གསུམ་པ་སོག་ཡུལ་དུ་ཕེབས་སྐབས།  བཞུད་ལམ་དུ་སྨྲི་ཏིའི་མཆོད་རྟེན་ལ་མཇལ་ཚུལ་རྣམ་ཐར་དུ་བཀོད་ཡོད་པ་དང་།  ཇོ་བོ་བོད་དུ་ཕེབས་དུས།  བོད་སྟོན་རྣམས་ལ་སྨྲི་ཏི་གར་བཞུགས་དྲིས་པར།  བོད་སྟོན་རྣམས་ཀྱིས་སྨྲི་ཏི་བོད་ཀྱིས་མ་ཤེས་པར་རྫི་བོ་མཛད་ཚུལ་སོགས་ལོ་རྒྱུས་ཞུས་པས།  ཇོ་བོའི་ཞལ་ལས།  ཨ་ཙ་མ། དེང་རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་སྨྲི་ཏི་ལས་ལྷག་པ་མེད།  བོད་བསོད་ནམས་ཆུང་གསུངས་ནས་སྤྱན་ཆབ་བསིལ་བར་གསུངས་སོ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།