ཀྲུང་གོ་བོད་ཀྱི་དྲ་བ།

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར།

ཡོང་ཁུངས། : དབུས་གཙང་རིག་མཛོད།     སྤེལ་དུས། : 2020-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར།.jpg

ད་ནས་དྲི་བྲལ་ཤེལ་གྱི་མཆོད་སྡོང་ཆེ། །ལྟར་སྣང་ཉེས་དྲིས་སྦགས་པའི་ཚུལ་བསྟན་པ། །སྨིན་གྲོལ་བདུད་རྩིས་ལེགས་བཀྲུས་མི་ལའི་ཞབས། །རྟོགས་པའི་འོད་ཟེར་རབ་ཏུ་འབར་གྱུར་ཅིག །དེ་ཡང་གངས་ཅན་གྱི་ལྗོངས་འདིར་གྲུབ་པའི་དབང་ཕྱུག་འགྲན་ཟླ་དང་བྲལ་བ་རྗེ་བཙུན་ཆེན་པོ་དེ་ཉིད་འཁྲུངས་པའི་ཡུལ་ལ་སྟོད་གུང་ཐང་གི་གྲོང་ཁྱེར་སྐྱ་སྔ་རྩ་ན་ཡབ་མི་ལ་ཤེས་རབ་རྒྱལ་མཚན། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་སྟོན་པ་འདས་རྗེས་ཆིག་སྟོང་ལྔ་བརྒྱ་གྱ་བཞི་པ་དཔའ་བོ་ཞེས་ལྕགས་འབྲུག་སྤྱི་ལོ་ ༡༠༤༠ ལོར་སྐུ་འཁྲུངས། མཚན་ཐོས་པ་དགའ་ཞེས་གསོལ། ཕྱིས་ལྕམ་སྲིང་ཞིག་བྱུང་བ་པེ་ཏ་མགོན་སྐྱིད་དུ་གྲགས་ཤིང༌། ཡུལ་དེར་ཀུན་ལས་ཕྱུག་ཅིང་ཁ་དྲག་པ་ཡོད་པའི་ངང་ལས་ཡབ་སྙུང་གཞིས་བཏབ་སྟེ་སྐུ་གཤེགས་པར་ཉེ་བ་ན་ཡབ་ཀྱི་སྤུན་མིང་སྲིང་གཉིས་ལ་ཕྱི་ནང་གི་ནོར་རྣམས་བཅོལ་ཏེ་ཕྱིས་ཕ་ཤུལ་བུ་འཛིན་གྱི་ཁ་ཆེམས་བཞག་ནས་གཤེགས་སོ།།

དེ་ནས་རིམ་གྱིས་སྐུ་བསྐྱེད་ཆེར་བསྲིངས་པ་ན། ཡུམ་གྱིས་ཡབ་སྤུན་དང་ཡུལ་དེར་ཡོད་པ་རྣམས་བསྡུས་ཏེ། ཡབ་ཀྱི་ཞལ་ཆེམས་བཀླགས་ཏེ་ནོར་བཅོལ་པོ་ཚུར་སྤྲོད་པ་དང་མཛེས་སེ་གཉེན་དུ་བླངས་ཏེ་ཁྱིམ་བཟུང་དགོས་བྱས་ཀྱང་མ་ཉན་པར་ཕྱི་ནང་གི་ལོངས་སྤྱོད་རྣམས་འཕྲོག་པ་ལ། སྡུག་བསྔལ་གྱི་བདེན་པ་ཕུལ་ཕྱིན་ཐུགས་ཉམས་སུ་བཞེས་ཤིང༌། དེར་ཡུམ་གྱིས་ཡུལ་མི་རྣམས་ཀྱི་བལ་ལས་བཀལ་བའི་གླས་ཉིད་ལྕམ་སྲིང་གསོས་ཏེ། སློབ་དཔོན་རྙིང་མ་བ་གཅིག་ལ་ཡི་གེ་བསླབས་ཤིང༌། དེའི་ཚེ་གླུ་ལེན་ཅིང་བྱོན་པས་སྲང་མདོར་ཡུམ་དང་མཇལ་བས། བུ་རང་རེ་མ་སྨད་ལས་སྡུག་བསྔལ་བ་ས་ཐོག་ན་མེད་པ་ལ་ཁྱོད་གླུ་ལེན་པ་དྲན་པ་རང་འདུག་གམ་ཞེས་ངུས་པས། ཉིད་ཀྱང་ཐུགས་མུག་སྟེ། འོ་ན་ངས་ཇི་ལྟར་བྱ་ཞེས་གསུངས་པས། ཡུམ་གྱིས་མཐུ་འདྲ་བསླབ་ན་ཡོང་ངམ་ཟེར་བས། དེར་མཐུ་སློབ་པར་ཁས་བླངས་ཏེ། ཡུམ་གྱིས་ཀ་ཅ་གང་ཡོད་རྣམས་ཀྱིས་རྟ་གཅིག །ཚོས་ལྟང་གཉིས་ཁུག་པ་བསྐུར་ནས། གཞན་ནས་ཡོང་བའི་ཟླ་གྲོགས་འགའ་ཞིག་དང་བཅས་གུང་ཐང་གི་སྨད་བར་ཡུམ་གྱིས་སྐྱེལ་ཐུང་བྱས་ཏེ། བུ་ཁྱོད་ཡུལ་དུ་ལོག་རྩིས་མ་བྱེད་པར་དགྲ་རྣམས་ཁ་ཕུང་ཐེམ་ངེས་པ་རེམ་ཞིག་བྱས་ནས་ཕན་ཚུན་ཕྲེང་བཞིན་པའི་ངང་ལ་གྱེས་ཏེ། དབུས་གཙང་དུ་ལམ་བར་ཐམས་ཅད་མཐུ་སུ་ཆེ་ཞེས་དྲིས་པས། ཡར་ཀླུང་གི་གཡུང་སྟོན་ཁྲོ་རྒྱལ་ཆེ་ཞེས་ཐོས་པར། དེར་བྱོན་ནས་ཕྱག་རྟེན་རྣམས་ཕུལ་ཏེ་ལོ་རྒྱུས་ཞུས་པས། ཁྱོད་ཀྱི་གཏམ་དེ་ལ་བརྟག་པར་བྱ་གསུངས། སླར་གཡུང་སྟོན་པའི་ཞལ་ནས་མཐུ་སློབ་ཟེར་བ་མང་པོ་བྱུང་སྟེ། ཁྱོད་ལས་སྙིང་རྗེ་བ་མ་བྱུང་བར་ངེས་པར་མཐུ་སློབ་དགོས་པར་འདུག་གསུངས་ནས། འབུལ་ཆས་དང་ཡི་གེ་བསྐུར་ནས་རྟ་ནག་ཏུ་ལྷ་རྗེ་སྣུབས་ཆུང་གི་དྲུང་དུ་བཏང་བས། དེར་ཕྱག་རྟེན་ཕུལ། ལོ་རྒྱུས་ཞུས་པས་སྒྲུབ་ཁང་བཙན་པོ་ཞིག་བརྩིགས་ནས་དེར་གཟའ་གདོང་དམར་ནག་གི་དྲག་སྔགས་བསླབས་ནས་བསྒྲུབས་པས། ཞག་བདུན་ཕྲག་གཉིས་ལ་འགྲུབ་སྟེ་བཀའ་སྲུང་རྣམས་ཀྱིས་མིའི་དོན་སྙིང་དམར་ཙ་རེ་བ་སུམ་ཅུ་སོ་ལྔ་ཁྱེར་ནས་སྒྲུབ་རྟེན་གྱི་མཐར་སྤུངས་པ་གཟིགས། དེར་ཡུལ་དུ་ཕ་སྤུན་རྣམས་བག་སྟོན་ལ་ཚོགས་པའི་དུས་ཆོ་འཕྲུལ་དུ་མ་དང་བཅས་མཁར་འགྱེལ་བའི་བརྡིབས་འོག་ཏུ་ཕོ་མོ་སུམ་ཅུ་སོ་ལྔ་འཆི་བདག་གི་ལྟོ་བར་བཅུག །དེར་ཡུལ་མི་རྣམས་གྲོས་བྱས་ནས། ཐོས་པ་དགའ་གསོད་པའི་གཤེད་མ་གཏོང་དགོས་ཟེར། ཡུམ་གྱིས་རྣལ་འབྱོར་པ་ཞིག་ཐབས་མཁས་ཀྱིས་གསེར་དང་ཡི་གེ་བསྐུར་ནས། བུ་སྐྱེས་པ་ལ་དོན་བྱུང་མཐུས་རྟགས་ཐོན། ད་དུང་སེར་བ་ཕོབ་ཟེར་བའི་ཡི་གེ་འཕྲོད་ནས། སླར་གཡུང་སྟོན་དྲུང་དུ་བྱོན་སེར་བའི་གདམས་ངག་ཞུས་ཤིང་བསྒྲུབས་ནས། ཡུལ་དུ་བྱོན་སེར་བ་གྱང་རིམ་གསུམ་ཕབ། ད་དུང་ཕུ་རུ་གཏད། མདའ་རུ་སེལ་བྱས་ནས་ཡུལ་ཁམས་བརླག་པར་བྱེད་དོ། །ཞེས་ཟེར་བའི་ངག་འཕྲིན་བཏང་བས། ཀུན་འཇིགས་ནས་ཡུམ་སོགས་ལ་འཚེ་བ་བྱེད་མི་ནུས་པ་བྱུང༌། དེ་ནས་དབུས་སུ་གཡུང་སྟོན་པའི་དྲུང་དུ་བྱོན་ནས་ཞབས་ཏོག་མཛད་ཅིང་བཞུགས་སྐབས་སྔོན་བྱས་ཀྱི་སྡིག་པའི་ལས་ལ་འགྱོད་ནས་ཆོས་ཤིག་མཛད་དགོངས་པ་བྱུང་བ་དང༌། བླ་མ་ཡང་གཞན་རྐྱེན་གྱིས་སྐྱོ་བ་སྐྱེས་པ་དང་དུས་མཚུངས་ཆོས་ལ་འབད་པ་བསྐུལ་བར། རྒྱགས་དང་བཅས་གཙང་རོང་གི་རོང་སྟོན་ལྷ་དགའི་དྲུང་དུ་བྱོན་ཆོས་ཞུས་ནས་བསྒོམས་པས་བླ་མའི་ཞལ་ཕོ་ལ་བརྟེན། ལེ་ལོའི་ངང་ཆོས་དང་གང་ཟག་ཐ་དད་དུ་སོང༌། དེར་བླ་མས་ཁྱེད་རང་ཆོས་སྙིང་ནས་བྱེད་ན། ལྷོ་བྲག་གྲོ་བོ་ལུང་གི་དགོན་པ་ན། རྒྱ་གར་གྱི་གྲུབ་ཆེན་ནཱ་རོ་པའི་དངོས་སློབ་སྒྲ་བསྒྱུར་མར་པ་ལོ་ཙཱ་ཞེས་སྐྱེས་མཆོག་འགྲན་ཟླ་དང་བྲལ་བ་ཞིག་བཞུགས་པ་དེར་སོང་ཞིག་ཅེས་གསུངས་པར་མར་པའི་མཚན་ཐོས་མ་ཐག་མོས་གུས་བཟོད་གླགས་མེད་པ་བྱུང༌། རྩེ་གཅིག་ཏུ་དེར་སྙེགས་ཏེ་བྱོན་ནས། ལྷོ་བྲག་གི་མདའ་རུ་མི་རྣམས་ལ་འདྲི་བཞིན་བྱོན་པས། ཆོས་ལ་སྒང་ནས་གདན་ས་མཇལ་བ་དང་བྱིས་པ་འགའ་ལ་དྲིས་པས་མི་ཤེས་ཟེར། གཅིག་ན་རེ་ངེད་ཀྱི་ཨ་ཁུ་བློ་གྲོས་ལ་ཟེར་བ་འདུག །ཁོང་ནི་ལུང་པ་འདི་ཡི་ཕུ་ན་ཡོད་ཟེར་བས། དེར་ཕྱིན་པའི་ཚེ་འཕྲུ་སློག་པའི་རྣལ་འབྱོར་པ་ཚོན་པོ་གཅིག་འདུག་པ་ལ། མར་པ་ལོ་ཙཱ་བྱ་བ་གང་ན་བཞུགས། དྲིས་པས་ཅི་བྱེད་ཟེར་བ་ལ། ཆོས་ཞུ་བ་ཡིན་ཅེས་ཞིབ་ཏུ་ཞུས་པས། ལོ་ཙཱ་བ་ཉེ་ལམ་ཞིག་ན་ཡོད་དེ། ང་མིན་པས་མི་ཤེས་ཟེར་བ་ལ། གྲོགས་མཛད་པར་ཞུ་སྨྲས་པས། ས་རིས་ཅིག་འཐེན་ནས་འདི་ཚར་དང་གྲོགས་བྱ་ཟེར་མྱུར་དུ་བརྐོས་པས། བུ་ཁྱོད་ལས་འོང་བར་འདུག་ཟེར་ནས་ཆང་གཅིག་ཀྱང་བྱིན། དེ་ནས་སྔགས་པ་དེ་ནང་དུ་སོང་བའི་རྗེས་སུ་འབོད་མཁན་བྱུང་བས་ཕྱིན་པའི་ཚེ། ལྷན་ཅིག་འགྲོགས་པའི་སྔགས་པ་དེ་དང་མཇལ་བའི་ཚོམ་མེ་ལུས་པའི་ཚེ། ཁྱོད་འདོད་པ་དེ་ང་ཡིན་གསུངས། ཕྱག་འཚལ་ཞིང་ལུས་ངག་ཡིད་གསུམ་འབུལ་བ་མཛད། ལྷོ་བྲག་གི་མདར་བསོད་སྙོམས་བསླངས་པའི་ཟངས་དཀར་ལུང་བཞི་མ་གཅིག་ཉོས་ནས་ཕུལ་བས་སྦ་བེར་གྱིས་བརྒྱབ་ཅིང་མར་ཁུས་བཀང་ཕྱིས་ལུང་བསྟན་མཛད། ཆོས་གནང་དགོས་ཞུ་བ་ཕུལ་བ་དང༌། ལ་ཡག་པའི་མི་ངན་འགའ་རེས་ཁོ་བོའི་སློབ་མ་བཅོམ་པས། སེར་བ་དང་མཐུ་ཐོངས་གསུངས་པས། སེར་བ་ཕབ་མཐུ་བཏང་ནས་གདམས་པ་ཞུས་པས། ཁྱོད་ཀྱིས་སེར་བ་རྡོག་པོ་གསུམ་ཕབ་པ་ལ། ཁོ་བོས་དཀའ་ལས་བྱས་ཤིང་རྒྱ་གར་ནས་བླངས་པའི་དམ་ཆོས་དེ་ཨེ་ཡོང་ངམ་གསུངས་གནང་དུ་མ་འདོད། དེ་ནས་རྗེ་མར་པས་སྐུ་མཁར་བརྩིག་པ་བཞེད་ནས། རིའི་སྣ་ཀུན་ཏུ་མཁར་ཟླུམ་པོ་ཟླ་གམ་གྲུ་གསུམ་ལ་སོགས་པ་བརྩིག་ཏུ་བཅུག་ཅིང་ཕྱེད་ཙམ་རེ་ལོངས་པ་ན། ས་ས་མལ། རྡོ་རྡོ་མལ་བསྐྱེལ་དུ་བཅུག །དེ་ནས་མཁར་དགུ་ཐོག་གྲུ་བཞི་པ། རྩེ་མོ་གཉྫི་ར་ཡོད་པ་གཅིག་བརྩིགས་པའི་ཚེ། ཉིད་ཀྱི་སྐུ་སྟོད་ལ་རྨ་དང་སྣག་ཁྲག་ཆུའི་རྒྱུན་བཞིན་བབས་ཤིང༌། སོར་མོ་རྣམས་ཀྱང་རྨ་དང་ཟླུམ་པོར་སོང༌། བར་བར་དུ་ཡུམ་བདག་མེད་མའི་མེ་བུས་ཐལ་ཕྱགས་ཞོ་དཀྲོགས་ཚུན་གྱི་ཞབས་ཏོག་བསྒྲུབས་པར་མཛད་པས། ཡུམ་གྱིས་བླ་མ་ལ་ཆོས་ཞུ་ངོ་སྒྲོན་པའི་བླ་མ་མར་པའི་ཞལ་ནས། བུ་མཐུ་ཆེན་ཁྱོད་སྤེའུའི་ལག་ངར་ཙམ་བརྩིགས་པ་བས། ངའི་པཎ་ཆེན་ནཱ་རོ་པ་དེས་ཆོས་ཕྱིར་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བརྒྱད་ཅུ་སྤྱད་པ་ཡིན། ཁོ་བོས་ཀྱང་ལུས་སྲོག་ལ་མ་བལྟས་པར་རྒྱ་གར་དུ་ཕྱིན། ནོར་ལ་མ་བལྟས་པར་གསེར་འཕངས་མེད་དུ་ནཱ་རོ་པ་སོགས་བླ་མ་རྣམས་ལ་ཕུལ་ནས་གདམས་པ་ཞུས་པ་ཡིན་པས། ཁྱོད་ཀྱིས་ཡོང་བ་དཀའ་མོ་ཡིན་གསུངས། གཙང་རོང་ནས་མེས་སྟོན་ཚོན་པོས་བདེ་མཆོག་དང༌། དོལ་གྱི་ཚུལ་སྟོན་དབང་ངེས་གསང་འདུས་དབང་ཞུས་དུས་དང༌། རྔོག་སྟོན་ཆོས་རྡོར་གྱིས་དགྱེས་རྡོར་གྱི་དབང་ཞུ་དུས་ཡུམ་གྱི་དབང་ཡོན་ལ་གཡུ་གཅིག་གནང་ནས་ཕུལ་བའི་ཚེ་ཕྱག་འབེབས་དང༌། དབང་གྲལ་ནས་བཏོན་པ་སོགས་བཀའ་བཀྱོན་དྲག་པོ་མང་དུ་བྱུང་ཡང་མ་དད་པ་ཅུང་ཟད་ཙམ་ཡང་མ་སྐྱེས། དེ་ནས་མཁར་གྱི་ཁྱམས་དང་བཅས་གྲུབ་ཏུ་ཉེ་བ་ན། ཚེས་བཅུའི་ནུབ་རྗེ་མར་པ་ཕུད་ཀྱིས་བད་ནས་མནལ་དུ་སོང་བའི་ཚེ། ཡུམ་གྱིས་ནཱ་རོའི་རྒྱན་དྲུག་ཐུགས་དམ་པདྨའི་འཕྲེང་བ་གནང་ནས། ཕྱག་རྟགས་ཡིག་རྫུས་མཛད་དེ་རྔོག་གི་དྲུང་དུ་བརྫངས་ཏེ་ཆོས་ཞུས་པས་རྔོག་ཤིན་ཏུ་དགྱེས། མཐུ་ཆེན་ཡོང་བ་ལེགས། དོལ་གྱི་ཡལ་མོ་བས་ངའི་འབྲོག་རུ་ཁྱེར་བས་སེར་བ་ཕོབ་གསུངས། ཕབ་པས་ཐམས་ཅད་བརླགས་པར་གྱུར་ཏེ། ཤིང་ཕུང་གཅིག་གི་རྩ་བ་ན་བྱིའུ་རོ་ཐུ་བ་གང་རྙེད་པ་བླ་མའི་དྲུང་དུ་སྤུངས་ཏེ། ང་ཆོས་ལ་ཡོང་བས་དམྱལ་བར་འགྲོ་བའི་གཏིང་ཨེ་ཟབ་བལྟ་བ་འདྲ་བ་ཞིག་བྱུང་ཞེས་བཤུམས་པས། བུ་བླ་མའི་དོན་ཡིན་པས་ཁྱོད་ལ་སྡིག་པ་མི་ཡོང་གསུངས་ནས་སེ་གོལ་གཅིག་གཏོགས་པས་ཐམས་ཅད་རྩི་དི་རི་བྱ་རྣམས་འཕུར། བྱི་བ་རྣམས་ས་ལ་འཛུལ་སོང་བར་སེམས་ལ་ཕན་པ་བྱུང༌། དེ་ནས་དགྱེས་རྡོར་གྱི་དབང་བསྐུར་ཞིང་གདམས་པ་གནང་ནས་བསྒོམས་ཀྱང་བསྐྱེད་མ་བྱུང་བས། རྗེ་མར་པའི་བཀའ་མེད་པས་ལན་པར་མཁྱེན། རྔོག་པས་སྐུ་གསུང་ཐུགས་རྟེན་ཕྱི་ནང་གི་ནོར་རྫས་དུ་མ་བསྣམས་ཏེ་མར་པའི་དྲུང་དུ་འབུལ་བར་བྱོན་པ་དང་མཉམ་དུ་བྱོན། སྲས་མཁར་གྱི་དགའ་སྟོན་ལ་ཚོགས་པ་དང༌། རྗེ་མར་པས་བཀྲ་ཤིས་མངའ་གསོལ་གྱི་མགུར་གསུངས་པའི་རྗེས་སུ། ཉིད་དང་རྔོག་ཡུམ་བཅས་ལ་བཀའ་བཀྱོན་དྲག་པོ་གནང་བའི་མཐར། བུ་ཁྱོད་ལས་ཅན་གྱི་སློབ་མ་ཡིན། ཁོ་བོས་བརྡུངས་ཐག་དཀའ་སྤྱད་རྣམས་ཁྱོད་ཀྱི་སྡིག་པ་དག་པའི་ཕྱིར་བགྱིས་པ་ཡིན། ད་ངས་རྗེས་སུ་བཟུང་སྟེ་ཆོས་བགྱི་བ་ཡིན་པས་དགའ་བར་གྱིས་གསུངས་ནས། དབུ་ལོ་བཞར་ཏེ་མཚན་རྡོ་རྗེ་རྒྱལ་མཚན་དུ་བཏགས། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བའི་གསང་མཚན་བཞད་པ་རྡོ་རྗེར་བཏགས་པའི་ཚེ། ནམ་མཁའ་ལ་དཀྱིལ་འཁོར་ཞལ་གཟིགས་ཏེ། འདག་སྦྱར་གྱི་ཁོངས་ནས་གདམས་ངག་མ་ལུས་པ་གནང་ཞིང༌། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལྔ་གནང་ནས། བཞི་ཁྱོད་ཀྱིས་ལོངས་གསུངས། དེའི་རྗེས་སུ་ནཱ་རོ་པའི་གདམས་ངག་རྣམས་ལ་ལྷག་ཆད་དང༌། ཕྲི་བསྣན་ཡོད་རེའི་དབུ་བསྙུང་བཞེས་ནས། ནཱ་རོ་པའི་ལུང་བསྟན། རིགས་བརྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་བརྒྱུད་ཆུ་བོའི་གཞུང་ལས་རིང༌། །གསུངས་པའི་དོན། རྨི་ལམ་བཀའ་བཞིའི་མགུར་བུ་ཆེན་རྣམས་ལུང་བསྟན་ནས། ནང་པར་མི་ལའི་སྙིང་གར་ཕྱག་མཁར་བཙུགས་ཏེ་ཁོ་བོས་རྒྱ་གར་ལན་གསུམ་བསྐོར་ཏེ་དཀའ་བ་སྤྱད་པའི་ཆོས་རྣམས་ཁྱོད་ལ་གཏད་དོ་གསུངས་ནས། དེ་ནས་བསྒྲུབ་པ་ལ་བཞུགས་པའི་ཚེ། ཉིད་རྨི་ལམ་ངན་པའི་རྐྱེན་གྱིས་ཡུམ་དྲན་ནས་ཡུལ་དུ་འགྲོ་བར་ཞུས་པའི་ཚེ། ཁྱོད་ཡུལ་དུ་སོང་ཡང་མ་དང་མི་ཕྲད། སྒོ་ང་མའི་དྲོད་ལ་འཚར་དགོས་པ་ཡིན་ཀྱང༌། ཡུན་རིང་ལོན་པའི་སྐྱོ་བར་གྱུར་ན་སོང་ལ། ཡུལ་དུ་ཞག་བདུན་ལས་མང་བ་མ་སྡོད། དེང་སང་བསྟན་པའི་སྙིགས་མ་ཚེ་ཐུང་ཞིང་བདུད་རིགས་ཁ་རྒྱས་པས། ཡུན་རིང་གི་ལོང་མེད། གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ཤིང་སྒྲུབ་པ་སྙིང་པོར་ལོངས། རེ་ཞིག་རྩ་རླུང་གི་གེགས་ཤིག་ཡོང་བས་དེ་དུས་འདི་ལྟོས་གསུངས་ནས་བེ་བུམ་གཅིག་གནང་ནས། བླ་མ་ཡབ་ཡུམ་འཁོར་དང་བཅས་པས། བསྐོས་དཀར་ལ་ཁའི་བར་བསྐྱེལ་མ་མཛད། ཕན་ཚུན་འཕྲེང་བའི་སྐྱོ་ཤས་ཀྱིས་མཆི་མས་གང་ནས་ཕྱི་འགྲོས་ཀྱིས་ངང་ནས་བྱོན་ནས་ཞག་གསུམ་སོང་བས་ཡབ་ཡུལ་དུ་ཕེབས་པས་ཚངས་མང་འགྱེལ། ཡུལ་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟ་བུར་སོང་ནས་འདུག །ཚངས་མང་གི་ནང་ཞིག་ཏུ་སའི་ཕུང་པོ་སྔོ་སྐྱེས་པ་ཞིག་འདུག་པར་གཡེངས་པས། ཡུམ་གྱི་རུས་པ་རྣམས་སྐྱ་སེང་ངེ་ཐོན་པར། རྗེ་མར་པས། ཕ་ཡུལ་ཞེན་པའི་མཁར་ཞིང་ན། །མི་རྟག་སྒྱུ་མའི་སློབ་དཔོན་ཡོད། །ཞེས་གསུངས་པའི་དོན་ངེས་ཤེས་འདྲོངས་ནས་ཐུགས་ལྷག་པར་སྐྱོ་བར་གྱུར་ནས་ཡུམ་གྱི་རུས་པ་ལ་སཙྪ་བཏབ། དེ་ནས་ཡུལ་གྱི་རྒྱ་རིར་ཕུག་པ་ཞིག་གི་ནང་བསྒོམ་པའི་ཚེ། ཨ་ནེའི་དྲུང་དུ་བསོད་སྙོམས་ལ་བྱོན་ནས། སྤྲང་པོ་བླ་ཚོང་ཟེར། ཁྱི་བཀྱེ། བེར་ཀས་བརྒྱབ་ཅིང་ཀོ་མོག་ཏུ་འགྱེལ་བའི་ཚེ། གཉེན་འདུན་ལ་ཁོ་ཐག་ཆོད་པའི་མགུར་མ་རྣམས་གསུངས། ཨ་ཁུའི་རྩར་བྱོན་པས་མདའ་རྡོའི་ཆར་ཕབ། དེ་ནས་བྲག་དཀར་སྤོ་མཐོ་ལ་བྱོན་ནས་ཞིམ་མངར་ཟས་ཀྱི་འཁྲི་བ་བཅད་དེ། ཟྭའི་འཚོ་བ་ལ་བརྟེན་ནས་སྒྲུབ་པ་མཛད་པའི་དུས། རེ་ཞིག་ན་ལྕམ་སྲིང་པེ་ཏ་མགོན་སྐྱིད་དང་མཇལ། དེར་སྤྲང་ཟས་དང་སྐྱུར་གསུམ་གྱི་ལྷག་མ་དྲངས་པའི་ཚེ། རྗེ་བཙུན་སྐུ་ཁམས་བརྟས་ཏེ་སྒྲུབ་པ་བརྙེས་སོ། །དེ་ནས་བྲག་དམར་འཆོངས་ལུང་དུ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་དམ་ལ་བཏགས་པ་བླ་མ་དྲན་དྲུག་གི་སྐོར་གསུངས། དེ་ནས་བླ་མའི་བཀའ་བསྒྲུབ་ཕྱིར་ལ་ཕྱི་ལ་བྱོན་ནས་ལྷ་ཆེན་ཚོགས་བདག་དམ་ལ་བཏགས་པ་ལ་ཕྱི་ཆུ་བཟང་གི་སྐོར་གསུངས། དེའི་ཕྱི་ལོ་ལ་ཕྱི་གནས་མཐིལ་དུ་བྱོན་པ་ལ་བརྟེན་ནས་ཡོངས་སུ་གྲགས་པའི་གངས་མགུར་ཆེན་མོ་གསུངས། དེ་ནས་བླ་མའི་བཀའ་བསྒྲུབ་ཕྱིར་མང་ཡུལ་གྱི་རི་བོ་དཔལ་འབར་དང༌། བལ་ཡུལ་གྱི་ཡོལ་མོ་གངས་རར་འབྱོན་དགོངས་ནས། སླར་ཡང་གུང་ཐང་ལ་བྱོན་པས་ལིང་པ་བྲག་ལ་ཐུགས་སོང་སྟེ་དེར་རེ་ཞིག་བཞུགས་པས་ལིང་པ་བྲག་སྲིན་མོའི་སྐོར་གསུངས། དེ་ནས་རི་བོ་དཔལ་འབར་གྱི་འདབ་རག་མ་བྱང་ཆུབ་རྫོང་དུ་བསེའི་ལྷ་མོ་གཅིག་དང་རག་མའི་གཞི་བདག་དམ་ལ་བཏགས་པའི་སྐོར་གསུངས། དེ་ནས་རྐྱང་འཕན་ནམ་མཁའ་རྫོང་དུ་བཞུགས་ནས་མི་མ་ཡིན་མང་པོ་ལ་ཕན་འདོགས་མཛད། དེ་ནས་ཡོལ་མོ་གངས་ར་ལ་བྱོན་ནས་སིང་ག་ལ་ཡི་ནགས་གསེབ་སྟག་ཕྲུག་སེང་གེ་རྫོང་དུ་བཞུགས་ཏེ། དེར་ཡང་མི་མ་ཡིན་དང་མི་འགའི་དོན་མཛད། དེར་བོད་ལ་སོང་དང་རི་ཁྲོད་དང་དབེན་པར་སྒོམ་བཞིན་པའི་ངང་ནས་འགྲོ་བའི་དོན་གྱིས་ཤིག་བྱ་བའི་ལུང་བསྟན་བྱུང་བ་ལྟར་བོད་ལ་བྱོན་ནས་སྐུ་ཐང་གི་ཕུག་ཞིག་ཏུ་ཕུག་རོན་གྱི་སྐོར་གསུངས། གཉིས་པ་ཐུགས་སྲས་རྣམས་དང་མཇལ་ཚུལ་ནི། དེ་ནས་བྲག་སྐྱ་རྡོ་རྗེ་རྫོང་དུ་བཞུགས་ནས་སེམས་ཅན་མང་པོའི་དོན་མཛད་ཚེ། ཡུམ་རྡོ་རྗེ་རྣལ་འབྱོར་མས་རྗེ་བཙུན་ལ་སྤྱིར་གྱི་བུ་སློབ་རྣམས་འབྱུང་བའི་ལུང་བསྟན། ཁྱད་པར་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་ངག་ལེན་པའི་སློབ་མ་རས་ཆུང་རྡོ་རྗེ་གྲགས་པ་གནས་དང་བཅས་པ་ལུང་བསྟན་ཏེ། གུང་ཐང་ར་ལའི་ཕུ་ཟ་འོག་ཕུག་ཏུ་བཞུགས་པས་ཐུགས་སྲས་རས་ཆུང་པ་དང་མཇལ། དེ་ནས་རས་ཆུང་པ་རྒྱ་གར་ལ་བསྙུན་གཞི་འཆོས་སུ་བྱོན་ནས། ཡང་དཔོན་སློབ་གཉིས་མཇལ་ཏེ། རོན་ཕུའི་འོད་གསལ་ཕུག་ཏུ་རྩ་ཕུ་རས་པ་དང་མཇལ། དེ་ནས་རག་མ་བྱང་ཆུབ་རྫོང་དུ་བྱོན་པས་རས་པ་སངས་རྒྱས་སྐྱབས་དང་མཇལ། དེ་ནས་བྱོན་ཏེ་སྙ་ནམ་གྲོད་ཕུག་ཏུ་བཞུགས་པའི་ཚེ། སྔ་ནས་དད་བཞིན་པ་སྐྱོ་སྟོན་ཤཱཀྱ་གུ་ཎ་ལ་དབང་དང་གདམས་པ་གནང་ནས་སྨིན་གྲོལ་ལ་བཀོད། དེ་ནས་བྱང་སྟག་སྒོ་བྱོན་ཚེ་ཕར་རེས་གཅུང་གི་གད་པ་སླེ་གསུམ་དུ་ཉ་མ་དཔལ་དར་འབུམ་དང་མཇལ། ཚུར་རེས་གཡས་རུ་བྱང་གི་མགྲོན་ཁང་ཞིག་ཏུ་སེ་བན་རས་པ་དང་མཇལ། དེ་ནས་ལ་སྟོད་རྒྱལ་གྱི་ཤྲཱི་ལ་སྒོམ་དུ་བྱོན་པས་འབྲི་སྒོམ་རས་པ་དང་མཇལ། དེ་ནས་སྟོན་རོ་སྙོམས་ཀྱི་ལྡོམ་བུ་ལ་བྱོན་པས་ཆུ་མིག་དངུལ་འབུམ་དུ་རས་པ་ཞི་བ་འོད་དང་མཇལ། དེ་ནས་ལྕིམ་ལུང་དུ་སྦ་ལྕགས་ཀྱི་སྐོར་ལ་ངན་རྫོང་རས་པ་མཇལ། དེ་ནས་ལ་ཕྱི་ལ་བཞུགས་པའི་ཚེ་བླ་མས་ལུང་བསྟན་པ་ལྟར་མཁའ་འགྲོས་བསྐུལ་ཏེ་ཏི་སེ་ལ་བྱོན་པའི་ལམ་དུ་དམ་པ་རྒྱག་པུ་པ་དང་མཇལ། དེ་ནས་ཡར་བྱོན་ཏེ་གློ་བོ་ཀོ་རེ་ལ་ཐོག་གི་སྐོར་ལ་མཁར་ཆུང་རས་པ་དང་མཇལ། དེ་ནས་དགུན་སྤུ་རངས་ཀྱི་རོང་འབྲི་རྩེའི་གངས་འདབས་སུ་བཞུགས་དུས་རས་པ་དར་མ་དབང་ཕྱུག་མཇལ་ཏེ། སོས་ཏི་སེ་ལ་བྱོན་ནས་ནཱ་རོ་བོན་ཆུང་རྫུ་འཕྲུལ་གྱིས་ཟིལ་གྱིས་གནན་པ་ཏི་སེའི་སྐོར། དེ་ནས་མར་བྱོན་སླར་ཡང་བྲག་སྐྱ་རྡོ་རྗེ་རྫོང་དུ་བཞུགས་ནས་རོང་ཆུང་རས་པ་དང་མཇལ། དེ་ནས་མཁའ་འགྲོས་བསྐུལ་ཏེ་བྱོན་པའི་ལམ་དུ་སྦས་ཕུག་མ་མོ་རྫོང་གཟིགས། དེར་ཞག་ཤས་བཞུགས་པས་རྫི་བོ་ཞབས་ཕྱིར་འབྲེངས་པ་ལ་ལུག་རྫི་རས་པ་བྱ་བའི་རྟོགས་ལྡན་བཟང་པོ་ཞིག་བྱུང༌། དེ་ནས་ལ་ཕུག་པདྨ་རྫོང་དུ་གཤེན་སྒོམ་རས་པ་དང་མཇལ་ཏེ། ཕྱིས་གླང་སྒོ་ཀླུ་བདུད་རྫོང་དང་སྦས་ཕུག་མ་མོ་རྫོང་དུ་བཞུགས་ཚེ་ཞབས་ཏོག་ཀྱང་ཕུལ་དུ་ཕྱིན་པ་ཕུལ་བ་ཡིན། དེ་ནས་ཅོག་རོ་འབྲིང་མཚམས་ལ་བྱོན་པའི་སྐོར་ལ་རས་ཆུང་མ་དང་མཇལ། དེ་ནས་མོན་གཉི་ཤངས་འགུར་རྟ་ལ་བཞུགས་ཚེ་ཁྱི་ར་རས་པ་དང་མཇལ། དེའི་སྟོབས་ཀྱིས་རྗེ་བཙུན་གྱི་སྙན་གྲགས་ཆེན་པོ་བལ་ཡུལ་དུ་ཁྱབ་པ་དང༌། སྒྲོལ་མས་ལུང་བསྟན་ཏེ་བསྐུལ་བའི་སྟོབས་ཀྱིས་ཁོ་ཁོམ་རྒྱལ་པོས་མཆོད་པར་གྱུར། དེ་ནས་རས་ཆུང་པ་དང་གཤེན་སྒོམ་རས་པས་སྤྱན་དྲངས་ནས་ལ་ཕྱིའི་མདོ་སྙན་གཡོན་ཕུག་ཏུ་བཞུགས། དེའི་ཕྱི་ལོ་མཆོང་ལུང་བྲག་ལ་བཞུགས། དེ་ནས་ཆུ་བར་བྱོན་པས་ཚེ་རིང་མའི་སྐོར་གསུམ་རིམ་པར་གསུངས། དེ་ནས་བྲིན་ལྡིང་མར་བྱོན་པའི་ཚེ་རས་པ་རྡོ་རྗེ་དབང་ཕྱུག་དང་མཇལ། དེ་ནས་རྗེ་བཙུན་དཔོན་སློབ་ཀྱིས་སྙ་ནམ་གྲོད་ཕུག་ཏུ་བཞུགས་པའི་ཚེ། རྒྱ་གར་གྱི་དྷརྨ་བྷོ་དྷི་དང་བལ་པོ་རྫོང་དུ་མཇལ་བས། རྗེ་བཙུན་ལ་ཕྱག་ཕུལ། དེས་སྐུ་བསོད་རྒྱས་པའི་སྟོབས་ཀྱིས། མཚན་ཉིད་ཀྱི་སྟོན་པ་དར་བློས་ཕྲག་དོག་གིས་རྩོད་པ་བྱས་པས་རྫུ་འཕྲུལ་དང་ནུས་པས་བཟློག་པའི་སྐོར། དེའི་རྐྱེན་གྱིས་རས་ཆུང་ཏི་ཕུའི་སྐོར། དེའི་བར་ལ་གྲོད་ཕུག་ཏུ་མེ་སྒོམ་རས་པ་དང་མཇལ། སྙ་ནམ་གནག་ཁྲར་རས་པ་ས་ལེ་འོད་དང་མཇལ། དེ་ནས་རྗེ་བཙུན་བྲག་དམར་སྤོ་མཐོར་བྱོན་ནས་བཞུགས་པ་ལས། རས་ཆུང་པ་ཚུར་འབྱོན་པ་གཟིགས་ནས་བསུ་རུ་བྱོན་ཏེ། གཡག་རུའི་སྐོར་དང་རྐྱང་མགུར་གྱི་སྐོར་གསུངས། དེ་ནས་ཆུ་བར་དུ་བྱོན་ནས་དྭགས་པོ་གླན་སྒོམ་རས་པ་དང་མཇལ། བྲིན་གྱི་སྤྲོ་བདེ་བཀྲ་ཤིས་སྒང་དུ་སྔོན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་ཐུགས་ཀྱི་སྲས་མཆོག་དམ་པར་གྱུར་པ་དགེ་སློང་རྡོ་རྗེ་འཛིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་འོད་གཞོན་ནུ་སེམས་ཅན་གྱི་དོན་དུ་མིར་སྐུ་སྐྱེ་བ་བཞེས་པ་མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ། དེ་ནས་ཆུ་དབར་གྱི་འོལ་ཆུང་ན་བཞུགས་པའི་ཚེ། སྔར་རྒོལ་དུ་བྱུང་བའི་ལོ་སྟོན་དགེ་འདུན་དང་མཇལ་ནས་རྗེས་སུ་བཟུང༌། དེ་ནས་སྐྱིད་ཕུག་ཉི་མ་རྫོང་ན་བཞུགས་པའི་ཚེ་བྲིན་གྱི་བྲེ་སྟོན་བཀྲ་ཤིས་དཔལ་དང་མཇལ། སྤྱོད་པ་མཛད་ཚེ་དགེ་འདུན་རྣམས་ཀྱི་ནང་ནས་ལི་སྐོར་ཕྱ་རུ་བ་ཕྱག་ཕྱིར་འབྲེངས་ནས་མཇལ་བ་ཡིན་ནོ། །རྗེ་བཙུན་རིན་པོ་ལ་ཆེ་མཁའ་འགྲོས་མིའི་བུ་སློབ་རྣམས་ཀྱི་ནང་ནས་གྲུབ་ཐོབ་རང་ཡང་ཉི་ཤུ་རྩ་ལྔ་འབྱུང་བ་ལུང་བསྟན་པ་དེ་རྣམས་ནི་ཐུགས་ཀྱི་སྲས་བརྒྱད། ཉེ་བའི་སྲས་བཅུ་གསུམ། དེ་རྣམས་ཀྱི་སྲིང་བཞི་རྣམས་ཡིན་ཞིང༌། དེ་དག་མཇལ་ཚུལ་ཀུན་ལ་སྐོར་ཚོ་ཆེན་པོ་རེ་རེ་ཡོད་པ་ལགས་སོ། །དེ་ནས་གསུམ་པ་ཁ་འཐོར་བ་སྣ་ཚོགས་ཀྱི་སྐོར་ལ། ནང་དང་གསང་སྔགས་ཀྱི་རྫོང་འགའ་ཞིག་ཏུ་ཐུགས་སྲས་རྣམས་དང་མཇལ་བའི་སྔ་ཕྱི་ངེས་མེད་དུ་གསུངས་པ་གྲྭ་བུ་སློབ་དང་ཉ་མ་འགས་ཞུས་ལན་གྱི་སྐོར་འགའ་རེ། སྒམ་པོ་པ་བཞུགས་དུས་བོན་པོ་རིའི་སྐོར། དེ་ནས་སྙ་ནམ་དུ་བྱོན་ནས་དབང་བསྐུར་དང་རབ་གནས་ཀྱི་སྐོར། རྩར་མར་གཤེན་རྡོར་མོ་དང་ལེགས་སེ་འབུམ་གྱི་སྐོར། དེ་ནས་འཆི་བྲོད་ཐིགས་ཚགས་མའི་སྐོར། དེ་ནས་རས་ཆུང་པ་དཔོན་སློབ་གཉིས་ལ་ཕྱི་བྱོན་ཚེ་བདུད་འདུལ་ཕུག་མོ་ཆེ་དང་སྐྱོ་སངས་ལ་བྱོན་པའི་སྐོར། དེ་ནས་ཡར་བྱོན་ཏེ་རམ་སྡིངས་གནམ་ཕུག་མའི་སྐོར། དེ་ནས་ཉ་མ་རྣམས་ཀྱིས་སྤྱན་དྲངས་ཏེ། སྙ་ནམ་གྲོད་ཕུག་ཏུ་བཞུགས་ཚེ་རྗེ་བཙུན་རང་གི་རྣམ་ཐར་གསུངས། དེ་རྗེས་རས་ཆུང་དབུས་བཞུད་ཀྱི་སྐོར། མཁའ་འགྲོ་སེང་གེའི་གདོང་ཅན་གྱིས་མཚམས་སྦྱར་ཏེ་ཐོང་ལར་དམ་པ་དང་མཇལ་བའི་སྐོར། ལས་ཞིང་དུ་གཤིན་དོན་ཐུགས་རྗེའི་ལྕགས་ཀྱུ་དང་ཡུམ་གྱི་དྲིན་ལན་གསབ་པའི་སྐོར། རྩར་མའི་ཉ་མ་སོགས་སྙ་ནམ་པ་རྣམས་ལ་མཇུག་གི་ཞལ་ཆེམས་ཀྱི་སྐོར། དེ་ནས་ཆུ་བར་དུ་བྱོན་པའི་སྐོར་ལ་དིང་རིར་ལྷ་རྗེ་གཡང་ངེའི་སྐོར། ཆུ་བར་དུ་ཕེབས་ནས་དབུས་བཞུད་ཕྱི་མའི་སྐོར། བྲིན་ལྷ་བྲོར་ཡོན་བདག་བཀྲ་ཤིས་བརྩེགས་ཀྱི་སྐོར། བྲིན་བྲག་མཁར་དུ་མཛེས་སེ་འབུམ་དང་ཁུ་བྱུག་ལ་སོགས་ཉ་མ་སྤྱིའི་སྐོར། བྲག་དམར་སྤོ་མཐོར་བདུད་བཞི་ལས་རྒྱལ་བ་དང༌། སྔགས་པའི་ཞུས་ལན་གྱི་སྐོར། བུ་སློབ་ཡོངས་ལ་སྤྲོ་བ་བསྐྱེད་པ་བཀོད་པ་རྫུ་འཕྲུལ་གྱི་སྐོར་ལ་སོགས་ཏེ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་ཆོས་འཁོར་བསྐོར་བའི་སྐོར་ཚོ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་མཐའ་ཡས་པའི་སྐལ་ལྡན་གྱི་སྐྱེས་བུ་དབང་པོ་རབ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་དཔག་ཏུ་མེད་པ་རྣམས་མགུར་འབུམ་རྒྱས་པ་ཉིད་དུ་བལྟ་བར་བྱ་བ་ལས་འདིར་མདོར་བསྡུས་ཙམ་ལས་ཡི་གེར་འབྲི་བར་མ་ལང་ངོ༌། །དེ་ལྟར་མཛད་པ་མཐའ་དག་རྫོགས་པའི་མཐར། སྙ་ནམ་དུ་དགེ་བཤེས་རྩ་ཕུ་བ་བྱ་བ་ཞིག་གིས་རྗེ་བཙུན་ལ་ཕྲག་དོག་སྐྱེས་ནས། རང་གི་ལུས་འབྲེལ་གྱི་མཛེས་མོ་ཞིག་ལ་གླ་རྔན་བྱིན་ནས་ཞོ་ལ་སྦྱར་དུག་བཏབ་སྟེ་ཞུས་པའི་ཚེ། རྗེ་བཙུན་གྱིས་ཁྱོད་ལ་སྡིག་པ་མི་ཡོང་ཁྱོད་ཀྱི་རྔན་པ་ཐོབ་ཕྱིར་ཁོ་བོ་འཆི་ཚུལ་སྟོན་པ་ཡིན་གསུངས་ནས། དགུང་ལོ་བརྒྱད་ཅུ་རྩ་བཞི་བཞེས་པའི་ཚེ་ཤིང་ཡོས་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བཞི་ཉིན་སྔ་ཐུན་དང་པོ་ལ་སྤྲུལ་པའི་དཀྱིལ་འཁོར་དག་པའི་དབྱིངས་སུ་ཐིམ་མོ། །དེའི་ཚེ་ལྷ་དང་མཁའ་འགྲོ་རྣམས་ཀྱིས་དངོས་མིས་མཐོང་བ། མཆོད་པ་འབུལ་བ་དང༌། མེ་ཏོག་གི་ཆར་ཐག་ཉེར་བོལ་ནུབ་ཙམ། རིང་སར་ས་མདོག་འགྱུར་ཙམ་བབས་པ་སོགས་ངོ་མཚར་མཐའ་ཡས་ཤིང་པུར་བཞུ་ཚེ་རས་ཆུང་པ་བྱོན་པར་མེ་ལྕེ་ཕྱག་གིས་མནན་ནས། བསྙུན་བྲལ་གྱི་སྐུར་བཞེངས་ཏེ། རས་ཆུང་པ་ཡར་ཤོག་གསུངས་པ་དང་གསུང་མགུར་ཡང་མཛད་ཅིང༌། སླར་སྐུ་ཡལ་བའི་ཚུལ་བསྟན་ཏེ་རྟེན་ཡང་བསམ་གྱིས་མི་ཁྱབ་པ་བྱོན་མོད་ཀྱང༌། པུར་རྡོར་འབྲུ་གསུམ་རང་བྱོན་ཞིག་མ་གཏོགས། རྟེན་ཙམ་དུ་མ་ཟད་པུར་ཁང་གི་ས་རྡོ་ཚུན་ཆད་ཀྱང་མཁའ་འགྲོ་མ་རྣམས་ཀྱིས་དར་གྱི་མདོ་ལིར་བཏེགས་ཏེ་མཁའ་སྤྱོད་དུ་གདན་དྲངས་སོ། །འདི་ཉིད་ལ་སློབ་མ། རས་ཆུང་རྡོ་རྗེ་གྲགས། རས་པ་ཞི་བ་འོད་སོགས་མང་དུ་ཡོད་ཅིང༌། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པ་ལྔ་ཙམ་དུ་བྱུང་བར་གྲགས་སོ།།  །།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།