ཀྲུང་གོ་བོད་ཀྱི་དྲ་བ།

དགེ་བའི་བཤེས་གཉེན་ཆེན་མོ་བཤད་སྒྲུབ་རྒྱ་མཚོའི་མཛད་རྣམ་བསྡུས་བ།

    སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགེ་བའི་བཤེས་གཉེན་ཆེན་མོ་བཤད་སྒྲུབ་རྒྱ་མཚོའི་མཛད་རྣམ་བསྡུས་བ་བཞུགས་སོ། 

2.jpg

       མདོ་སྨད་བྱང་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ།ལྔ་རིག་སྨྲ་བའི་པཎ་ཆེན།བདག་ཅག་ཐམས་ཅད་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་བླ་མ་དམ་པ་རྗེ་བཙུན་བཤད་སྒྲུབ་རྒྱ་མཚོའམ་མི་ཕམ་མཚོ་བྱུང་དགྱེས་བའི་བློ་གྲོས་སུ་གསོལ་བའི་དམ་པ་ཁོང་ཉིད་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྟེ་སྤྱི་ལོ1940 པར་མདོ་ཁམས་གཡར་མོ་ཐང་གི་སའི་བྱེ་བྲག་ཆུ་གཏེར་ཆེན་པོ་ཁྲི་གཤོག་རྒྱལ་མོའི་ཤར་རྒྱུད་ཀྱི་སའི་ཆ།རིག་སྨོན་གཞུང་གི་མོང་གོལ་ཞེས་བའི་འབྲོག་སྡེར་སོག་པའི་རིགས་སུ་སྐུ་འཁྲུངས།བྱིས་པའི་མཚན་ལ་ཀརྨ་དབང་ཆེན་ཞེས་ཞུ།དགོང་ལོ་དྲུག་ཏུ་སོན་པ་སྤྱི་ལོ1946ལོར་ཡུལ་མདོ་སྨད་ཀྱི་ནཱལེཎདྲ་ཆེན་པོ་དྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ཏེ་ཀུན་སྤངས་ཆེན་པོ་སྙན་གྲགས་རྒྱ་མཚོའི་མཚན་ཅན་ཀློག་གི་སློབ་དཔོན་དུ་བསྟེན་ནས་དྷི་ཚའི་ཀ་ཁ་ཞེས་བྱིས་པ་ཀློག་ལ་འཇུག་པའི་ཀ་དཔེ་དེ་ལས་ཕྲལ་སྦྱོར་གྱི་ཀློག་དང་གཟབ་གཤར་གྱི་ཡི་གེ་ཐམས་ཅད་ལ་ཐོགས་པ་མེད་པར་བློ་གྲོས་ཀྱི་པདྨ་ཡོངས་སུ་རྒྱས་པར་གྱུར་ཏེ།དགོང་ལོ་བདུན་དུ་སོན་པ་སྤྱི་ལོ1947པར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འབྲོག་རུ་བ་ཚུལ་ཁྲིམས་རྒྱ་མཚོ་ལས་རབ་ཏུ་བྱུང་སྟེ།  དགེ་བསྙེན།  རབ་བྱུང་།  ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཅས་མནོས་ཤིང་།  མཚན་བཤད་སྒྲུབ་རྒྱ་མཚོ་ཞེས་སུ་གསོལ།དེ་ནས་རིམ་གྱིས་མངོན་པར་རྟོགས་པའི་རྒྱན་དང་དབུ་མ་འཇུག་པ་སོགས་དང་།གསང་བདེ་འཇིགས་གསུམ་གྱི་ཆོ་ག་སོགས་ཆོས་སྤྱོད་ཚོགས་འདོན་གྱི་སྐོར་དུ་མ་ཐུགས་འཛིན་གནང་ཞིང་རྒྱན་འཇུག་གི་ཚོགས་རྒྱུགས་ཕུལ།དགུང་ལོ་བཅུ་ལ་སོན་པ་ནས་རྗེ་འབྲོག་རུ་བ་གཙོས་དགེ་བའི་བཤེས་གཉེན་དུ་མ་ལས་རྭ་བསོད་ནམས་དབང་རྒྱལ་གྱི(བསྡུས་གཞུང་ཉི་མའི་འོད་ཟེར)གྱི་མཛུབ་ཁྲིད་ཡོངས་སུ་རྫོགས་པ་གསན་ཅིང་།ཡིག་ཆ་འདི་ཉིད་ཐུགས་འཛིན་གནང་བ་དང་ཆབས་ཅིག་ཆོས་གྲྭའི་རྩོད་པ་དང་རང་གིས་དཔྱད་པ་ཟུང་འབྲེལ་གནང་པའི་མཐུ་ལས་རིག་པའི་སྒོ་མོ་ཡངས་པར་ཕྱེ་ཞིང་།གཞུང་དོན་ལ་འཇུག་པའི་བློ་གྲོས་ཀྱི་འཇུག་ངོགས་སྐབས་འདི་ཉིད་ནས་རྙེད་པ་ལགས་སོ། །

1.jpg

       དེ་ནས་བཟུང་རབ་འབྱམས་གཞུང་བརྒྱའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་ཞལ་སྔ་ནས་གཙོས་མཁས་པའི་དབང་བོ་བཅུ་ཕྲག་གསུམ་ཙམ་བསམ་སྦྱོར་དག་པས་བསྟེན་ཏེ་སྤྱི་ལོ1958པའི་བར་ལ།བསྡུས་ཚན་ཡོངས་རྫོགས་དང་བློ་རྟགས་གཉིས།   རྣམ་འགྲེལ། སེམས་སེམས་བྱུང་། གྲུབ་མཐའ།  ས་ལམ་སོགས་དང་།  ཕར་ཕྱིན་མཆོད་བརྗོད།   བྱམས་གཞུང་།  ཆོས་འཁོར།   དགེ་འདུན་ཉི་ཤུ་སོགས་གཞུང་མང་བོ་གསན་པར་མ་ཟད།བརྒལ་བརྟག་ལའང་བརྩོན་པ་རྡོ་རུས་བཞིན་བསྟེན།ཐུན་མོང་རིག་གནས་ཀྱང་སྒྲ་སྙན་སྨན་རྩིས་སོགས་ལ་ཞིབ་ཏུ་སྦྱངས་ནས་མཁས་པའི་གྲགས་པ་རྒྱས།རྗེ་ལྷ་རི་བ་ཆེན་པོ་སོགས་མཁས་ཤིང་གྲུབ་པའི་དབང་ཕྱུག་བཅུ་ཕྲག་ཙམ་ལས་བདེ་གསང་འཇིགས་གསུམ་དང་།རྡོ་རྗེ་ཕྲེང་བ།སྒྲུབ་ཐབས་རིན་འབྱུང་།བ་རི་བརྒྱ་རྩ།འཇམ་དབྱངས་ཆོས་སྐོར་སོགས་སྤྱི་ཟུར་གྱི་དབང་དངརྗེས་གནང་གི་སྐོར།ལམ་སྔགས་གཉིས།རིམ་ལྔ་གསལ་སྒྲོན་སོགས་ཀྱི་ཞལ་ལུང་།ལམ་ཁྲིད་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་དང་སྔོན་འགྲོའི་ཁྲིད་ཆེན་བཞི་སོགས་ཀྱི་ཁྲིད།  བསྟན་འགྱུར།  རྗེ་ཡབ་སྲས་གསུམ།  རྒྱལ་བ་དགེ་འདུན་གྲུབ།  འདུལ་འཛིན་གྲགས་པ་རྒྱལ་མཚན།རྒྱལ་བ་བསྐལ་བཟང་རྒྱ་མཚོ།ཁྱ་དགེ་བློ་གྲོས་རྒྱ་མཚོ་སོགས་མཁས་གྲུབ་མང་བོའི་བཀའ་འབུམ་གྱི་ལུང་སོགས་གསན་རྒྱུ་སྐལ་བ་བྱུང་སྟེ་ཆོས་རྒྱུན་མང་བོའི་མཛོད་དུ་གྱུར།དེ་ལྟར་དད་བརྩོན་ཤེས་རབ་ཀྱི་གྲུ་གཟིངས་ཕན་ཚུན་འགྲན་པ་བཞིན་དུ་རིག་གཞུང་རྒྱ་མཚོའི་ཀློང་དུ་ཁ་ལོ་བསྒྱུར་བ་ན་རྒྱལ་པོའི་ཆད་ལས་མི་བཟད་པའི་གོད་ཆག་ཆེན་པོ་བསྟན་འགྲོ་ཡོངས་ཀྱི་ཕན་བདེ་འབྱུང་བའི་གཤེད་དུ་ལྡང་ཞིང་དགེ་འདུན་གྱི་འདུས་སྡེ་གཅིག་ཀྱང་མེད་པར་བཟོ་བར་བརྩམས་པའི་སྐབས་ཏེ།དམ་པ་གང་ཉིད་དགུང་ལོ་བཅོ་བརྒྱད་བཞེས་པ་སྤྱི་ལོ་1958པར་མི་འདོད་བཞིན་དུ་ཕ་ཡུལ་དུ་ཕེབས་དགོས་བྱུང་སྟེ་ངུར་སྨྲིག་གི་ན་བཟའ་དོར་ཞིང་ཞིང་གྲོང་ཆས་སྤྲས་ནས་ཁྱིམ་པ་རྣམས་དང་མཉམ་དུ་ཟླ་འགར་སོ་ནམ་གྱི་ལས་ལ་ཞུགས།རྒྱལ་ཁམས་ཀུན་ལ་སྔ་ན་མེད་པའི་འཁྲུག་ལོང་ཆེས་ཆེར་གཡོས་ནས་ཤཱཀྱའི་རབ་བྱུང་གི་སྡེའི་རྒྱུད་ཀྱི་བསླབ་སྡོམ་དམ་ཚིག་བཙན་གྱིས་གཞན་དབང་དུས་གཏོང་བར་བྱེད་པ་བྱུང་བ་དེ་ལྟར་ནའང་དམ་པ་ཁོང་ཉིད་ནི། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས།  ཤེས་རབ་ཀྱིས་ནི་ལུས་སྲུང་ལ༎ དགྲ་ཡི་ཚོགས་ཀྱིས་ཅི་བྱར་ཡོད༎  ལག་ན་གདུགས་དང་བཅས་པ་ལ། ། ཆར་གྱི་རྒྱུན་གྱིས་རྫི་བ་མེད༎ ཅེས་དང་། ཡ་རབས་རྣམས་ཀྱི་སྤྱོད་པ་ལ༎སྐྱེ་བོ་ངན་པས་གནོད་མི་འགྱུར༎ རིན་ཆེན་སྒྲོན་མེ་འབར་བའི་ཚེ༎ འཐོར་རླུང་ཚོགས་ཀྱིས་མི་སོད་དོ།།ཞེས་གསུངས་པ་ལྟར་ཡིན་མིན་བདེན་རྫུན་དཔྱོད་པའི་ཤེས་རབ།སྤང་བླང་འཇུག་ལྡོག་འཛོལ་བ་མེད་པའི་རྣམ་དཔྱོད།ཁས་བླང་དམ་བཅའ་སྲོག་ལ་བབས་ཀྱང་འདོར་བ་མིན་པའི་བག་ཡོད།སྒོ་གསུམ་གྱི་སྤྱོད་པ་ཕྲ་ཞིབ་ཀུན་ལ་འབྲས་བུ་གང་འབྱུང་དཔྱོད་པའི་མིག་རྒྱང་།གནོད་བྱེད་མ་རུངས་པའི་ཚོགས་ལ་སྙིང་རྗེའི་གཟིགས་པ་ལྷག་པར་འཕེལ་ཏེ་ཁོང་ཁྲོ་བ་མེད་པ་དང་།དགེ་ལ་སྤྲོ་བའི་བརྩོན་པ་མེ་ལ་སྣུམ་བླུགས་པ་ལྟར་རབ་ཏུ་འབར་བ་དང་།རང་བཞིན་མི་བརྟན་པ་རླུང་ཁའི་དར་ལྕོག་ལྟ་བུ་མ་ཡིན་པར་ལས་གང་ལ་ཞུགས་པའི་མཐའ་བརྟན་ཞིང་གཡོལ་བ་མེད་པའི་ཕུན་ཚོགས་མཐའ་དག་ལྷན་སྐྱེས་སུ་མངའ་བའི་དན་རྟགས་མ་བསྩལ་ལྷུན་གྱིས་གྲུབ་པས།དུས་འགྱུར་རྩུབ་མོའི་རེག་བྱས་ཉིན་མཚན་ཀུན་ཏུ་གཙེས་ནའང་རང་གི་བསླབ་སྡོམ་ས་འོག་གི་གཏེར་དང་མི་གཙང་ཁྲོད་ཀྱི་གསེར་བཞིན་དུ་ཉམས་པ་མེད་པར་བསྲུངས་པ་འདི་ཁོ་ནའི་མཛད་པའང་ཕལ་གྱི་བསྒྲུན་དུ་མེད་པའི་གནས་སོ༎

3.jpg

      ལོ་དེའི་ཟླ་བརྒྱད་པ་ནས་བཟུང་རིག་མོ་གུང་ཧྲེའི་ཏང་ཨུས་བཀོད་སྒྲིག་ལྟར་ཡུལ་དེའི་སློབ་ཆུང་དགེ་རྒན་དུ་བསྐོས་ཏེ་སློབ་བུ་བརྒྱ་ཕྲག་གསུམ་ཙམ་ལ་བོད་ཡིག་བསླབས།དེ་ནས་བཟུང་སློབ་ཆུང་གཞན་དག་ཏུའང་བོད་ཡིག་དགེ་རྒན་གྱི་འགན་བཞེས་པ་དང་ཡིག་རྨོངས་སེལ་བའི་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་བ་སོགས་ཀྱིས་མཚོན།སྔ་ཕྱིར་རོང་འབྲོག་པ་མང་པོ་ཡིག་རྨོངས་ལས་ཐར་བར་མཛད་ཅིང་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་སོགས་ལ་སློབ་མ་མི་ཉུང་བ་བསྐྱལ་པར་བྱས།དགུང་གྲངས་ཉེར་ལྔ་བཞེས་པ་སྤྱི་ལོ་1965པར་ཕྱི་ནང་གི་རྐྱེན་འགའ་ཞིག་གིས་མ་ཉེས་ཁ་གཡོགས་ཐེབས་ཏེ་ཕྱིར་རང་ཡུལ་དུ་ངལ་ལས་སྣ་ཚོགས་ལ་ཞུགས་ཏེ་སྐུ་ཚེགས་མང་པོ་མྱངས།སྐབས་དེ་དག་ཏུ་སྦྲ་གུར་སློབ་ཆུང་དང་རྟ་ཐོག་སློབ་ཆུང་བཅས་ཀྱི་དགེ་རྒན་གྱི་ཕྱག་ལས་གནང་བ་དང་།ཐོན་སྐྱེད་རུ་ཁག་གི་རྩིས་གཉེར་བ་དང་རིག་མོ་གུང་ཧྲེའི་རྩིས་གཉེར་རོགས་ཁྲིད་པའི་འགན་ཡང་བཞེས།ང་བརྒྱད་ལོ་དང་རིག་གནས་གསར་བརྗེ་སོགས་གཏོར་བཅོམ་གྱི་ལས་འགུལ་སྣ་ཚོགས་མཚོ་ལྟར་བརྡོལ་ཞིང་རྒྱབ་ཁབ་ཀྱི་བཀའ་ཁྲིམས་བཙན་ཞིང་དམ་པར་གནས་པའི་དུས་སུའང་།དམ་པ་འདི་ཉིད་ཀྱིས་ནི་རེ་དོགས་དང་བརྣབ་སེམས་སྤངས་ཏེ་བླ་མ་དཀོན་མཆོག་ལ་བློ་འགེལ་བརྟན་ཞིང་།ཐུགས་དམ་དགེ་སྦྱོར་ལས་གཡེལ་བ་མེད་པའི་ངང་ནས་གསང་སྟབས་ཀྱིས་རྒྱན་འཇུག་སོགས་ཞལ་འདོན་གནང་ཞིང་ཡི་དམ་མང་བོའི་མཚན་སྔགས་མང་དུ་བཟླས་པ་དང་།སློབ་གཉེར་མ་ཆག་པར་མཛད་པ་སོགས་ཆོས་ལྡན་གྱི་མཛད་སྤྱོད་ཁོ་ན་ལྷུར་བཞེས།ཁྱད་པར་དུ་སྲོག་དང་བསྡོས་ཏེ་བསླབ་ཁྲིམས་ཁོ་ནར་གཅེས་སྤྲས་གནང་བ་ནི།ཇི་སྐད་དུ།མཁས་གྲུབ་ཆེན་པོ་སྐྱབས་རྗེ་ཤར་གདོང་རིན་པོ་ཆེས་དམ་པ་འདི་ཉིད་ཀྱི་གསུང་འབུམ་ལ་གནང་བའི་ཤིས་ཚིག་ཏུ།ཚུལ་ཁྲིམས་གཙང་མའི་གོས་ཀྱིས་ཀླུབས༎ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ།

     དེ་ལྟའི་འཁྲུག་ལོང་གི་རླུང་ནག་གོ་མཚམས་མེད་པར་དཀྲིགས་པའི་གསེབ་ནས་ལུས་སྲོག་འབེན་ལ་བཙུགས་ཏེ་གསང་སྟབས་ཀྱིས་དཔེ་ཀློག་སྐྱོར་འཛིན་མ་ཆག་པར་གནང་ཞིང་རང་བཞིན་ལྷན་སྐྱེས་ཀྱི་ཟབ་གསལ་མྱུར་བའི་ཤེས་རབ་ཉི་ལྟར་གསལ་བས།སྡེ་གྲོང་དུ་རྩིས་འགོད་པའི་ལས་སྣེ་གཉེར་བ་ན་ཕྱག་གཡས་གཡོན་གཉིས་ཀྱིས་རྩིས་ཕྲེང་རེ་བཟུང་ནས་རྩིས་གཞི་མི་འདྲ་བ་གཉིས་དུས་གཅིག་ཏུ་འཁྲུལ་བ་མེད་པར་རྩི་ཐུབ་པ་སྡེ་མི་ཀུན་ལ་གྲགས་སོ།  །  ལོ་བཅུའི་གོད་ཆག་ཆེན་པོའི་སྨག་མུན་རིམ་གྱིས་སངས་ཏེ་རྒྱལ་ཁམས་བདེ་བའི་དུས་བཟང་ཀུན་ལ་རིས་སུ་མ་ཆད་པར་ཤར་ཏེ།སྲིད་གཞུང་གི་ཆོས་དད་རང་མོས་དང་བསྟུན་ཆོག་པའི་སྲིད་ཇུས་ལ་ལེགས་པོ་མངོན་འགྱུར་བྱུང་བ་དང་བསྟུན།གསེར་ས་འོག་ན་ཡོད་པའི་འོད་མཁའ་ལ་འཕྲོ་བའི་དཔེ་དང་རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན་ཀུན་གྱིས་མང་པོའི་ནང་ནས་ཁྱད་ཐོན་ཁྱད་འཕགས་སུ་ངེས་པ་རྙེན་ནས་སྤྱི་ལོ་1979པར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་གདན་དྲངས་ཏེ་དགེ་རྒན་དུ་བཀུར།  སློབ་གྲྭ་དེའི་དགེ་སློབ་གཙོས་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་དང་།གུང་ཧོང་རྫོང་བོད་ཡིག་སློབ་འབྲིང་།མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་སོགས་སློབ་གྲྭ་དང་ལས་ཁུངས་ཀྱི་དགེ་རྒན་དང་ལས་བྱེད་པ།དྷི་ཚ་བཀྲ་ཤིས་ཆོས་སྡིངས་སོགས་ཆོས་སྡེ་དུ་མ་ནས་ཆེད་དུ་ཕེབས་པའི་གྲྭ་བཙུན་སོགས་དོན་གཉེར་དང་ལྡན་པའི་སློབ་བུ་མང་བོར(པྲ་ཏིའི་ཀུན་བཟང་དགོངས་རྒྱན)དང(སི་ཏིའི་འགྲིལ་ཆེན།)(ཐོན་མིའི་ཞལ་ལུང་།)སོགས་བརྡ་སྤྲོད་ཀྱི་སྐོར་དང་།   (སྙན་ངག་མེ་ལོང་།)(དབྱངས་ཅན་དགྱེས་གླུ)  (དཎིཌའི་དགོངས་རྒྱན།)(སྙན་ངག་སྤྱི་དོན།)(དུང་དཀར་སྙན་འགྲེལ།)(སྙན་ངག་དཔེར་བརྗོད་བདུད་རྩིའི་མཆོད་ཡོན)སོགས་ཚིག་རྒྱན་རིག་པའི་སྐོར།  (རྟོགས་བརྗོད་དཔག་བསམ་འཁྲི་ཤིང)གི་ཡལ་འདབ་ཁ་ཤས་དང(སྐྱེས་རབས་སོ་བཞི་བའི)སྐྱེས་རབས་དུ་མ།   (སྤྲིན་གྱི་ཕོ་ཉ)(རཱ་མ་ཎའི་རྟོགས་བརྗོད།)རྗེ་བཙུན་ཤེས་རབ་རྒྱ་མཚོ་དང་།  ཡོངས་འཛིན་བློ་བཟང་དཔལ་ལྡན།རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་ཀྱི་གསུང་འབུམ་ལས་བསྟོད་ཚོགས་དང་རྟོགས་བརྗོད། བསླབ་བྱ།  འཕྲིན་ཡིག་སོགས་ཀྱི་གནའ་རྩོམ་གྱི་སྐོར།   (བློ་གསལ་རིགས་སྒོ)དང་རྗེ་ཡེ་ཤེས་རྒྱ་མཚོའི་གསུང་གི(གཏན་ཚིགས་རིག་པའི་སྣང་བ)སོགས་བསྡུས་གྲྭ་དང་བློ་རྟགས་ཀྱི་སྐོར།  (སྐྱབས་འགྲོ།)(ཡོན་ཏན་གཞིར་གྱུར་མ)(རྟེན་འབྲེལ་བསྟོད་པ)(བཤེས་སྤྲིངས)(མངོན་རྟོགས་རྒྱན)དང(དབུ་མ་འཇུག་པ)སོགས་ནང་རིག་པའི་སྐོར།   རྗེ་ཉིད་ཀྱི(གངས་་ཅན་སཱ་ལའི་སྨན་ལྗོངས་ཀྱི་ལོ་རྒྱུས་རེག་ཟིག་ཏུ་བཀོད་པའི་ངོ་མཚར་ནོར་བུའི་མེ་ལོང)སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སྣ་ཚོགས་ཀྱི་ཞལ་ཁྲིད་ལེགས་པར་བསྐྱངས་པས།ཞལ་སློབ་བགྲང་ལས་འདས་པ་སྤྱི་ཚོགས་ཀྱི་ལས་གནས་སོ་སོར་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་བཞག་སྣ་ཚོགས་རང་རྐྱ་ཕེར་བས་ཕྲག་ཏུ་ཁྱེར་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཀ་བ་དང་གདུང་མ་ཤ་སྟག་དང་།དེ་དག་ལས་ཀྱང་རྩེར་སོན་ཁ་ཤས་སློབ་གྲྭ་ཆེན་མོ་སོགས་སུ་རིག་པ་སྨྲ་བའི་སྲོག་ཤིང་དུ་གྱུར་པའོ།

     སྒོས་སུ་མཚོ་ལྷོ་བོད་ཁུལ་དུ་རང་རིགས་ཀྱི་རིག་གནས་དར་ཁྱབ་ཏུ་སོང་ཞིང་སློབ་གྲྭ་ཆུང་འབྲིང་དག་ཏུ་བོད་ཡིག་བསླབ་བྱའི་གཙོ་བོར་འཛིན་པ་དང་།སྲིད་གཞུང་གིས་བོད་ཡིག་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་གཏན་ལ་ཕབ་པ་ཚུན་ཆད་དམ་པ་གང་ཉིད་ཀྱི་བཀའ་དྲིན་ལས་མ་འདས་སོ།གཞན་ཡང་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྒྱང་བསྒྲགས་ནས་སུམ་རྟགས་དང།མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མོ།ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་།དྷི་ཚ་བཀྲ་ཤིས་ཆོས་སྡིངས་སོགས་སུ་བོད་ཀྱི་རིག་གནས་སྣ་ཚོགས་ཞལ་ཁྲིད་གནང་སྟེ།སློབ་བུ་རྣམས་ལ་འདོད་མོས་བཞིན་དུ་རིག་པའི་བགོ་སྐལ་ཅི་དགར་བགྱེད་པ་བཅས་ཀྱིས་མཚོན་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་དུ་སྤེལ་བའི་ཕྱོགས་ལ་མཛད་རྗེས་མི་དམན་པ་བཞག་པར་བརྟེན།དེའི་ཕྱིར་གནང་ཡོད་ཁོང་ཉིད་ལ་སྔ་རྟིང་དུ་ཁུལ་དང་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་སོགས་ཀྱི་གཟེངས་བསྟོད་ཀྱང་གང་མང་ཐོབ།ཁྱད་པར་དུ་1987ལོའི་སྟོན་དུས་སུ་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་མཚོ་ལྷོར་གཟིགས་ཞིབ་ཏུ་ཕེབས་པའི་སྐབས་སུ་གཟིམ་ཆུང་མཇལ་ཁ་གནང་སྟེ།དམ་པ་གང་ཉིད་ཀྱིས་རྒྱལ་བསྟན་ཡང་དར་གྱི་དུས་འདིར་རང་རིགས་ཀྱི་རིག་གནས་ལ་མཛད་རྗེས་མང་པོ་བཞག་པ་དང་རིག་གནས་སྤེལ་བའི་ཐབས་སུ་ཐུགས་ཁུར་ཆེར་བསྐྱེད་གནང་བར་ཐུགས་དགྱེས་པའི་བཀའ་གསུང་མང་དུ་གནང་ཞིང་།པཎ་ཆེན་རིན་པོ་ཆེའི་སྐུ་པར་དང་ལྕགས་སྨྱུག་སོགས་ལེགས་སྐྱེས་སུ་གནང་ངོ་དེ་ལྟར་དགོན་སྡེ་དང་སློབ་གྲྭ་གཉིས་ཆར་ནས་སྐྱ་སེར་དང་སྒེར་གཞུང་གཉི་གར་རིག་གནས་འཆད་ཉན་གྱི་སྲོལ་བཟང་མ་ཉམས་པར་ཡར་ལྡན་དུ་སྤེལ་བ་སོགས་ཀྱིས་མཚོན་བསྟན་འགྲོའི་དོན་རྒྱ་ཆེར་གནང་ནས་དགུང་གྲངས་ང་བརྒྱད་བཞེས་པ་རབ་རྒྱན་ས་ཕོ་སྟག་གི་ལོ་སྟེ།སྤྱི་ལོ་1998པའི་ཧོར་ཟླ་3པའི་ཚེས་13ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ཡིན་ནོ། །

           མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་བོད་ཡིག་སློབ་དཔྱོད་ཁང་གིས་བསྒྲིགས་པའི་གསུང་འབུམ་ལས་བཤུས།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།